ད་ལོའི་ཟླ་གཉིས་པ་ནས་བཟུང་སྟེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མི་བསད་ཀྱི་གྱོད་གཞི་ཞིག་ལ་ཁག་བཞག་སྟེ་ཞང་ཀང་ལ་བྲོས་བྱོལ་ངང་བསྡད་ཡོད་པའི་ཉེས་ཅན་མི་སྣ་ཁག་ཐེ་བན་དང་རྒྱ་ནག་སྐམ་ས་ཆེན་མོ་སོགས་ལ་རྩིས་སྤྲད་དེ་ས་ཁུལ་དེ་དག་གི་ཁྲིམས་ཁང་གིས་ཁྲིམས་བཤེར་བྱེད་དུ་འཇུག་ཆོག པའི་ཁྲིམས་འཆར་ཞིག་བཏོན་ཞིང་། དེང་ཐོག་ཁྲིམས་འཆར་དེ་འཕྲལ་དུ་ལམ་སློང་བྱུང་ཆེད་ཞང་ཀང་སྲིད་གཞུང་གིས་ཞང་ཀང་ཁྲིམས་བཟོ་ལྷན་ཁང་གི་མདུན་ནས་ཁྲིམས་འཆར་སྒྲོག་སྦྱང་དང་གྲོས་ཆོད་ཀྱི་བརྒྱུད་རིམ་དེ་གཡོལ་ཐབས་བྱས་ཀྱང་མང་ཚོགས་ནང་ནས་ཁྲིམས་འཆར་དེ་ལ་ངོ་རྒོལ་བྱུང་སྟབས་ཟླ་བཞི་བའི་ཚེས་གསུམ་ཉིན་ཁྲིམས་འཆར་དེ་ཁྲིམས་བཟོ་ལྷན་ཁང་མདུན་ནས་སྒྲོག་སྦྱང་ཐོག་མ་བྱས། དབུས་གཞུང་ངམ་ཀྲུང་དབྱང་གི་འབྲེལ་མཐུད་པས་ཀྱང་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་དང་ཇུས་གཏོགས་ཤུགས་ཆེན་བྱས་པ་དེ་ལ་བརྟེན་ནས་ཞང་ཀང་སྲིད་

གཞུང་གིས་ཁྲིམས་བཟོའི་ལྷན་ཁང་གཡོལ་ནས་ཁྲིམས་འཆར་དེ་ཐད་གར་ཚོགས་ཐོག་ནས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྲོས་ཆོད་བྱེད་དགོས་པའི་བཀའ་རྒྱ་བཏབས། ཞང་ཀང་སྲིད་གཞུང་གི་ལས་ཀ་ལས་སྟངས་དེ་ལ་མ་རེངས་པར་ཟླ་དྲུག་པའི་ཚེས་དགུ་ཉིན་ཞང་ཀང་གི་མང་ཚོགས་ས་ཡ་གཅིག་ཡས་མས་རྒྱ་སྲང་ལ་བུད་དེ་ཁྲིམས་འཆར་རྨེག་མེད་དུ་གཏོང་བའི་རེ་འདུན་ཞུ་བའི་ཁྲོམ་སྐོར་རྔམ་སྟོན་བྱས་ཀྱང་། ཞང་ཀང་དམིགས་བསལ་སྲིད་གཞུང་གིས་ཁྲིམས་འཆར་ཕྱིར་འཐེན་གྱི་རྣམ་འགྱུར་མ་བསྟན་པའི་དབང་གིས་ཚེས་བཅུ་གཉིས་ཉིན་ཞང་ཀང་གི་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཡང་བསྐྱར་རྔམ་སྟོན་དང་ཁྲོམ་སྐོར་བྱས་ཏེ་ངོ་རྒོལ་བྱས་སྟབས། ཞང་ཀང་སྲིད་གཞུང་ཐབས་རྡུགས་ཏེ་ཁྲིམས་འཆར་ནར་འགྱངས་ཀྱི་ཁྱབ་བསྒྲགས་བྱས་ནའང་ཞང་ཀང་བ་རྣམས་དེ་ལ་ཡིད་མ་ཚིམས་པར་ཚེས་བཅོ་ལྔ་ཉིན་ཞང་ཀང་གི་སློབ་གྲྭའི་དགེ་སློབ་དང་བཟོ་གྲྭའི་ལས་མི། ཁྲིམས་དཔོན་དང་ཁྲིམས་རྩོད་པ་ལ་སོགས་པའི་ལས་རིགས་སྣ་ཚོགས་ཀྱི་མི་སྣ་ས་ཡ་གཉིས་ལྷག་རྒྱ་སྲང་ལ་བུད་དེ་ཞང་ཀང་སྲིད་གཞུང་གི་ལས་དོན་སྒྲུབ་སྟངས་དང་ཉེས་ཅན་བྲོས་བྱོལ་བ་རྒྱ་ནག་ལ་བསྐྱེལ་བའི་ཁྲིམས་འཆར་ལ་ངོ་རྒོལ་གྱི་རྔམ་སྟོན་གཞི་རྒྱ་ཆེ་ཞིང་ཟིལ་ཤུགས་ལྡན་པ་བྱས་མཐར། ཟླ་བདུན་པའི་ཚེས་དགུ་ཉིན། ཞང་ཀང་སྲིད་གཞུང་གི་སྲིད་འཛིན་དཔོན་ཆེན་ལིན་ཀྲུན་ཡོ་འུག་གིས་ཁྲིམས་འཆར་ལྔ་ལམ་དུ་བསྐྱེལ་ཏོ་ཞེས་བསྒྲགས་ཏེ་ཁྲིམས་འཆར་དེ་ཁྲིམས་སུ་བསྒྱུར་བའི་ལས་གཞི་དེ་ལ་ཕམ་ཁ་བྱུང་བ་ངོས་ལེན་མི་བྱེད་ག་མེད་བྱུང་། ཁྲིམས་འཆར་དེ་བསྐྱར་དུ་རོ་ལངས་རྒྱག་པ་སྔོན་འགོག་གི་ཆེད་དང་ཁྲིམས་འཆར་དོན་རྐྱེན་དཀྲུགས་ཤིང་སློང་མཁན་སྲིད་གཞུང་སྲིད་འཛིན་དཔོན་ཆེན་ལས་གནས་སུ་དཕྱུང་བའམ་རྩ་དགོངས་ཞུ་བའི་ཆེད་དུ་ཞང་ཀང་བས་དུས་དེ་རིང་བར་དུ་ད་རུང་དཀའ་ངལ་ཁྱད་དུ་བསད་དེ་ཉེན་རྟོག་པའི་རྩིང་སྤྱོད་སོགས་ལ་མ་འཛེམ་པར་ངོ་རྒོལ་གྱི་ཁྲོམ་སྐོར་དང་རྔོམ་སྟོན་བྱས་དང་བྱེད་མུས་ཡིན། ཞང་ཀང་གི་མིག་སྔར་གྱི་རང་སྐྱོང་ཁྲིམས་དང་སྲོལ་ཡིག་བཅས་ཀྱི་ནང་དུ། མི་བསད་ཁྲག་སྦྱོར་དང་རྒྱུ་ནོར་འཕྲོག་བཅོམ། བཙན་གཡེམ་དང་ཆགས་སྲེད་རེག་ཉེས་ལ་སོགས་པའི་ཉེས་བྱས་ཞེ་དྲུག་གང་རུང་བསྐྱེད་པའི་ཉེས་ཅན་ནམ་ཉེས་ཅན་དོགས་གཞི་མི་སྣ་ཡིན་ན། གང་ཟག་དེ་ཉེས་བྱས་བསྐྱེད་སའི་ས་ཁུལ་དེ་ལ་དཕྱུང་ཆོག་པ་ཞིག་ཡིན་མོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཆ་ཤས་སུ་གྱུར་བའི་ས་ཆར་རྩིས་སྤྲོད་མི་ཆོག་པའི་དམིགས་བསལ་ཡོད། དཔེར་ན་ཞང་ཀང་གི་མི་ཞིག་གམ་ཞང་ཀང་ན་འཆབ་པའི་མི་ཞིག་ལ་ཨ་རི་ནས་མི་བསད་པའི་སྦྱོར་བ་ཡོད་ན། ཞང་ཀང་སྲིད་གཞུང་གིས་མི་དེ་ཐད་གར་ཨ་རིར་རྩིས་སྤྲད་དེ་ཨ་རི་ནས་ཁྲིམས་བཤེར་དང་ཉེས་ཆད་གཅོད་དུ་བཅུག་ན་ཆོག་པ་དང་། རྒྱ་ནག་དང་དང་རྒྱ་ནག་གི་ཆ་ཤས་སུ་གྱུར་བའི་ས་ཆ་ནས་མི་ཞིག་གིས་མི་བསད་ལ་སོགས་པའི་སྦྱོར་བ་བྱས་ཏེ་ཞང་ཀང་དུ་འཆབ་ན་ཞང་ཀང་སྲིད་གཞུང་གིས་མི་དེ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་མི་ཆོག་པ་ལྟ་བུ་རེད། དེ་ནི་ཞང་ཀང་གི་ཁྲིམས་ཡིན་པ་དང་ད་ཆ་ཞང་ཀང་སྲིད་གཞུང་གིས་ཁྲིམས་དེར་འགྱུར་བ་བཏང་སྟེ་གོང་སྨྲོས་ཀྱི་ཉེས་བྱས་བསྐྱེད་པའི་གང་ཟག་དེ་རྒྱ་ནག་ལ་རྩིས་སྤྲོད་ན་ཆོག་པར་བྱས་ཚེ། རྒྱ་ནག་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ཞང་ཀང་སྲིད་གཞུང་གི་སྲིད་འཛིན་དཔོན་ཆེན་སོགས་ཀྱིས་ཁྲིམས་དེ་ལ་བརྟེན་ནས་ཞང་ཀང་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་མི་སྣ་མང་བོ་ཞིག་ལ་ཉེས་མིང་བཀལ་ཏེ་རྒྱ་ནག་སྐམ་ས་ཆེན་མོར་བསྐྱེལ་ནས་མནར་གཅོད་བྱེད་སྲིད་པ་དང་ཉེར་ལེན་དེ་ལ་བརྟེན་ནས་ཞང་ཀང་སྤྱི་དམངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་མིག་སྔར་གྱི་ཞང་ཀང་གཞི་རྩའི་ཁྲིམས་གཙོས་པའི་དམངས་གཙོ་དང་རང་སྐྱོང་གི་ཁྲིམས་ཀྱི་ཕུང་བོ་དང་འཛིན་སྐྱོང་ལ་གས་ཆག་དང་སེར་ག་ཤོར་ཏེ་རང་དབང་དང་དཔལ་ཡོན་རིམ་གྱིས་ཡོངས་སུ་ཉམས་དམས་སུ་འགྲོ་བའི་ཉེན་ཁ་དེ་མཐོང་སྟེ་ཞང་ཀང་བས་རང་གི་རང་སྐྱོང་གཞི་རྩའི་ཁྲིམས་ལ་གཡག་གིས་རྔ་མ་སྲུང་བར་ལྟར་སྲོག་དང་བསྡོས་ནས་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ་གནད་འགག་འདི་ལ་ཐུག 

སྤྱིར་ཞང་ཀང་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་གི་ཐོབ་ཐང་དང་དབང་ཐང་བཅས་ལ་མཐོ་དམན་དང་ཆེ་ཆུང་གི་ཁྱད་པར་ཡོད་པ་སྨྲོས་མ་དགོས་པ་ཡིན་མོད། འོན་ཀྱང་སྦྲ་ཆེན་ལ་ཧེབ་མ་ལངས། སྦྲ་ཆུང་ལ་ཡིད་མ་ཆད་ཟེར་བ་ལྟར། ང་ཚོས་ཀྱང་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ཁྲིམས་ལུགས། རང་སྐྱོང་སྲོལ་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག་ལ་སོགས་པའི་རང་སྐྱོང་ཁྲིམས་ལུགས་དང་ཐོབ་ཐང་དབང་ཐང་ལ་ཞང་ཀང་བའི་སྙིང་སྟོབས་དཔེར་བླངས་ནས་སྲུང་སྐྱོབ་བྱེད་དགོས། རྩ་ཁྲིམས་དང་མི་རིགས་རང་སྐྱོང་ཁྲིམས་ལྟར་ན། མི་རིགས་རང་སྐྱོང་ས་ཁུལ་ལ་གཤམ་གྱི་ལས་དོན་ཁག་ལ་རང་སྐྱོང་གི་དབང་ཐང་ཡོད།

