སྐབས་རེར། བོད་ཀྱི་ས་ཆ་ཁ་ཤས་ཀྱི་གྲྭ་པ་དང་ཆོས་བྱེད་མི་སྣ་རེ་ཟུང་གིས་ ང་ལ་འོས་འགན་སློབ་གསོའི་སྐོར་དང་འབྲེལ་བ་ཡོད་པའི་དྲི་བ་དྲིས་ཏེ། ཁོང་ཚོའི་དགོན་པའི་ནང་གི་གྲྭ་གཞོན་མང་པོ་ཞིག་འོས་འགན་སློབ་གསོའི་མིང་ཐོག་ནས་ཕྱིར་འབུད་བཏང་སྟེ་སློབ་གྲྭར་བསྐྱེལ་བས་དགོན་པའི་གྲྭ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་དཀའ་བའི་སྡུག་ཡུས་གླེང་། དེས་མ་ཟད་ན་ནིང་གཞིས་ནིང་ནས་བཟུང་སྟེ། ལྷ་ས་ལ་སོགས་པའི་སློབ་གསོ་ལས་ཁུངས་ཀྱིས་ཡིག་ཆ་སྤེལ་ནས་སློབ་ཆུང་དང་སློབ་འབྲིང་སློབ་མ་དབྱར་ཁ་དང་དགུན་ཁའི་གུང་གསེང་གི་སྐབས་སུ་དགོན་པར་མཆོད་མཇལ་དང་གནས་མཇལ་སོགས་ལ་འགྲོ་བར་བཀག་འགོག་བྱས་པའི་གནད་དོན་ཡང་ལྷག་ཡོད་པ་ཀུན་གྱིས་ཤེས་གསལ་རེད། 

དེས་ན། ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན། སློབ་ལོ་རན་པའི་བྱིས་པ་དང་སློབ་ལོ་མ་རན་པའི་བྱིས་པ། སློབ་ལོ་ཡོལ་བའི་གཞོན་ནུ་བཅས་ལ་ ཆོས་ལུགས་དད་མོས་ཀྱི་རང་དབང་དང་ཐོབ་ཐང་ཡོད་དམ་མེད་ཅེ་ན། དེ་ནི་ཡོད་པ་ཡིན་པ་སྨྲོས་མ་དགོས་ཞེས་བརྗོད་ཆོག

རྩ་ཁྲིམས་ཀྱི་དོན་ཚན་ ༣༦་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་སྲིད་གཞུང་དང་ལས་ཁུངས། སྤྱི་ཚོགས་ཚོགས་པ་དང་གང་ཟག་སུ་གང་གིས་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ། སྤྱི་དམངས་ཀྱིས་ཆོས་དད་བྱེད་པ་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱས་མི་ཆོག ཅེས་གསལ་ཡོད་པ་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་ ༡༡་པ་ཡི་ནང་དུ། མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་ཁག་ཐེག་བྱེད་དགོས་ཤིང་། སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱས་མི་ཆོག ཅེས་དང་། ཡང་དེའི་དོན་ཚན་༥༣་ཡི་ནང་དུ། རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་སྐད་ཡིག་གོམས་གཤིས་སོགས་ལ་བརྩི་བཀུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཞེས་གསལ་བ་བཅས་ཀྱི་གཏན་འབེབས་ལྟར་ན། སྤྱི་དམངས་ཤིག་ཡིན་ཕྱིན་དེའི་ལོ་ཚད་དང་ཡོན་ཚད། ཐོབ་གནས་དང་རིགས་རུས། ས་ཁོངས་དང་དབུལ་ཕྱུག་ལ་སོགས་པར་མ་ལྟོས་པར་དེ་ལ་ཆོས་ལུགས་དད་མོས་རང་དབང་དང་ཐོབ་ཐང་དཀྱུས་གཅིག་ཏུ་ཡོད་པ་མཚོན་ཐུབ། དེས་མི་ཚད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་གཞོན་ནུ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ཏུ། ནར་མ་སོན་པའི་བྱིས་གཞོན་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད། ཅེས་གསལ་པོ་བསྟན་ཡོད།

དེས་ན། ཁྲིམས་ཀྱིས་བཅས་པ་ཡོད་བཞིན་དུ་དེང་སྐབས་ས་གནས་ཁ་ཤས་ཀྱི་སྲིད་གཞུང་གིས་འོས་འགན་སློབ་གསོའི་དུས་ཡུན་རིང་དུ་བཏང་སྟེ་སློབ་ལོ་ཡོལ་བའི་བྱིས་པ་དང་གཞོན་ནུ་དེ་དག་དགོན་པ་ནས་བཙན་གྱིས་དབྱུངས་ཤིང་། སློབ་ཆུང་དང་སློབ་འབྲིང་གི་སློབ་མ་རྣམས་ཆོས་ལུགས་བྱེད་སྒོར་ཞུགས་པར་བཀག་འགོག་བྱས་ན་ཆོག་གམ་ཞེ་ན། དེ་ནི་མི་ཆོག་སྟེ། རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་ཆེའི་བླ་ན་མེད་པའི་ཁྲིམས་ལུགས་ཡིན་པ་དང་། ཁྲིམས་ལུགས་དང་ཁྲིམས་སྲོལ། སྲིད་ཇུས་དང་ཡིག་ཆ་གང་གིས་ཀྱང་རྩ་ཁྲིམས་དང་རྒྱབ་འགལ་བྱས་མི་ཆོག་ལ། རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་དང་སྲིད་ཇུས་ཚང་མ་ལ་དང་པོ་ཉིད་ནས་ཁྲིམས་ཀྱི་ནུས་པ་མེད། རྩ་ཁྲིམས་ཀྱི་དོན་ཚན་ལྔ་པའི་ནང་དུ། ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། ས་གནས་ཁྲིམས་སྲོལ་ཡོད་ཚད་ཀྱིས་རྩ་ཁྲིམས་དང་རྒྱབ་འགལ་བྱས་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་ཆབ་སྲིད་ཚོགས་པ་ལ་སོགས་པའི་ཚོགས་པ་ཡོད་ཚད་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་བའི་སྦྱོར་བ་ཚང་མར་ངེས་པར་དུ་འདྲི་བརྩད་བྱེད་དགོས། ཞེས་གཏན་ལ་ཕབ་ཡོད་པ་བཞིན། ས་གནས་སྲིད་གཞུང་གིས་ངེས་པར་དུ་རྩ་ཁྲིམས་ལ་གུས་བཀུར་དང་སྲུང་བརྩི་བྱས་ཏེ་ཁྲིམས་ཀྱིས་བཅས་པ་དང་གནང་བའི་ས་མཚམས་ནང་རོལ་ནས་ལས་དོན་སྒྲུབ་དགོས་པ་ལས། ཁྲིམས་ཀྱི་བཅས་མཚམས་ལས་བརྒལ་ཏེ་ལས་དོན་སྒྲུབ་མི་རུང་། ཁྲིམས་སྐྱོང་གི་རྩ་དོན་ནི་ཁྲིམས་ཀྱིས་ཆོག་མཆན་སྤྲད་མེད་པའི་གནས་ལ་སྲིད་གཞུང་འཇུག་མི་ཆོག་པ་དང་། ཁྲིམས་ཀྱིས་བཀག་མེད་པའི་གནས་ལ་སྤྱི་དམངས་འཇུག་ཆོག་པ། ཁྲིམས་ཀྱིས་བཅས་པ་ལྟར་ཆབ་སྲིད་འཛིན་སྐྱོང་བྱེད་པ་དེ་གཉིས་ཡིན། ས་གནས་སྲིད་གཞུང་གིས་སྤྱི་དམངས་གང་ཞིག་དགོན་པ་ནས་ཕྱུངས་ཏེ་གཞན་ལ་བསྐྱེལ་ན་ཐོག་མར་དེ་ལྟར་བྱེད་པར་ས་གནས་སྲིད་གཞུང་དེ་ལ་ཁྲིམས་ཀྱིས་དབང་ཚད་གནང་ཡོད་མེད་ལ་ངེས་པར་དུ་བལྟ་དགོས། ཁྲིམས་ཀྱིས་དེ་ལྟར་བྱེད་ཆོག་པའི་དབང་ཚད་མངོན་གསལ་ཅན་སྤྲད་མེད་ན། ས་གནས་སྲིད་གཞུང་གིས་དེ་ལྟར་བྱས་ན་ཁྲིམས་དང་འགལ་བ་ཡིན། 

འོས་འགན་སློབ་གསོའི་ལམ་ལུགས་ཀྱི་གནད་འགག་གཅིག་ཤོས་ནི་བྱིས་གཞོན་ལོ་ན་དྲུག་ཡན་ཆད་དང་བཅུ་བཞི་མན་ཆད་ཀྱི་སྤྱི་དམངས་ཡོད་དོ་ཅོག་ངེས་པར་དུ་སྲིད་གཞུང་གིས་བཙུགས་པའི་སློབ་གྲྭའམ་སློབ་གསོ་ལས་ཁང་གཞན་དག་ལ་ཕྱིན་ཏེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་ཁག་ལ་ཐོས་བསམ་བྱེད་དགོས་པ་ཞིག་ཡིན་པས། དེ་ལ་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་བྱེད་པའི་རང་བཞིན་ཡོད། ཁྲིམས་ལྟར་ན་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་བྱེད་དགོས་པའི་ཁྲིམས་དེ་རིགས་ངེས་པར་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གིས་ཐག་གཅོད་དགོས་པ་ལས་ས་གནས་སྲིད་གཞུང་ལ་དེ་ལྟ་བུའི་དབང་ཚད་མེད། འོས་འགན་སློབ་གསོའི་ཁྲིམས་ཀྱིས་འོས་འགན་སློབ་གསོའི་ཁྱབ་ཡུལ་བྱིས་པ་ལོ་དྲུག་ནས་ལོ་བཅུ་བཞི་བར་དུ་འོས་འགན་སློབ་གསོ་ཐོབ་དགོས་ཞེས་བཅས་ཡོད་ཀྱང་། ས་ཁུལ་ལ་ལའི་སྲིད་གཞུང་གིས་དེའི་ཁྱབ་ཁོངས་ཀྱི་ལོ་གསུམ་ཡན་དང་ལོ་དྲུག་མན་གྱི་བྱིས་པ་དང་། ལོ་བཅུ་བཞི་ཡན་གྱི་གཞོན་ནུ་རྣམས་འོས་འགན་སློབ་གསོའི་ཁྱབ་ཡུལ་དུ་བཞག་སྟེ་དེ་དག་གི་འགྲོ་འདུག་རང་དབང་དང་། སློབ་གྲྭར་འགྲོ་མིན་གྱི་ཐོབ་ཐང་བཀག་འགོག་དང་འཕྲོག་ལེན་བྱས་དང་བྱེད་བཞིན་པ་དེ་དག་ནི་རྩ་ཁྲིམས་དང་འོས་འགན་སློབ་གསོའི་ཁྲིམས་འདུས་པའི་ཁྲིམས་ལུགས་ཡོད་རྒུར་རྒྱབ་འགལ་བྱས་པའི་སྦྱོར་བ་ཞིག་ལས་མ་འདས་སོ། ། དཔེར་ན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་སྲོལ་ཡིག་གི་དོན་ཚན་༥་པའི་ནང་དུ། ༼རང་སྐྱོང་ཁུལ་གྱིས་ངེས་པར་དུ་སློབ་ལོ་སྔོན་གྱི་སློབ་གསོ་དང་མཐོ་འབྲིང་སྐབས་ཀྱི་སློབ་