ཁྲིམས་རྩོད་པ་ལྷ་མོའི་གཏམ་བཤད་ལས། 

ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས།  ང་བོད་ལྗོངས་ལྷ་མོ་ཁྲིམས་རྩོད་ལས་ཤག་གི་ཁྲིམས་རྩོད་པ་ལྷ་མོ་ཡིན། རྒན་སྒྲོལ་མ་སྐྱབས་ལགས་ཀྱིས་ང་ལ་དུས་ཡུན་རིང་བོ་ཞིག་གི་སྔོན་ནས་ང་ཚོའི་ཚོགས་པ་འདིའི་ནང་དུ་ཁྲིམས་ལུགས་དང་འབྲེལ་བའི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་སྐད་ཆ་ཁ་ཤས་བཤད་རོགས་གནང་གསུང་སོང་།  ཡིན་ན་ཡང་། དུས་ཚོད་ཡོད་མེད་དང་སྐད་ཆ་བཤད་རྒྱུ་གྲ་སྒྲིག་ཡག་པོ་ཡོད་མེད་ཀྱི་དབང་གིས་ད་ལྟ་བར་ཏུ་འགྱངས་སོང་།  དེ་རིང་ངས་གོ་སྐབས་འདི་བརྒྱུད་ནས་ང་ལ་གྲ་སྒྲིག་ཅུང་ཙམ་ཡོད་པ་དེ་མར་བཤད་ཀི་ཡིན་བསམ་བྱུང་། ང་ཚོའི་ཚོགས་པ་འདིའི་ནང་གི་མི་མང་ཆེ་བ་མདོ་སྨད་རྒྱུད་ཀྱི་སྤུན་ཟླ་ཡིན་པ་རེད།   ངས་མདོ་སྨད་སྐད་དང་དེའི་ནང་ནས་ཨམ་སྐད་ཅི་ཡང་ཤེས་ཀྱི་མེད་པ་ཡིན་དུས་དབུས་སྐད་ཐོག་ནས་བཤད་ཀིཡིན།  ག་ལེར་མ་ཞུས་ན་ངའི་དབུས་གཙང་སྐད་དེ་ཡང་དག་མོ་ཞེ་དྲག་མེད་པས་ཁྱེད་རང་ཚོས་ཀྱང་གོ་གི་མ་རེད། དེ་འདྲའི་སེམས་ཁྲལ་འདྲ་ཞིག་འདུག

ད་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཤིག་ཡོད་པ་དེ་གཏན་ཁེལ་རེད།  དེ་རིང་གི་བཤད་རྒྱུ་གཙོ་བོ་དེ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཞི་འཛིན་ས་ཡི་ཁྲིམས་ལུགས་ཡིན་ན་འདྲ། སྲིད་ཇུས་ཡིན་ན་འདྲ། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་བསམ་བློ་གཏོང་སྟངས་དེ་ག་འདྲ་ཞིག་ཡིན་པ་དེའི་སྐོར་ལ་བཤད་འདོད་ བསམ་བྱུང་།

ད་དེང་སང་ཀྲུང་གོ་ཡོངས་ལ་ག་རེ་བཤད་བཞིན་ཡོད་པ་རེད་ཟེར་ན།  མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་འཛུགས་སྐྲུན་དགོས་ཀྱི་ཡོད་ཟེར་གི་ཡོད་པ་རེད།  མཛེས་སྡུག་ལྡན་པའི་ཀྲུང་གོ་ཟེར་བའི་ཐ་སྙད་འདི་དེ་སྔོན་སྐབས་བཅུ་གཅིག་པའི་ཚོགས་འདུའི་ནང་དུ་ཐ་སྙད་དེ་བཏོན། མཛེས་སྡུག་ལྡན་པའི་ཀྲུང་གོ་གང་རེད་ཟེར་ན། དེ་ནི་གོ་བ་ལེན་བདེ་བོ་རེད།   ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཤད་ཀྱི་ཡོད་པ་རེད།  ཁོར་ཡུག་སྲུང་སྐྱོབ་བྱས་པ་དེ་འདྲའི་ཞིག་གི་རྨང་གཞིའི་སྒང་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་ང་ཚོའི་ཕུགས་བསམ་ཞིག་སྒྲུབ་དགོས་ཡོད་ཟེར་ནས། མ་ཟད་སྲིད་ཇུས་ཐོག་ནས་བཤད་ན་ཡང་དོ་སྣང་ཆེན་པོ་གནང་ཡོད་པས་མཐོན་པོ་ཞིག་ལ་བཞག་ཡོད་པ་དེ་འདྲ་ཞིག་གཞི་འཛིན་ས་འདུག

