ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་བཟློག་སྟེ། བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་སྐུལ་སློང་བྱས་པའི་ཉེས་མིང་འོག་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཐོག་མ་དེ་ལ་རྒྱབ་སྐྱོར་བྱས་པའི་མཐའ་མའི་བཅད་རྒྱ་བཏབས། རང་ལོ་༣༣་ཡིན་པའི་ཁོང་ནི། ༢༠༡༦་ལོའི་ཟླ་༡་ཚེས་༢༧་ཉིན་ལ་ཡུལ་ཤུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཁ་བྲལ་སྐུལ་སློང་བྱས་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་ གཞུང་ཕྱོགས་ཀྱིས་ཉེས་འཛུགས་བྱེད་དོན་ནི། ཁོང་གིས་ཨ་རིའི་རྒྱལ་ཁབ་ཀྱི་ཉིའུ་ཡོག་དུས་བབ་ལ་བོད་ཁུལ་གྱི་སྐད་ཡིག་ཐོབ་ཐང་ཤིན་ཏུ་ཐེབས་ཆག་ཡིན་ཚུལ་བརྗོད་དེ་རྒྱལ་ཁབ་དང་སྲིད་གཞུང་གི་མཚན་སྙན་དང་

གཟི་བརྗིད་ལ་གནོད་པ་བྱས་སོང་སྐད། ༢༠༡༨་ལོའི་ཟླ་༡་ནང་ལ་འཇུ་བཟུང་བྱས་ཏེ་ལོ་གཉིས་ཟིན་ཙམ་གྱི་དུས་སུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ད་གཟོད་ཁྲིམས་བཤེར་ཐོག་མ་བྱས་ཏེ་ཟླ་༥་པའི་ཚེས་༢༢་ཉིན་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་སྐུལ་སློང་བྱས་པའི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། བཀྲ་ཤིས་དབང་ཕྱུག་གིས་བཅད་ཁྲ་དེ་ལ་ངོས་ལེན་མ་བྱས་པར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་གི་ཞུ་སྦྱོར་བྱས་ཀྱང་། ༢༠༡༨་ལོའི་ཟླ་༧་པའི་ཚེས་༣༠་ཉིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་བཟློག་སྟེ་བཅད་རྒྱ་མཐའ་མ་བསྒྲགས།

བཀྲ་ཤིས་དབང་ཕྱུག་གིས་བསམ་ན། བོད་རང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་གི་ཐོབ་ཐང་ལ་ཁག་ཐེག་དང་རྒྱབ་སྐྱོར་མི་བྱེད་པའི་གནས་ཚུལ་ནི་ཁྲིམས་དང་རྒྱལ་ཁབ་ཀྱི་སྲིད་བྱུས་དང་རྒྱབ་འགལ་དུ་སོང་བར་འདོད། དེའི་རྒྱུ་མཚན་གྱིས་ཁོང་གིས་ཁྲིམས་འགལ་གྱི་གནས་ཚུལ་འདི་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་ལ་ཞུ་གཏུག་བྱས་པར་སོང་ཡང་། ལས་ཁུངས་དེ་དག་གིས་ཁོང་སྣང་མེད་དུ་བཞག་སྟེ་སྣེ་ལེན་ཡེ་ནས་མ་བྱས། དེ་ནས་ཁོ་རང་ཐབས་ཟད་འུ་ཐུག་ནས་བོད་ཁུལ་གྱི་ས་གནས་སྲིད་གཞུང་གིས་བོད་སྐད་ཡིག་ལ་དོ་སྣང་མི་བྱེད་པའི་དངོས་ཡོད་གནས་ཚུལ་ཨ་ཪིའི་ཉིག་ཡོག་དུས་བབ་ཀྱི་གསར་འགོད་པ་བརྒྱུད་ནས་བརྙན་ཐུང་བཟོས་ཏེ་འཛམ་གླིང་ལ་བསྒྲགས། ཡུལ་ཤུལ་མི་དམངས་སྲིད་གཞུང་གིས་ཁོང་གིས་བདེན་པ་སུན་འབྱིན་བྱས་པའི་སྡུག་ཡུས་མ་ཐེག་པར་བཀྲ་ཤིས་དབང་ཕྱུག་འཕྲལ་དུ་བཙོན་ལ་བཅུག

