དྲག་ཤུལ་ཐབས་ཚུལ་ཞེས་བ་ནི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་དང་། ཡང་ན་ཁྲིམས་ཁང་སོགས་ཀྱིས་ཉེས་དོན་ཞུ་སྦྱོར་བདེ་བླག་ཡོང་ཆེད་ཁྲིམས་ལྟར་དོགས་གཞི་མི་སྣའམ་གྱོད་ཡ་དུས་ངེས་ཅན་ནང་བཟུང་བཀྱིག་བཀག་གསུམ་བྱེད་པའམ་དེའི་འགྲོ་འདུག་གི་རང་དབང་སོགས་ལ་ཚད་འཛིན་པའི་ཁྲིམས་མཐུན་གྱི་དབང་དྲག་གི་ཐབས་ཚུལ་ལ་གོ རྒྱ་སྐད་སྐད་དུ་༼强制措施༽ཟེར་། དེ་ལ་དབྱེ་ན་ལྔ་ཡོད་པ་དང་། དང་བོ་བཙན་འགུགས། གཉིས་བ་གཏའ་གྲོལ། གསུམ་པ་བསྡོད་གནས་ལྟ་རྟོག བཞི་བ་བཀག་ཉར་དང་ལྔ་བ་འཛིན་བཟུང་བཅས་ཡིན།

འཛིན་བཞུང་།

བཙན་འགུགས་ཞེས་བ་ནི་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བཟུང་བཀྱིག་མ་བྱས་བའི་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་བཙན་དྲག་གིས་ས་གནས་ངེས་ཅན་ལ་བོས་སམ་ཁྲིད་ཏེ་འདྲི་རྩད་བྱེད་པའི་ཐབས་ཚུལ་ལ་གོ དེའི་དུས་ཡུན་ཆུ་ཚོད་༡༢ལས་འདའ་མི་ཆོག་པ་དང་ཡིན་ནའང་གྱོད་གཞི་ཤིན་ཏུ་ཚབས་ཆེ་བའི་དོགས་གཞི་མི་སྣ་དུས་ཚོད་༢༤་བར་དུ་འགྱང་ཆོག འབོད་འགུགས་བྱེད་སྐབས་་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཛིན་གྱིས་ས་ཡིག་བཀོད་པའི་བརྡ་སྦྱོར་དོགས་གཞི་མི་སྣར་སྟོན་དགོས་བ་དང་། འདྲི་རྩད་ཚར་རྗེས་དོགས་གཞི་མི་སྣ་མྱུར་དུ་གློད་གྲོལ་གཏོང་དགོས། དོགས་གཞི་མི་སྣ་འཛིན་བཟུང་ངམ་བཀག་ཉར་བྱེད་རྒྱུ་ཡིན་ན་དུས་ཚོད་༢༤ནང་དུ་འབྲེལ་ཡོད་ཆོག་མཆན་སྐོར་གྱི་ལས་ཀ་ཚགས་སུ་ཚུད་དགོས། རྒྱ་སྐད་དུ་ཐབས་ཚུལ་འདི་ལ་༼ 拘传༽ཟེར།

གཏའ་གྲོལ་ནི་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ཀྱིས་ཁྲིམས་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱི་བཀའ་ལྟར་ཁེག་ཐག་མི་སྣ་བཙལ་བའམ་གཏའ་སྒོར་ཕུལ་ནས་བཟུང་བཀྱིག་མི་བྱེད་པར་དུས་ལྟར་ཁྲིམས་སར་ཡོང་རྒྱུ་ཡིན་པ་ཁག་ཐེག་བྱེད་པའི་ཐབས་ཚུལ་ལ་གོ དོགས་གཞི་མི་སྣའམ་གྱོད་ཡ་སོ་སོའི་རྫོང་ངམ་གྲོང་ཁྱེར་ལས་གཞན་པའི་གནས་ཡུལ་ལ་འགྲིམ་རྒྱུ་ཡིན་ན་སྤྱི་བདེ་ལས་ཁང་གི་ཆོག་མཆན་སྔོན་ནས་ཞུ་དགོས། གཏའ་གྲོལ་གྱི་དུས་ཡུན་ནི་ཟླ་བ་༡༢ལས་འདའ་མི་ཆོག གཏའ་སྒོར་གྱི་གྲངས་ཉུང་མཐའ་སྒོར་༡༠༠༠ཡིན། གཏའ་མིས་ཁག་ཐེག་དང་ལེན་མ་བྱས་བར་དོགས་གཞི་བ་དང་གྱོད་ཡ་བྲོས་ན་ཆད་པ་སྒོར་མོ་༡༠༠༠ནས་༢༠༠༠༠ཡིན་སྲིད། གཏའ་གྲོལ་བཤེར་སྒུག་ལ་ཁྲིམས་ཀྱིས་གཏན་དུ་འཁེལ་བའི་རྣམ་པ་དུ་མ་ཡོད་པས་ཕྱིས་སུ་རེ་རེ་བཞིན་ཞིབ་ཏུ་བཤད་པར་བྱ།  རྒྱ་སྐད་ཀྱི་ནང་དུ་ཐབས་ཚུལ་འདི་ལ་༼ 取保候审༽དང་ཡང་ན་ ༼保释༽ཟེར་གི་ཡོད།