དེ་ནང་བཞིན་ཞི་ཅིན་ཕིང་ཀྲུའུ་ཞིས་ཀྱང་ལོ་མང་རིང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་བཀའ་སློབ་མང་པོ་གནང་ཡོད་པ་རེད། དེ་ནང་ལ་སོ་སོས་གོ་བ་ལེན་པ་ཡིན་ན། ཁོང་གི་བཀའ་སློབ་ཚང་མ་ང་རང་ཚོ་སོ་སོའི་སྐད་ལ་མར་ཕབ་ནས་བསྡུས་ཏེ་བཤད་པ་ཡིན་ན། ང་རང་གི་གོ་བ་ལེན་སྟངས་འདི་འདྲ་ཞིག་རེད།   ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་སྲུང་སྐྱོབ་ཀྱི་འགན་དེ་མི་རེ་རེ་དང་ད་ལྟའི་མི་རབས་འདི་ཙམ་མ་ཡིན་པ་མི་རབས་རྗེས་མ་ཡི་རྗེས་མས་ཀྱང་ཁུར་དགོས་པའི་ལས་ཀ་ཆེན་པོ་ཞིག་ཡིན་ཟེར་ནས་གསུངས་ཡོད་པ་དེ་འདྲ་རེད། དེ་བཞིན་དུ་དེའི་སྐོར་ལ་ཕྱག་ལས་ཀྱང་མང་པོ་གནང་ཡོད།

ད་ང་ཚོས་ཁྲིམས་ལུགས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཤད་པ་ཡིན་ན།  དང་པོ་ཁོར་ཡུག་ཟེར་བའི་ཐ་སྙད་དེ་ག་འདྲ་ཡིན་མིན་དེ་ངས་བཤད་འདོད་བྱུང་སོང་། ཁོར་ཡུག་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད་པ་རེད།  ང་ཚོ་འགྲོ་བ་མི་ཡི་གནས་ཆགས་ས་དང་་ཡར་རྒྱས་འགྲོ་སའི་ཐོག་ལ་བག་ཆགས་ཡོད་པའི་རང་བྱུང་གི་བཀོད་པའམ་ཡང་ན་མིས་བཟོ་བཅོས་བྱས་པའི་རང་བྱུང་གི་རྣམ་པ་མང་པོ་ཞིག་ཚུར་བསྡུས་ཡོད་པ་དེ་འདྲ་ཞིག་ལ་ཁོར་ཡུག་ཟེར་ནས་བཤད་ཀི་ཡོད་པ་རེད།  དཔེར་ན།  རླུང་ཁམས་ཆེན་པོ་ཟེར་བ་དེར་ཆུ་དང་མཚོ་དང་ས་ཞིང་། གཏེར་ཁ་དང་ནགས་ཚལ། རྩྭ་ཐང་།  རླན་ས། རི་དྭགས།    རང་བྱུང་གི་རྒྱུན་ཤུལ་དང་མིས་བཅོས་ཀྱི་རྒྱུན་ཤུལ། རང་བྱུང་སྲུང་སྐྱོབ་ཀྱི་ས་ཁུལ།  ཡང་ན། མཛེས་ལྗོངས་གྲགས་ཅན་གྱི་ས་ཁུལ།  དེ་ནང་བཞིན་གྱི་གྲོང་ཁྱེརདང་གྲོང་གསེབ་སོགས་ཚང་མ་དེའི་ནང་དུ་འདུས་ཡོད་པ་དེ་འདྲ་ཞིག་ལ་ཟེར་གྱི་ཡོད་པ་རེད།  ཁྲིམས་ལུགས་ནང་དུ་གསུངས་པའི་ཁོར་ཡུག་ཟེར་བ་དེ་འདྲ་ཞིག་རེད།

ད་ཁོར་ཡུག་སྲུང་སྐྱོབ་ཟེར་བ་ག་འདྲ་ཞིག་རེད་ཟེར་ན།   ཁོར་ཡུག་སྲུང་སྐྱོབ་དེ་ང་ཚོའི་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། དེ་ང་ཚོའི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་གསུང་ཡོད་པ་རེད།  དེ་འདྲ་ཡིན་དུས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་པོར་ཆགས་ཡོད་པ་རེད།  དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དེ་བཟོས་པ་དང་ལག་བསྟར་བྱས་པ་དེའི་གཞི་འཛིན་ས་རྩ་ཁྲིམས་རེད།  རྩ་ཁྲིམས་ནང་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གཏན་དབབ་བྱས་ཡོད་པ་རེད། 

དེ་རིང་ངས་ཁྲིམས་ལུགས་ནང་གི་ཐ་སྙད་དེ་རྣམས་ཉུང་དུ་བཏང་ནས་ནམ་རྒྱུན་གྱི་ཁ་སྐད་ངོས་ནས་མར་བཤད་ཀི་ཡིན།  དེ་འདྲ་ཡིན་དུས་ངའི་བཤད་པའི་ནང་དུ་མ་འགྲིག་པ་དང་། ཡང་དག་པ་མེད་པ་དེ་འདྲ་བྱུང་ན། ཁྱེད་རྣམ་པ་ཚོས་སྐྱོན་བརྗོད་གནང་རོགས་གནང་།  ད་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་ལ་གོ་བ་ཅི་ལྟར་ལེན་དགོས་ཟེར་ན།  ཁྲིམས་ལུགས་ཀྱི་ནང་དུ་གཏན་འབེབས་བྱས་ཡོད་པ་དེ་གཞི་བཟུང་བྱས་ནས་བཤད་ན།  གྲོན་ཆུང་བྱེད་རྒྱུ་དང་ཐོན་ཁོངས་འཁོར་བསྐྱོད་ཀྱིས་བཀོལ་སྤྱོད་བྱེད་པ།  སྲུང་སྐྱོབ་བྱ་རྒྱུ་དང་། ཇུས་ཡར་རུ་གཏོང་རྒྱུ། མཉམ་འབྲེལ་བྱེད་པ།  དེ་ནས་མི་དང་རང་བྱུང་ཁམས་གཉིས་ཀྱི་བར་ལ་འཆམ་མཐུན་ཡོང་བའི་ཆེད་དུ་དཔལ་འབྱོར་དང་ལག་རྩལ་སོགས་ཀྱི་སྲིད་ཇུས་རྣམས་ལག་ལེན་བྱ་རྒྱུ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་དེ་གཉིས་བར་ལ་འཆམ་མཐུན་ཡོང་བར་བྱེད་དགོས།

དང་པོ།   ཁོར་ཡུག་སྲུང་སྐྱོབ་ཟེར་བ་འདིའི་ནང་དུ་སྲུང་སྐྱོབ་བྱེད་རྒྱུ་དེ་གཙོ་བོ་ཡིིན་པ་དང་དེ་ནས་སྔོན་འགོག་བྱེད་རྒྱུ་ཡིན་པ་རེད།  དེ་ནས་ཕྱོགས་ཡོངས་ནས་ཉམས་གསོ་དང་མཉམ་ཞུགས་བྱས་ཏེ་གང་ཟག་དང་ཚན་པ་སུ་གང་གིས་ཁོར་ཡུག་ལ་གྱོང་གུད་བཟོས་ན་དེ་ལ་འགན་ཁུར་དགོས། དེ་ནི་དང་པོ་ཡིན།