བཀྲ་ཤིས་དབང་ཕྱུག་གིས་བཤད་པའི་སྐད་ཆ་བདེན་པ་ཡིན་མིན་ང་ཚོས་བོད་ཡིག་འབྲུ་རྡོག་གཅིག་ཀྱང་མེད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བཅད་རྒྱ། བོད་སྐད་ཚིག་གཅིག་མེད་པའི་ཁྲིམས་ར་གོང་འོག་གི་ཁྲིམས་བཤེར་བཅས་ཀྱི་གནས་སྟངས་ལ་བལྟས་ན་ཟུར་བསྟན་ལེབ་མཐོང་ཡོང་ཐུབ། བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་བྱེད་པའི་སྐབས་སུ། བོད་ཀྱི་ས་ཁུལ་ཡོངས་ཀྱི་ནང་ནས་མི་མང་༡༢༠་ལྷག་གིས་མིང་ཐོ་བཀོད་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་ལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་བོད་སྐད་ཡིག་ལ་མཐོང་ཆེན་དང་བརྩི་བཀུར་དང་བཀོལ་སྤྱོད་བྱེད་དགོས་པའི་རེ་འབོད་ཞུ་བའི་སྙན་ཞུ་ཡི་གེ་ཞིག་ཕུལ། 

ས་གནས་སྲིད་གཞུང་གིས་མི་རིགས་དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་མི་རིགས་སློབ་གསོའི་སྲིད་བྱུས་དང་ལག་ལེན་ལས་ད་སྐབས་བོད་ཁུལ་ན་བོད་རྒྱ་སྐད་གཉིས་ཀྱི་ཤེས་ཡོན་པ་ཤིན་ཏུ་ཉག་ཕྲ་བའི་གནས་ཚུལ་ལྷག་པ་རེད། དཔེར་ན། བོད་རིགས་རང་སྐྱོང་ཁུལ་དྲུག་ལ་དབང་བསྒྱུར་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་དབུས་འགྱུར་གྲོང་ཁྱེར་ཟི་ལིང་ལྟ་བུར་མཚོན་ན། ས་གནས་དེ་ན་བོད་རིགས་འབུམ་གཉིས་ལྷག་གིས་གཞུང་དོན་དང་ཚོང་ལས་སོགས་སྒྲུབ་བཞིན་ཡོད་ཀྱང་། ད་ལྟ་བར་དུ་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་ཆ་དེ་རུ་བོད་རིགས་སློབ་ཆུང་དང་སློབ་འབྲིང་གཅིག་ཀྱང་བཙུགས་མེད།  ༡༩༩༧་ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟི་ལིང་ནས་ལོ་རིམ་དགུ་མཐུད་ཀྱི་བོད་སོག་སློབ་གྲྭ་ཞིག་འཛུགས་དགོས་པའི་བཀའ་བསྒོའི་ཡིག་ཆ་བབས་ཀྱང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཡིག་ཆ་དང་བཀའ་བསྒོ་དེ་ད་རག་བར་དུ་སྣང་མེད་དུ་བཞག ལོ་བཅུའི་སྔོན་དུ་མཚོ་སྔོན་དང་ཟི་ལིང་གྲོང་ཁྱེར་གྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་འགའ་ཡིས་གནས་ཚུལ་དེ་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་བཙན་འདྲི་བྱས་པར། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ད་གཟོད་བོད་རིགས་སློབ་ཆུང་འཛུགས་པའི་སྒོར་མོ་མེད་ཅེས་ལན་བཏབས། ཟི་ལིང་ན་བོད་རིགས་མཐོ་རིམ་ལས་བྱེད་པ་མི་ཉུང་བ་ཞིག་གིས་ལས་དོན་སྒྲུབ་པའམ་བགྲེས་ཡོལ་བྱས་ཏེ་བསྡད་ཡོད། ཁོང་ཅག་གི་བུ་ཕྲུག་ལ་བོད་སྐད་ཡིག་གི་འོས་འགན་སློབ་གསོ་མ་རག་པར་རྒྱ་རིགས་སློབ་ཆུང་དུ་མི་འགྲོ་ཐབས་མེད་དུ་གྱུར་ཡོད་ནའང་ཁོང་ཚོར་འདིའི་སྐོར་ལ་སྐད་ཆ་བཤད་པའི་སྙིང་སྟོབས་དབེན། གང་ཡིན་ཞེ་ན། གལ་ཏེ། ཁོང་ཚོས་ཟི་ལིང་དུ་བོད་རིགས་སློབ་ཆུང་དགོས་ཞེས་ཁ་གྲག་པ་ཡིན་ན། ཁོང་ཅག་གི་དོ་ཟླས་འཕྲལ་དུ་ཁོང་ཅག་ནི་མི་རིགས་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་ཉེས་འཛུགས་དང་སྤྱོ་བར་བྱེད་པས་དེ་ལ་འཇིགས་ཤིང་ཞེད་པའི་རྒྱུ་མཚན་དང་། རང་གི་ཐོབ་དང་གོ་ས་ཤོར་བར་སྐྲག་པའི་རྒྱུ་མཚན་གྱིས་ཟི་ལིང་གི་བོད་རིགས་དཔོན་ཆེན་རྣམས་ཁོག་ནས་མེ་འབར་རུང་ཁ་ནས་དུ་བ་མ་ཡོང་བར་དགུན་གྱི་ཁུ་བྱུག་ལྟར་འདུག་དགོས་པའི་གནས་སུ་ལྷུང་ཡོད་ན་བོད་རིགས་མི་མང་ཕལ་བ་རྣམས་ལྟ་ཅི་སྨྲོས། མང་ཚོགས་དཀྱུས་མ་ཞིག་གིས་ས་གནས་སྲིད་གཞུང་གི་མི་རིགས་ལས་དོན་འཐུས་ཤོར་ཕྱིན་སོང་ཞེས་ཁ་གྲག་ཚེ་སྲིད་གཞུང་གིས་དེ་མ་ཐག་མི་དེ་བཙོན་འཇུག་དང་མནར་གཅོད་གཏོང་གི་རེད། ཞོགས་ལྗང་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྱི་གྱོད་གཞི་ཡིས་ས་གནས་སྲིད་གཞུང་གི་ལས་ཀ་བྱེད་སྟངས་འདི་ཚོ་གསལ་པོར་མཚོན་ཐུབ་པས་མང་ཚོགས་རྣམས་ཁ་རོག་གེར་མི་འདུག་ག་མེད་དུ་གྱུར། 

ཟི་ལིང་མི་དམངས་སྲིད་གཞུང་ལ་སྒོར་མོ་མེད་ཅེས་པ་ནི་རྫུན་ཡིན་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་སྔོན་མ་སའོ་རོང་(苏荣)དང་ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་སྔོན་མ་མའོ་ཞོ་པུན་(毛小兵)སོགས་ཀྱིས་ལྐོག་ཟ་བྱས་པའི་དངུལ་སྒོར་གྱིས་བོད་རིགས་སློབ་ཆུང་ཉི་ཤུ་སུམ་ཅུ་ལྷག་འཛུགས་ཐུབ་པ་མ་ཟད། ནང་ལོགས་ལ་དབོར་འདྲེན་བྱས་དང་བྱེད་བཞིན་པའི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཁོངས་ཀྱི་ཚྭ་རིན་གྱིས་ཀྱང་བོད་སོག་སློབ་ཆུང་བརྗོད་ལས་འདས་པ་ཞིག་འཛུགས་ཐུབ། མ་ཟད་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་ཧེ་རིགས་འབུམ་གསུམ་ལྷག་ཡོད་པ་ཁོང་ཚོར་ཧེ་རིགས་སློབ་ཆུང་དང་སློབ་འབྲིང་༥་ལྷག་བཙུགས་ཡོད་པ་དང་། ཟི་ལིང་གི་རྒྱ་རིགས་རྣམས་ལ་གྲོང་ཁྱེར་སྲིད་གཞུང་གིས་སློབ་ཆུང་བརྒྱ་ལྷག་བཙུགས་ཡོད། སྲིད་གཞུང་གིས་ཟི་ལིང་མངའ་ཁོངས་ནས་རྒྱ་རིགས་དྲུག་སྟོང་མ་ཟིན་རེ་ལ་སློབ་གྲྭ་གཅིག་རེ་དང་ཧེ་རིགས་ཁྲི་བདུན་རེ་ལ་སློབ་གྲྭ་གཅིག་རེ་བཙུགས་ནས། བོད་པ་འབུམ་གཉིས་མ་ལྷག་ལ་སློབ་གྲྭ་གཅིག་ཀྱང་མི་འཛུགས་པ་འདིས་ཅི་མཚོན། གཞུང་ཕྱོགས་ཀྱིས་བོད་རིགས་སློབ་ཆུང་གཅིག་ཡོད་ཟེར་བ་དེའང་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ལེ་བརྒྱད་ཅུའི་ཕ་རོལ་གྱི་སྟོང་སྐོར་རྫོང་གི་རི་བོ་ཉི་ཟླ་སློབ་ཆུང་དེ་ལ་ཟེར།

ས་གནས་སྲིད་གཞུང་གིས་གོང་རིམ་ལ་མགོ་སྐོར་བཏང་ཞིང་གཞི་རིམ་ལ་བརྙས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བྱས་ཏེ་བོད་རིགས་ལ་ཁྱད་གསོད་དང་མནར་གཅོད་བྱེད་པའི་གནས་ཚུལ་བོད་ཁུལ་ན་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་དང་བྱུང་བཞིན་པ་རེད། འདི་འདྲའི་མི་མངོན་པའི་གཉའ་གནོན་འོག་ཏུ་བཀྲ་ཤིས་དབང་ཕྱུག་ལགས་དཔའ་སྤོབས་ལྡན་པའི་སྒོ་ནས་ལངས་ཏེ་བདེན་པ་བརྗོད། ཁོང་གིས་བཤད་པའི་སྐད་ཆ་ནི་བོད་ཁུལ་གྱི་བོད་རིགས་ཡོངས་ཀྱིས་བཤད་འདོད་ཀྱང་བཤད་པར་སྐྲག་ནས་བཤད་མ་ཐུབ་པར་ཡོད་པའི་སྐད་ཆ་ཡིན། ཕྱི་རྒྱལ་གྱི་བརྡ་འཕྲིན་ལ་བརྟེན་ནས་ཁོང་གིས་བཤད་པའི་སྐད་ཆ་འཛམ་གླིང་གང་སར་ཁྱབ་ཅིང་ཏང་ཀྲུང་དབྱང་གི་རྣ་ལམ་དུའང་ཐོན། འདི་འདྲའི་དུས་ཚོད་དང་གནས་སྟངས་ཛ་དྲག་གི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ས་གནས་ཁྲིམས་ཁང་གིས་ནོར་འཁྲུལ་ལ་ཡོ་བསྲང་མི་བྱེད་པར་བྲེལ་འཚུབ་ངང་ཡུལ་ཤུལ་ཁྲིམས་ཁང་གི་བཅད་ཁྲ་ལ་རྒྱབ་སྐྱོར་བྱས་ན་ནོར་འཁྲུལ་སྟེང་དུ་ཡང་ནོར་འཁྲུལ་ལས་པ་མ་རེད་དམ། 

རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་རྣམས་ཀྱང་རིགས་རྒྱུད་ཚར་གཅོད་དང་མི་རིགས་དབྱེ་འབྱེད་ཀྱི་ལོ་རྒྱུས་བརྒྱུད་ནས་ཚུར་ཡོང་བ་ཞིག་ཡིན། ཁོང་ཚོའི་བློ་སེམས་ཀྱི་ནང་དུ་སྲིད་གཞུང་གིས་མི་རིགས་ཤིག་གི་སྐད་ཡིག་ཐོབ་ཐང་ལ་ཚད་བཀག་དང་ནུས་མེད་དུ་བཟོ་སྐབས་སྲིད་གཞུང་དེ་ལ་མི་རིགས་དེ་རྩ་མེད་དུ་བཟོ་འདོད་པའི་ངམ་གནག་གི་འདུན་མ་ཡོད་པ་ཤེས། དེའི་ཕྱིར། རྒྱལ་ཁབ་དེ་དག་གི་མི་མང་གིས་རང་རང་གི་འཐུས་མི་ལ་གནོན་ཤུགས་སྤྲད་ཀྱང་འཐུས་མིས་སྲིད་གཞུང་ལ་གནོན་ཤུགས་སྤྲད་མཐར། སྲིད་གཞུང་དེ་དག་གིས་མི་མང་གི་ཚབ་བྱས་ནས་ཡུལ་ཤུལ་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བཀྲ་ཤིས་དབང་ཕྱུག་བཟུང་བཀྱིག་དང་ཉེས་ལྡན་ཡིན་པའི་ཁྲིམས་བཅད་བཅས་ལ་སྤྱོས། ཡུ་རོབ་མནའ་འབྲེལ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཡུལ་ཤུལ་ཁུལ་ཁྲིམས་འཛིན་ལས་ཁུངས་ལ་སྐྱོན་བརྗོད་བྱས་པ་དེ་ལ་རྒྱལ་ཁབ་དེ་དག་གི་མི་མང་གི་རྒྱབ་སྐྱོར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ན་ནིང་སྤྱི་ཟླ་༡༡་ནང་དུ། ཡུལ་ཤུལ་སྲིད་གཞུང་གིས་བཀྲ་ཤིས་དབང་ཕྱུག་བཟུང་བཀྱིག་བྱས་པ་དེ་འོལ་ཚོད་ཀྱིས་བཟུང་བཅུག་བྱས་པའི་ཁོངས་སུ་གཏོགས་པས་རྒྱ་ནག་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་པའི་༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་བསྒྲགས་༽དང་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་ཤིང་། དེ་མིན་ད་ལོའི་ཟླ་༦་པ་ཡི་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་དྲུག་གིས་མཚན་རྟགས་བཀོད་ནས་ཡུལ་ཤུལ་འབྲིང་རིམ་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལ་ཉེས་ལྡན་ཀྱི་ཁྲིམས་བཅད་བཅད་པ་དེ་ལ་ངོ་རྒོལ་བྱས།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་འདི་རིགས་སྣང་མེད་དུ་བཞག་སྟེ་འོལ་ཚོད་ཀྱིས་བཀྲ་ཤིས་དབང་ཕྱུག་ལ་ཉེས་ལྡན་གྱི་བཅད་ཁྲ་ལ་རྒྱབ་སྐྱོར་གྱི་བཅད་རྒྱ་དེ་རྒྱལ་ཁབ་ཀྱིས་བཟོས་པའི་ཁྲིམས་དང་ངོས་ལེན་བྱས་པའི་སྤྱི་འཆིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅས་པའི་༼རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་འགུལ་བསྐྱོད་འཆར་གཞི།༽ནང་གི་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་དང་ཁག་ཐེག་བྱེད་དགོས་བཅས་པའི་གཏན་དབབ་ཁག་དང་འགལ་ཡོད། མི་དམངས་ཁྲིམས་ཁང་གི་རྩ་དོན་ནི་དྲང་བདེན་དང་ཁྲིམས་ཀྱི་བཅས་པ་ལྟར་ལས་དཀར་ནག་ཤན་འབྱེད་བྱེད་དགོས། ཁྲིམས་ཁང་གིས་གྱང་ཁའི་རྩྭ་དང་ཌ་རུ་ངོ་གཉིས་ཀྱི་ལས་ཀ་སྒྲུབ་བསྡད་ན་དྲང་བདེན་ཤན་འབྱེདཀྱི་རྒྱ་མ་འཛིན་པར་མི་འོས་སོ།། རང་སྐྱོན་ཤེས་ན་སངས་རྒྱས་ཡིན་ཟེར་བ་ལྟར། མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རང་གི་ནོར་འཁྲུལ་ཅན་གྱི་བཅད་རྒྱ་ཕྱིར་འཐེན་བྱས་ཏེ་བཀྲ་ཤིས་དབང་ཕྱུག་ཉེས་མེད་དྲང་བདེན་གྱི་ཁྲིམས་བཅད་གཏན་དབབ་བྱ་དགོས། དྲང་བདེན་གྱི་ཁྲིམས་བཅད་ལ་རྒྱལ་ཁབ་ཀྱི་མཚན་སྙན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ཆེན་པོ་མཆིས། དེ་ནི་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་བརྒྱ་ཡི་དོ་མ་ཡིན།