  • ཀ༽ རང་སྐྱོང་ས་ཁུལ་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་གི་ས་ཁུལ་གྱི་ཆབ་དཔལ་རིག་གསུམ་གྱི་གནས་བབ་ལ་གཞིགས་ཏེ་ས་གནས་ཁྲིམས་སྲོལ་ཀྱི་གོ་གནས་ལྡན་པའི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་སོགས་གསར་བཟོ་ཡི་དབང་ཐང་།
  • ཁ༽ རང་སྐྱོང་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་སྐབས་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དབང་ཐང་། 
  • ག༽ རང་གི་ས་གནས་ཀྱི་ནོར་སྲིད་ལ་དོ་དམ་བྱེད་པའི་དབང་ཐང་། 
  • ང་༽ རང་གི་ས་གནས་ཀྱི་སློབ་གསོ་དང་། ཚན་རིག་དང་།  རིག་གནས་དང་། འཕྲོད་བསྟེན་དང་། ལུས་རྩལ་བཅས་ཀྱི་ལས་དོན་རང་ཐག་རང་གཅོད་ཀྱིས་དོ་དམ་བྱེད་པའི་དབང་ཐང་། 
  • ཅ༽ རང་གི་ས་གནས་ཀྱི་དཔལ་འབྱོར་འཛུགས་བསྐྲུན་ལ་རང་ཐག་རང་གཅོད་ཀྱིས་དོ་དམ་བྱེད་པའི་དབང་ཐང་། རྒྱལ་ཁབ་ཀྱིས་རང་གི་གནས་སུ་རང་བྱུང་ཐོན་ཁུངས་བསྔོགས་འདོན་བྱེད་སྐབས་ས་གནས་དེ་ཡིས་རྒྱལ་ཁབ་ནས་ཁེ་ཕན་ལེན་པའི་ཐོབ་ཐང་། 

ཐོབ་ཐང་དང་དབང་ཐང་འདི་དག་ལྟོས་ཚོད་ཀྱིས་དེ་འདྲ་གལ་ཆེ་ཞིང་གནད་འགག་ཅན་དུ་མི་སྣང་ནའང་། ང་ཚོའི་སྐད་ཡིག་དང་ཆོས་ལུགས་ལ་སོགས་པའི་རིག་གནས་ད་ལྟ་བར་དུ་ཕ་རིའི་སྤང་རྒྱན་ལྟར་མ་གྱུར་བར་ཉག་ཕྲ་བའི་ངང་ནས་གནས་ཐུབ་པ་འདིའང་རང་སྐྱོང་ཁྲིམས་ལུགས་དང་སྲོལ་ཡིག་འདི་དག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་བ་འབྲེལ་བ་ཡོད། རང་སྐྱོང་གི་རྒྱབ་རྟེན་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སོགས་ལ་ཐུག་ཡོད་དུས། ང་ཚོས་ཞང་ཀང་བ་ལྟར་ས་གནས་སྲིད་གཞུང་གིས་ལས་དོན་གང་དང་གང་སྒྲུབ་རུང་རང་སྐྱོང་ཁྲིམས་ལུགས་དང་མཐུན་མིན་ཚད་མར་བཟུང་སྟེ་ཚད་