གཉིས་པ།  འོས་འགན་གྱི་ཐོག་ནས་བཤད་ན། མི་སྒེར་དང་ལས་ཁུངས་སུ་ཡིན་ཡང་རུང་ཚང་མ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡོད་ཟེར་ནས་གསུངས་ཡོད་པ་རེད། ས་གནས་སོ་སོའི་ཁོར་ཡུག་གི་སྤུས་ཚད་དེ་ལ་འགན་ཁུར་དགོས་ཡོད། ཚོགས་པ་དང་ཁེ་ལས་དང་ཚོང་ལས་སོགས་ཀྱིས་ཐོན་སྐྱེད་ཀྱི་ལས་ཀ་ལས་སྐབས་ཁོར་ཡུག་ལ་བཙོག་པ་དང་སྐྱེ་ཁམས་ལ་གནོད་འཚེ་བྱས་པ་སྐབས་དོན་དེ་མེད་པར་བཟོ་དགོས་ཟེར། དེ་འདྲའི་བྱ་སྤྱོད་སྤེལ་བ་ཡིན་ན། ཁྲིམས་ཀྱི་འགན་ཁུར་དགོས་གསུངས་ཡོད།  སྤྱི་དམངས་ཤིག་གི་ངོས་ནས་བཤད་པ་ཡིན་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་བ་ལྟ་སྟངས་དེ་གོམས་དགོས། ནམ་རྒྱུན་གྱི་འཚོ་བའི་ནང་དུ་གྲོན་ཆུང་བྱས་པའི་འཚོ་བའི་ཐབས་ལམ་བེད་སྤྱོད་བྱེད་དགོས། རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་དེ་བྱེད་དགོས། དེ་འོས་འགན་ཡོད་པ་རེད། དཔེར་ན། སྣུམ་འཁོར་གཏོང་མི་དགོས་ན་མི་གཏོང་རྒྱུ་དང་ཁང་བ་ཐོག་རྩེག་སོགས་སུ་གློག་སྐས་སོགས་བེད་སྤྱོད་གཏོང་མི་དགོས་ན་མི་གཏོང་བ་ལ་སོགས་པ་དེ་འདྲ་རེད། 

གསུམ་པ།    ས་གནས་སྲིད་གཞུང་རིམ་པ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ནོར་སྲིད་ཀྱི་མ་རྩ་གཏོང་དགོས་ཡོད། རྐང་བཙུགས་ནས་ནོར་སྲིད་ཀྱི་མ་རྩ་སོགས་ཡོད་ས་རེད། དེ་ཁོར་ཡུག་སྲུང་སྐྱོབ་ཐད་ལ་གཏོང་དགོས་པ་རེད། དེ་ནས་སློབ་གྲྭ་དང་སློབ་གསོ་ཚན་པ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དོན་དང་ཤེས་བྱ་སློབ་སྦྱོང་བྱེད་པའི་ཁྲིད་གཞིར་བཞག་སྟེ་སློབ་མ་ཆུང་ཆུང་གི་སྐབས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་སྐོར་ལ་སློབ་གསོ་བཏང་ནས་སློབ་མ་རྣམས་ཀྱིས་ཀྱང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་གོམས་དགོས། དེ་ནས་གསར་འགྱུར་འགོད་མཁན་ཁག་གིས་ཁོ་རང་ཚོའི་ངོས་ནས་བཤད་ན། ཁོར་ཡུག་སྲུང་སྐྱོབ་ལ་ཁྱབ་བསྒྲགས་བྱེད་པ་ནི་ཁོང་ཚོའི་འོས་འགན་ཡིན། ཁོང་ཚོས་ལས་ཀ་ལས་པའི་གོ་རིམ་ནང་དུ། ཁོར་ཡུག་སྲུང་སྐྱོབ་མ་བྱས་པར་ཁྲིམས་འགལ་གྱི་ལས་ཀ་བྱེད་ཀྱིན་ཡོད་ན། ཁོང་ཚོར་ཐེར་འདོན་བྱེད་པའི་དབང་ཆ་དེ་འདུག ས་ཆ་གཅིག་ལ་ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་གནས་ཚུལ་བྱུང་བ་ཡིན་ན། ཁོང་ཚོས་དྲ་ཐོག་དང་རླུང་འཕྲིན་སོགས་བརྒྱུད་ནས་ཁྲིམས་མཐུན་གྱིས་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་བསྒྲགས་བྱེད་པའི་དབང་ཆ་དེ་ཁོང་ཚོར་འདུག   དེ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་མི་སྒེར་དང་ལས་ཁུངས་སོགས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད་ན། མི་དམངས་སྲིད་གཞུང་གིས་དེ་དག་ལ་བྱ་དགའ་སྤྲོད་དགོས་པ།

