མི་རིགས་རང་སྐྱོང་ས་ཁུལ་དུ་རིགས་སོ་སོའི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་ཆོག་པའི་ཐོབ་ཐང་ནི་རྩ་ཁྲིམས་ཀྱིས་མི་རིགས་སོ་སོའི་སྤྱི་དམངས་ལ་བསྩལ་བའི་ཐོབ་ཐང་གལ་ཆེན་ཞིག་ཡིན་ཕྱིན། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་དང་ཉེས་དོན་གཏུག་བཤེར་ཁྲིམས་ལ་སོགས་པའི་གཞི་རྩའི་རང་བཞིན་ཅན་གྱི་ཁྲིམས་ལུགས་ཁག་གིས་ཐོབ་ཐང་དེ་ནན་ཏན་གྱིས་གཏན་དབབ་བྱས་པས་མི་ཚད་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཆར་གཞི་ཞེས་བྱ་བའི་ནང་དུའང་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཏུག་བཤེར་བྱེད་ཆོག་པའི་ཐོབ་ཐང་ལ་སྲིད་གཞུང་གིས་ཁག་ཐེག་བྱ་དགོས་ཞེས་གཏན་ལ་འཁེལ་ཡོད། གཙོ་འཛིན་ཞི་ཅུན་ཕུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་གསུམ་པའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་ཀྱང་བཤད་ཡོད་མོད། འོན་ཀྱང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གོང་གི་ཁྲིམས་ལུགས་དང་གཙོ་འཛིན་གྱི་ལམ་སྟོན་འདི་དག་བོང་བུའི་རྣ་བར་གསེར་བླུགས་ཀྱང་ཐབ་ཐབ། བྱེ་མ་བླུགས་ཀྱང་ཐབ་ཐབ་ལྟར་བཞག་སྟེ་དོ་སྣང་ཡེ་ནས་མི་བྱེད། དེ་གང་གིས་མཚོན་ཞེ་ན། ༢༠༢༠་ལོའི་ཟླ་དང་པོའི་ཚེས་༡༠་

ཉིན། མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་དྲུག་པའི་ཚོགས་འདུ་ཡིས་མཚོ་ལྷོ་ཁུལ་རང་སྐྱོང་སྲོལ་ཡིག་ལ་འཕར་བཅོས་བཏང་སྟེ། རང་སྐྱོང་སྲོལ་ཡིག་སྔོན་མས་གཏན་དབབ་བྱས་པས་རིགས་སོ་སོའི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱས་ཆོག་པའི་ཐོབ་ཐང་ལ་སྲིད་གཞུང་གིས་ཁག་ཐེག་བྱེད་དགོས་ཞེས་པའི་ཚན་པ་གལ་ཆེན་དེ་རྒྱུ་མཚན་དང་གསལ་བཤད་ཅི་ཡང་མེད་པར་བསུབས་པ་འདིས་མཚོན་ཐུབ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་རིགས་མི་གྲངས་ཀྱིས་མང་ཁ་ཟིན་པའི་རང་སྐྱོང་ཁུལ་ཞིག་ཡིན་པ་དང་། ཁུལ་དེའི་མངའ་འོག་གི་རྫོང་ལྔའི་ནང་ཁྲི་ཀ་རྫོང་གི་བོད་རིགས་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་མི་གྲངས་ཀྱི་ཕྱེད་ཀ་ཟིན་མེད་པ་མ་གཏོགས། གསེར་ཆེན་རྫོང་གི་མི་གྲངས་ཀྱི་བརྒྱ་ཆའི་ལྔ་ཅུ་ང་གཅིག་ཡན་དང་། མང་རྫོང་གི་མི་གྲངས་ཡོངས་ཀྱི་བརྒྱ་ཆའི་དོན་ལྔ་ཡན། བྲག་དཀར་རྫོང་གི་བརྒྱ་ཆའི་བདུན་ཅུ་ཡན། འབའ་རྫོང་གི་བརྒྱ་ཆའི་དགུ་ཅུ་ཡན་བོད་རིགས་ཀྱིས་ཟིན་ཡོད་པས་ཁུལ་ཡོངས་ཀྱི་མི་གྲངས་ཕལ་ཆེ་བ་བོད་རིགས་ཡིན། དངོས་ཡོད་གནས་བབ་དེ་ལ་གཞིགས་ཏེ་༡༩༨༧་ལོའི་ཟླ་༤་བའི་ཚེས་༢༥་ཉིན་མཚོ་ལྷོ་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་དབབ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་གི་ནང་དུ་མཚོ་ལྷོ་ཁུལ་གྱི་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་བཤེར་གཅོད་དང་ཞིབ་དཔྱོད་ལས་དོན་སྒྲུབ་པའི་སྐབས་སུ་བོད་རྒྱ་སྐད་ཡིག་གཉིས་མཉམ་དུའམ་སོ་སོར་བཀོལ་སྤྱོད་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་ཐོབ་ཐང་ལ་ཁག་ཐེག་བྱེད་དགོས་པ་དང་། བཅད་ཁྲ་ལ་སོགས་པའི་ཁྲིམས་ཡིག་ཀྱང་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ་བོད་ཡིག་རྒྱ་ཡིག་གཉིས་ཀྱིས་བསྒྲགས་དགོས་ཞེས་གཏན་དབབ་བྱས། ༢༠༠༥་ལོའི་ཟླ་༣་པའི་ཚེས་༦་ཉིན་མཚོ་ལྷོ་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མཚོ་ལྷོ་ཁུལ་རང་སྐྱོང་སྲོལ་ཡིག་ལ་འཕར་བཅོས་བྱེད་སྐབས། མཚོ་ལྷོ་ཁུལ་རང་སྐྱོང་སྲོལ་ཡིག་ནང་གི་གྲངས་ཉུང་མི་རིགས་ཀྱི་རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་ཐོབ་ཐང་དང་ཉེས་འཛུགས་གཞུང་ཡིག་དང་བཅད་ཁྲ་ལ་སོགས་པའི་ཁྲིམས་ཡིག་ཀྱང་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ་བོད་རྒྱ་ཡིག་གཉིས་ཀྱིས་བསྒྲག་དགོས་ཞེས་པའི་སྔོན་གྱི་གཏན་འཁེལ་དེ་སོར་བཞག་བྱས། རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱས་ཆོག་པའི་ཐོབ་ཐང་ནི་རྩ་ཁྲིམས་ཐོབ་ཐང་གི་ཡ་གྱལ་གལ་ཆེན་ཞིག་ཡིན་པའི་རང་བཞིན་དང་རྒྱུ་མཚན་འདིར་སྤྲོས་ན་མངས་སུ་དོགས་ནས་ཚིག་ཚོགས་བསྐྱུངས། ལྷག་པར་དུ་དོ་བདག་གི་ལུས་སྲོག་ལོངས་སྤྱོད་ལ་ཐད་གར་འབྲེལ་བ་ཡོད་པའི་ཉེས་དོན་གཏུག་བཤེར་གྱི་སྐབས་སུ་རང་གི་སྐད་ཡིག་ལ་བརྟེན་ནས་ཁྲིམས་རྭ་སོགས་སུ་རྩོད་སྒྲུབ་བྱེད་པ་ནི་མེད་དུ་མི་རུང་བའི་ཐོབ་ཐང་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། དེ་མེད་པར་བཏང་ན་ཉེས་དོན་གཏུག་བཤེར་གྱི་བརྒྱུད་རིམ་དྲང་བདེན་ལ་བར་ཆད་བྱེད་པས་བཤེར་གཅོད་དྲང་བདེན་ཡོང་བའི་གནོད་བྱེད་དུ་འགྱུར། མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྤྱི་དམངས་ཀྱི་ཐོབ་ཐང་གལ་ཆེན་འདི་བར་མེད་དུ་བསུབས་པ་འདི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས། ཁྲིམས་བཅའ་བའི་ཁྲིམས། ཉེས་དོན་གཏུག་བཤེར་ཁྲིམས། དམངས་དོན་གཏུག་བཤེར་ཁྲིམས། སྲིད་འཛིན་གཏུག་བཤེར་ཁྲིམས་དང་མི་དམངས་ཁྲིམས་ཁང་རྩ་འཛུགས་ཁྲིམས་བཅས་པའི་དེའི་བླ་ཁྲིམས