འཇལ་དང་མེལ་ཚེ་བྱེད་དགོས་ཤིང་། སྲིད་གཞུང་གི་ལས་ཀ་ལས་སྟངས་རང་སྐྱོང་ཁྲིམས་ལུགས་ཀྱི་བཅས་མཚམས་ལས་བརྒལ་ན་དེ་བཏང་སྙོམས་ངང་མི་འཇོག་པར་ངོ་རྒོལ་མཐར་ཕྱིན་བྱས་ཏེ་ཕྱིར་བཅོས་བྱེད་དུ་འཇུག་དགོས། དཔེ་མཚོན་ཞིག་དྲངས་ནས་བཤད་ན། ༢༠༡༠་ལོ་ཡས་མས་སུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོ་ཐིན་གྱིས་དེའི་མངའ་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་བོད་སྐད་ཡིག་ནུས་མེད་དང་ཁྱབ་ཆུང་དུ་གཏོང་བའི་སློབ་གསོ་སྲིད་ཇུས་ཤིག་སྤེལ་བ་དེ་ཡང་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་རང་སྐྱོང་གི་ལས་དོན་ལ་དགོས་མེད་ཀྱི་ཇུས་གཏོགས་བར་ཆད་བཟོས་བས། ཆབ་ཆ་དང་རེབ་གོང་སོགས་ནས་བོད་རིགས་དགེ་སློབ་རྣམས་ཀྱིས་ཁྲོམ་སྐོར་དང་རྒན་ཡོལ་ལས་བྱེད་པས་སྐྱོན་བརྗོད་སོགས་བྱས་པས་མཚོ་སྔོན་སློབ་གསོ་ཐིན་གྱིས་རེ་ཞིག་སློབ་གསོ་སྲིད་ཇུས་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། ད་ལོ་ཟླ་དགུ་བ་ནས་བཟུང་སྟེ་སློབ་གསོ་སྲིད་ཇུས་དེ་སླར་ཡང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ལག་བསྟར་བྱ་འཆར་ཡོད་ལྟ་བུའོ། འདི་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་གལ་ཏེ་ང་ཚོས་རང་སྐྱོང་གི་ཁྲིམས་ལུགས་དང་འགལ་བའི་སྲིད་གཞུང་གི་ཡིག་ཆ་སོགས་ལ་བཏང་སྙོམས་སུ་བཞག་པའམ་ངོ་རྒོལ་ཙམ་བྱས་པ་དེ་ཁོ་ནས་མི་ཆོག་ཅིང་། ཁྲིམས་དང་འགལ་བའི་སྲིད་གཞུང་གི་ཡིག་ཆ་ཁག་རྩ་བ་ཉིད་ནས་ནུས་མེད་དུ་མ་བཏང་ན་ཡིག་ཆ་དེ་ལོ་འགའ་འགོར་རྗེས་ཡང་བསྐྱར་རོ་ལངས་རྒྱབ་ནས་ལག་བསྟར་བྱེད་པས། ང་ཚོས་ཞང་ཀང་བས་རང་གི་རང་སྐྱོང་ཁྲིམས་ལུགས་ལ་སེར་ག་དང་གས་ག་ཤོར་དུ་མི་འཇུག་པར་གཡག་གིས་རྔ་མ་སྲུང་བ་ལྟར་དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོབ་བྱེད་པའི་ཐབས་དང་སྙིང་སྟོབས་ལ་སློབ་སྦྱོང་དང་མིག་དཔེར་ལྟ་འོས་ཟེར་དོན་ཡང་དེ་ལ་ཐུག