བཞི་པ།   ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པ་ཁྲིམས་ལུགས་ཀྱིས་ཚད་མཐོན་པོའི་སྒོ་ནས་གཏན་འབེབས་བྱས། རྫོང་རིམ་པ་ཡན་ཆད་ཀྱི་མི་མང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ལས་ཀ་དེ་སོ་སོའི་ས་གནས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་དུ་འཇོག་དགོས་ཡོད།   ང་ཚོའི་ནམ་རྒྱུན་འཚོ་བའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་ཡོད་དགོས་པ་དང་། འཆར་བཀོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།  རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། ཡང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་ལྟ་ཞིབ་བྱེད་རྒྱུ་དེ་རྩ་དོན་ཞིག་ཡིན་པས་ལྟ་ཞིབ་བྱེད་དགོས། རྫོང་རིམ་པ་ཡན་ཆད་ཀྱི་ཁོར་ཡུག་གི་རྣམ་པ་བཅས་ལ་ཞིབ་འཇུག་བྱེད་པ་དང་། གདེང་འཇོག་བྱེད་པ་སོགས་ཆེད་ལས་ཀྱི་ལས་ཀ་ཡང་བྱེད་དགོས་པ་རེད། གཞན་པ་ཞིག་བཤད་འདོད་པ་ནི།  ང་ཚོས་འཛུགས་སྐྲུན་བྱེད་པའི་སྐབས་སུ་ཁོར་ཡུག་གདེང་འཇོག་སྙན་ཞུ་དེ་ཡིན་གཅིག་མིན་གཅིག་བཞག་དགོས་རེད།  ཁོར་ཡུག་དང་འབྲེལ་བའི་གདེང་འཇོག་སྙན་ཞུ་ཡི་གེ་དེ་འཆར་བཀོད་ཀྱི་ནང་དུ་མེད་པ་ཡིན་ན་འཛུགས་སྐྲུན་ལག་བསྟར་བྱེད་མི་ཆོག་པ།  ཁང་པ་སོགས་བརྒྱབ་པ་ཡིན་ན་ཁོར་ཡུག་གདེང་འཇོག་གི་སྙན་ཞུ་མེད་ན་ཁང་པ་སོགས་རྒྱག་བཅུག་གི་ཡོད་མ་རེད། གདེང་འཇོག་སྙན་ཞུ་བཟོ་བའི་གོ་རིམ་ནང་དུ། ཁྲིམས་མཐུན་གྱིས་བཟོས་པ་ཡིན་མིན་དང་། ཡང་ན། དངུལ་སྤྲད་ནས་སྙན་ཞུ་ཡི་གེ་དེ་བཏོན་བྱ་ཡིན་མིན་དེ་སྐོར་ལ་ང་ཚོ་སྤྱི་དམངས་ཤིག་ཡིན་པས་ང་རང་ཚོས་དེ་ལ་ལྟ་ཞིབ་བྱེད་པའི་དབང་ཆ་དེ་འདུག རྫོང་རིམ་པ་ཡན་ཆད་ཀྱི་མི་མང་སྲིད་གཞུང་གི་ངོས་ནས་བཤད་པ་ཡིན་ན་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ལས་འགན་ཡོད་པ་དང་། ལས་འགན་དེ་ག་ཚོད་བསྒྲུབས་ཡོད་མེད་དང་ཁོང་ཚོའི་འོག་གི་ཞང་རིམ་པ་དང་ཚུན་རིམ་པ་དེ་ཚོས་ལས་འགན་སྒྲུབ་དང་སྒྲུབ་ཡོད་མེད་ལྟ་བའི་གཞི་འཛིན་ས་ཞིག་ཡིན་ཅིན་མིན་གཅིག་བཞག་དགོས།  དེས་མ་ཚད་ཁོང་ཚོའི་ལས་ཀ་དེའི་འབྲས་བུ་ག་ཚོད་ཡོད་མེད་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་སྤྱི་བསྒྲགས་བྱེད་དགོས་པ་རེད། རྒྱལ་ཁབ་ཀྱི་ངོས་ནས་བཤད་ན་ས་གནས་རྩ་བ་ཆེན་པོ་ཡོད་རེད། འབྱུང་ཁམས་ཀྱི་ནུས་པ་ཐོན་ཤོས་དང་། ས་ཆ་ཁ་ཤས་ལ་འཛུགས་སྐྲུན་སོགས་བྱས་ན་ཁོར་ཡུག་འཕྲོ་བརླག་འགྲོ་བ་ལས་སླ་བོ་ཡོད་པ་དང་། དེ་འདྲའི་ས་ཆ་ལ་དམིགས་བསལ་འཛུགས་སྐྲུན་གྱི་ཁོངས་གཏོགས་སུ་འཇོག་དགོས་ཡོད་ཟེར། ས་གནས་མི་དམངས་སྲིད་གཞུང་གི་ངོས་ནས་བཤད་པ་ཡིན་ན། ཁོང་ཚོའི་ས་གནས་ཀྱི་ཁོངས་གཏོགས་སུ་ཡོད་པའི་ཁྱད་ཆོས་ལྡན་པའི་རང་བྱུང་གི་ཁོར་ཡུག་དང་། རི་ཀླུང་གི་སྲོག་ཆགས་དང་རྩི་ཤིང་དེ་དག་ཡོད་པའི་ས་ཆ། ཡང་ན་ཆུ་འགོ་དང་། ཡང་ན་ཚན་རིག་དང་རིག་གནས་ཀྱི་རིན་གོང་མཐོན་པོ་ཡོད་པའི་ས་ཆ་དེ་དག དཔེར་ན། བྲག་དང་ཆུ་ཕྲན་ལ་སོགས་པའི་རང་བྱུང་གི་རྒྱུན་ཤུལ་དང་། ཡང་ན། མི་ཆོས་ཀྱི་རྒྱུན་ཤུལ་ལོ་མང་པོའི་ཤིང་ནགས་དེ་ཚོ་ལ་ཡིན་གཅིག་མིན་གཅིག་གིས་ཐབས་ལམ་མང་པོ་བེད་སྤྱོད་བཏང་ནས་སྲུང་སྐྱོབ་བྱེད་དགོས་པ་དང་གཏོར་བཤིག་བཏང་མི་ཆོག དེ་ནས་ཁང་པ་རྒྱག་པ་དང་ལོ་མང་པོར་སྐྱེས་པའི་ཤིང་ནགས་དེ་དག་མེད་པར་གཏོང་བ་ལ་སོགས་པ་དེ་འདྲ་བྱེད་མི་ཆོག རྒྱལ་ཁབ་ཀྱི་ངོས་ནས་བཤད་པ་ཡིན་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ངོས་ནས་བཤད་པ་ཡིན་ན། ཁ་གསབ་ཀྱི་རྩ་དོན་དེ་འདྲ་ཡོད། དེང་སང་ཁང་པ་མང་པོ་རྒྱག་གི་ཡོད་པ་རེད། གྲོང་གསེབ་ཡིན་ན་འདྲ། གྲོང་ཁྱེར་ཡིན་ན་འདྲ་འཛུགས་བསྐྲུན་མང་པོ་ཞིག་བྱེད་ཀྱིན་ཡོད། འཛུགས་སྐྲུན་བྱེད་པའི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ཁྲིམས་ལུགས་ནང་ལ་གསལ་པོར་བྲིས་འདུག ཆུ་དང་སྔོ་ལྗང་ལ་སོགས་པའི་རང་བྱུང་གི་མཛེས་ལྗོངས་དེ་ཚོ་ཡིན་གཅིག་མིན་གཅིག་སྲུང་སྐྱོབ་བྱེད་དགོས། གྲོང་ཁྱེར་ནང་ལོགས་ནས་ཤིང་འཛུགས་པ་དང་སྤང་འཛུགས་པ། གྲགས་ཅན་གྱི་མཛེས་ལྗོངས་སོགས་ཡོད་ན། དེ་ཚོ་ལ་དོ་དམ་དང་སྲུང་སྐྱོབ་བྱེད་དགོས། ཡིན་གཅིག་མིན་གཅིག་ཁྲིམས་ལུགས་ལྟར་ལས་ཀ་བྱེད་དགོས་ཡོད། ད་ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ན་མཐོང་བསྡད་ཡོད་པ་རེད། སྲོག་ཆགས་གསོད་ས་དེ་ཚོ་འཛུགས་སྐྲུན་དང་དོ་དམ་བྱེད་དགོས་ཚེ་ཡིན་གཅིག་མིན་གཅིག་ཁྲིམས་ལྟར་འགྲོ་དགོས། བཟོ་གྲྭ་དེ་དག་ནས་བཏོན་པའི་བཙོག་པ་དེ་ལ་ཚན་རིག་གི་ཐབས་ལམ་སྤྱད་ནས་གཙང་བཟོ་བྱེད་དགོས། དེ་མ་བྱས་པར་ཁོར་ཡུག་ལ་གནོད་འཚེ་གཏོང་བ་དེ་འདྲ་བྱེད་མི་ཆོག