གསོ་ཕལ་ཆེ་བར་དར་ཁྱབ་བྱེད་དགོས་པ་དང་། ལོ་དགུའི་འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱས་ཏེ། ལོ་བཅོ་ལྔ་ཡི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ།༽ཞེས་བཅས་ཡོད་པ་འདི་ནི་རྩ་ཁྲིམས་དང་ཁྲིམས་ལུགས་ལ་མངོན་གསལ་གྱིས་རྒྱབ་འགལ་དང་སྤྱི་དམངས་ཀྱི་ཆོས་དད་རང་དབང་དང་མི་ལུས་འགྲོ་འདུག་རང་དབང་དང་ཐོབ་ཐང་ལ་མངོན་སུམ་འཛེམ་མེད་ཀྱིས་གཏོར་བརླགས་བཏང་བའི་རང་སྐྱོང་སྲོལ་ཡིག་དམིགས་བསལ་ ཡིན་པ་ལྟ་བུའོ། །

མདོར་ན། བྱིས་པ་དང་གཞོན་ནུ་དག་གི་ཆོས་དད་རང་དབང་དང་ཐོབ་ཐང་། འགྲོ་འདུག་རང་དབང་འདུས་པའི་མི་ལུས་རང་དབང་གི་ཐོབ་ཐང་བཅས་ནི་རྩ་ཁྲིམས་ཀྱིས་དམིགས་སུ་བཀར་ཏེ་སྲུང་སྐྱོབ་དང་ཁག་ཐེག་བྱེད་པའི་གནས་ཡིན་པས། སྲིད་གཞུང་དང་ཚོགས་པ་དང་གང་ཟག་སུ་གང་གིས་བྱིས་པ་དང་གཞོན་ནུའི་ཆོས་ལུགས་དད་མོས་རང་དབང་དང་མི་ལུས་རང་དབང་ལ་བཀག་སྡོམ་བྱས་ན་དེ་ནི་རྩ་ཁྲིམས་དང་འགལ་ཡོད་པའི་སྟབས་ཀྱིས་བཀག་སྡོམ་བྱེད་མཁན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་འགན་ཁུར་དགོས། བྱིས་པ་དང་གཞོན་ནུ་རྣམས་མཆོད་མཇལ་དང་ཆོས་ལུགས་བྱེད་སྒོར་འཇུག་པ་ལ་སོགས་པའི་ཆོས་ལུགས་དད་མོས་རང་དབང་དང་མི་ལུས་རང་དབང་ལ་བཀག་སྡོམ་བྱས་ན་ཏང་གི་ཆོས་ལུགས་སྲིད་ཇུས་ལའང་གཏོར་བརླགས་བྱས་པའི་སྦྱོར་བ་ངན་པ་ཡིན་པ་དང་། ཉེས་ཁྲིམས་ཀྱི་དོན་ཚན་༢༥༡་ཡི་ནང་དུ། རྒྱལ་ཁབ་སྲིད་གཞུང་གི་ལས་བྱེད་པས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་འཕྲོག་ལེན་བྱས་ཤིང་། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་ བསྐྱེལ་ཏེ་གནས་ཚུལ་ཚབས་ཆེན་བཟོས་ན། དེ་ལ་ལོ་གཉིས་མན་གྱི་དུས་ཅན་བཙོན་འཇུག་དང་། ཡང་ན། བཀག་བཙོན་གྱི་ཉེས་ཆད་གཅོད་དགོས་ཞེས་པའི་གཏན་འཁེལ་བྱས་ཡོད་པ་ལྟར། སྲིད་གཞུང་གི་ལས་བྱེད་པས་བྱིས་པ་དང་གཞོན་ནུའི་ཆོས་དད་རང་དབང་ལ་གནོད་འཚེ་བཏང་ན་ཉེས་ཁྲིམས་ཀྱི་ཆད་པ་ཁུར་དགོས་པ བསྟན་ཡོད་པས། སྲིད་གཞུང་གིས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་རང་དབང་དང་ཐོབ་ཐང་ལ་ཚད་བཀག་དང་གནོད་འཚེ་གཏོང་བའི་མཚམས་བཞག་ན་བཟང་བ་ཡིན།