བསྡོད་གནས་ལྟ་རྟོག་ཅེས་བ་ནི་ཁྲིམས་འཛིན་དང་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་ཞུ་སྦྱོར་གྱི་སྐབས་སུ་དོགས་གཞི་མི་སྣའམ་གྱོད་ཡ་སོ་སོའི་བསྡོད་གནས་སམ་གཏན་འཁེལ་གྱི་བསྡོད་གནས་ལས་འདའ་བའི་ཡུལ་གཞན་ལ་འགྲོ་མི་ཆོག་པའི་ཚད་བཟུང་ནས་དེ་དག་གི་འགྲོ་འདུག་རང་དབང་ལ་ཚད་འཛིན་པ་དང་ལྟ་རྟོག་བྱེད་པའི་དྲག་ཤུལ་གྱི་ལས་ལ་གོ དེའི་དུས་ཡུན་ཟླ་བ་༦ལས་བརྒལ་མི་ཆོག བསྡོད་གནས་ལྟ་རྟོག་གི་སྐབས་སུ་དོགས་གཞི་བའམ་གྱོད་ཡ་སོ་སོའི་བསྡོད་གནས་ནས་གཞན་ལ་རྒྱུ་བའམ་གང་ཟག་གཞན་ལ་ཐུག་འཕྲད་བྱེད་ཀྱི་ཡིན་ན་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་ཡོད་དགོས།  རྒྱ་སྐད་ནང་༼监视居住༽ཟེར་བ་ཐབས་ཚུལ་འདི་ལ་གོ

བཀག་ཉར་ནི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་བརྩད་གཅོད་ཀྱི་ཁྲོད་དུ་ནག་ཉེས་བྱེད་བཞིན་པའི་གང་ཟག་གམ་ཡང་ན་གནད་ཡོད་ཀྱི་དོགས་གཞི་མི་སྣ་སོགས་དུས་ངེས་ཅན་ནང་དུ་བཟུང་བཀྱིག་བྱས་སྟེ་འདྲི་བརྩད་བྱེད་པའི་དྲག་ཤུལ་ཐབས་ཚུལ་ཞིག་ལ་གོ་དགོས། བཀག་ཉར་རང་ག་བའི་དུས་ཡུན་ནི་ཉིན་༡ནས་༧ཡིན་པ་དང་ཆ་རྐྱེན་དུ་མའི་འོག་ཉིན་༣༧བར་དུ་འགྱང་སྲིད། བཀག་ཉར་བྱས་རྗེས་མུ་མཐུད་ནས་བཟུང་བཀྱིག་བྱེད་ཀྱི་ཡིན་ན་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་འཛིན་བཟུང་གི་ཆོག་མཆན་ཞུ་དགོས་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉིན་༧ཚུན་ཆོག་མཆན་འགོད་དགོས། ཆོག་མཆན་མ་ཐོབ་ན་ཉེས་དོགས་པ་འཕྲལ་དུ་གློད་གྲོལ་བྱེད་དགོས།   རྒྱ་སྐད་ཀྱིས་ཐབས་ཚུལ་འདི་ལ་༼拘留༽ཟེར།

འཛིན་བཟུང་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་གཞི་མི་སྣའམ་གྱོད་ཡ་བཟུང་བཀྱིག་བྱེད་དགོས་བའི་ཐག་བཅད་ནས་སྤྱི་བདེ་ལས་ཁུངས་ཀྱི་ལག་བསྟར་དུ་བླངས་ཏེ་དོགས་གཞི་མི་སྣའམ་གྱོད་ཡ་གཏན་ཏུ་འཁེལ་བའི་བཟུང་བཀྱིག་གི་གནས་སུ་དུས་ཡུན་ངེས་ཅན་བཀག་བཀྱིག་བྱས་ཏེ་འགྲོ་འདུག་གི་རང་དབང་མེད་པར་བཏང་བ་དེ་ལ་གོ འཛིན་བཟུང་བྱེད་པའི་ཆ་རྐྱེན་ནི་དོགས་གཞི་བའམ་གྱོད་ཡར་དུས་ཅན་ཡན་གྱི་བཙོན་ཆད་ཕོག་སྲིད་པ་དང་སྤྱི་ཚོགས་སུ་རྒྱ་ཡན་དུ་བཏང་ན་གང་ཟག་གཞན་དང་དཔང་མི་སོགས་ལ་གནོད་སྲིད་པ་མ་ཟད་ནག་ཉེས་གསར་བ་བྱེད་སྲིད་པའི་གནས་ཚུལ་་སོགས་ཡོད་ན་ད་གཟོད་འཛིན་བཟུང་བྱེད་དགོས། འཛིན་བཟུང་རྗེས་ཀྱི་བརྩད་གཅོད་ཀྱི་དུས་ཡུན་ནི་ཟླ་བ་༢་ཡིན་པ་དང་། དེས་མ་འདང་ན་གོང་རིམ་གྱི་ཆོག་མཆན་དང་ངེས་ཅན་གྱི་ཆ་རྐྱེན་ལས་ཟླ་༧བར་དུ་བསྲིང་ཆོག དྲག་ཤུལ་ཐབས་ཚུལ་གྱི་ཐབས་ཚུལ་རེ་རེ་རྗེས་མར་མུ་མཐུད་ནས་གསལ་བརྗོད་བྱེད་ཀྱི་ཡིན།  འཛིན་བཟུང་ལ་རྒྱ་སྐད་ཀྱིས་༼逮捕༽ཟེར།