ལྔ་པ། དོན་ཚན་ལྔ་པ་འདི་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན།  ང་ཚོ་སྤྱི་དམངས་ཡིན་ན་འདྲ། ཁྲིམས་མི་ཡིན་ན་འདྲ། ང་ཚོ་སོ་སོ་སྡོད་སའི་ཁོར་ཡུག་གི་བརྡ་འཕྲིན་ཡོད་པ་དེ་ང་ཚོས་ཧ་གོ་ཆོག་པ་དང་། བརྡ་འཕྲིན་དེ་ཚོ་ལག་པར་རག་རྒྱུ་ཡོད་པའི་ཐོབ་ཐང་ཞིག་ཡོད་རེད།   མ་ཟད་ང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀའི་ནང་དུ་འཛུལ་ཞུགས་བྱེད་ཆོག་པ།   ད་དུང་གཞན་གྱིས་ཁོར་ཡུག་ལ་གནོད་པ་བྱས་ན་ང་ཚོས་ལྟ་ཞིབ་བྱས་ཆོག་པའི་དབང་ཆ་ཡོད་པ་རེད། ང་ཚོས་ནམ་རྒྱུན་མཐོང་བཞིན་པ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནོད་པ་བྱས་པ་དེ་འདྲ་ཡོད་ན་འབྲེལ་ཡོད་ལ་ཆད་པ་གཅོད་པར་ཐེར་འདོན་བྱས་ཆོག ཐེར་འདོན་བྱས་པའི་རྗེས་སུ། སྔར་བཞིན་ཁོར་ཡུག་ལ་གནོད་པ་བྱས་ཏེ་རི་གང་བྱུང་མང་བྱུང་བཀོག བྱེ་མ་གང་བྱུང་མང་བྱུང་བསློགས། ཤིང་ནག་གང་གང་(ཚང་མ)མར་བཅད། དེ་འདྲའི་དངོས་ཡོད་གནས་ཚུལ་ང་ཚོས་ཡར་ཞུ་ཞུས་ཀྱང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོང་ཚོའི་འགན་འཁྲི་དེ་མ་བསྒྲུབས་པ་ཡིན་ན། ལས་ཁུངས་དེའི་སྒང་གི་ལས་ཁུངས་ལ་ཐེར་འདོན་བྱེད་པའི་དབང་ཆ་དེ་འདུག དེའི་ནང་དུ་ང་ཚོ་སྤྱི་དམངས་ཡིན་ན་འདྲ། ཁྲིམས་མི་ཡིན་ན་འདྲ། ཐེར་འདོན་བྱས་པ་དེ་གསང་བ་བྱེད་དགོས། གསང་བ་མ་བྱས་ན་ཐེར་འདོན་བྱེད་མཁན་དེ་ལ་ཉེན་ཁ་ཡོད་པ་དང་། བྱས་ཙང་(དེའི་རྒྱུ་མཚན་གྱིས)དེ་ཡིན་གཅིག་མིན་གཅིག་གསང་བ་བྱེད་དགོས། ཁོར་ཡུག་ལ་གནོད་འཚེ་བཏང་བའི་གནས་ཚུལ་དེ་འདྲ་བྱུང་སྟེ། སྤྱི་ཚོགས་སྤྱིའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་དེ་བྱུང་ན། གཤམ་གསལ་གྱི་ཚོགས་པ་གཉིས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཆོག་ཟེར། ཚོགས་པ་དེ་ལ་ཚང་དགོས་པའི་ཆ་རྐྱེན་གཅིག་ནི་ཆུའུ་ཡོད་པའི་གྲོང་ཁྱེར་དང་དེའི་ཡན་གྱི་གྲོང་ཁྱེར་དམངས་སྲིད་ལས་ཁུངས་ནས་ཐོ་འགོད་བྱས་པའི་སྤྱི་ཚོགས་སྒྲིག་གཞི་དང་ཚོགས་པ་ཡིན་དགོས་པ་དེ་གཅིག་ཡིན། ཆ་རྐྱེན་གཉིས་པ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱིའི་ཁེ་ཕན་ཡོད་པའི་ལས་དོན་ལས་སྐབས་ལོ་ལྔའི་རིང་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་གང་མེད་ན་ཞུ་གཏུག་བརྒྱབ་ཆོག ཞུ་གཏུག་བྱས་པ་ཡིན་ན་སོ་སོའི་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་ཞུ་གཏུག་བྱེད་མི་ཆོག་ཟེར།

དེ་རིང་ངས་བཤད་པ་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཀྱི་ནང་དུ་ང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་ནང་དོན་དེ་དག་ཡིན། བཀའ་དྲིན་ཆེ།