་དག་ལ་མངོན་གསལ་དུ་རྒྱབ་འགལ་བྱས་ཤིང་། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་མི་རིགས་རང་སྐྱོང་ལ་ཆེད་དུ་གཏན་དབབ་བྱས་པའི་རྩ་དོན་ལ་ལྡོག་ཕྱོགས་ཀྱི་འཕར་བཅོས་དང་འགྱུར་བ་གཏོང་མི་ཆོག་པ་དེ་ཁྲིམས་བཅའ་བའི་ཁྲིམས་ཀྱིས་བཀག་པས། མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་སྤྱི་དམངས་དམངས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་སྐད་ཡིག་ཐོབ་ཐང་དེ་ནག་བསུབ་ཏུ་གཏོང་བའི་དབང་ཐང་མེད།

མདོར་ན། གཙོ་འཛིན་ཞི་ཅིན་ཕིན་གྱིས་ཉེ་བའི་ཆར་ཀྲུང་དབྱང་གི་ཕྱོགས་ཡོངས་སུ་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཚོགས་འདུའི་སྟེང་ཕྱོགས་ཡོངས་སུ་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་དེ་ཡིན་ཞེས་ནན་ཏན་གྱིས་བཤད་པའི་ལམ་སྟོན་བཞིན། ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་མི་རིགས་ལས་དོན་ལྷན་ཁང་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ལྷན་ཁང་བཅས་ལ་རྩ་ཁྲིམས་ཀྱི་གཏན་དབབ་དང་བརྒྱུད་རིམ་ལྟར་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ཞལ་ལྕེ་ཁེ་དབང་། མི་དམངས་ཁྲིམས་ཁང་གི་བོད་སྐད་ཡིག་གིས་ཞལ་ལྕེ་གཅོད་པའི་དབང་ཆེན་བཅད་ཀྱི་དབང་ཐང་ལ་གནོད་པ་ཚབས་ཆེན་བསྐྱེད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གསར་བ་དེ་ནུས་མེད་དུ་བཟློག་སྟེ། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་མཚོ་ལྷོ་ཁུལ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བཟོད་གསོལ་དང་འགྲེལ་བརྗོད་བྱེད་དགོས་པའི་བཀའ་བསྒོ་འདོན་པའི་རེ་འདུན་ཞུས་པ་ཡིན། རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ལྷན་ཁང་གིས་དེ་ལྟར་བགྱིས་ན་མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་དང་ཁྲིམས་བཟོ་ལས་ཁུངས་ཀྱིས་དབང་ཚད་ལས་བརྒལ་དེ་རྩ་ཁྲིམས་ཀྱི་སྙན་གྲགས་དང་རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཐང་ལ་གནོད་པའི་ས་གནས་ཁྲིམས་སྲོལ་བཟོས་དང་བཟོ་བཞིན་གྱི་གནད་དོན་རྒྱུན་འབྱམས་སུ་གྱུར་བ་མཐའ་དག་འགོག་ཐུབ་པ་མ་ཟད། རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མི་རྣམས་དང་ཏང་སྲིད་ལས་ཁུངས་དག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཚད་མཐུན་ཀྱིས་ཁྲིམས་བཅའ་དགོས་པའི་སྲིད་ཇུས་ཡང་དག་ལ་ངེས་ཤེས་རྣལ་མ་འདྲོང་བར་གདོན་མི་ཟ་བར་ཕན་ནོ །།