༄༅།། བཀུར་འོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་དུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༡༠་ལོར་༼༢༠༡༠་ནས་༢༠༢༠་བར་གྱི་རྒྱལ་ཁབ་ཀྱི་འཕྲལ་དང་ཡུན་གྱི་སློབ་གསོ་བཅོས་བསྒྱུར་དར་སྤེལ་བཀོད་འདོམས་རྩ་འཛིན་༽བསྡུས་མིང་ལ་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽ཞེས་པའི་སྲིད་འཛིན་ཡིག་ཆ་ཞིག་གཏན་འཁེལ་དང་ལག་བསྟར་བྱས་པ་ནས་བཟུང་། ས་གནས་སྲིད་གཞུང་སོ་སོ་ནས་རང་གི་ས་ཆའི་གནས་བབས་དང་མཐུན་པའི་ལག་བསྟར་ཡིག་ཆ་བཟོས་ནས་རྒྱལ་ཁབ་ཀྱི་རྩ་འཛིན་དེ་ལག་བསྟར་བྱས། ཡིན་ན་ཡང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽་གྱི་ནང་དོན་ལོག་འདྲེན་བྱས་ཏེ། སོ་སོའི་གནས་བབས་དང་མཐུན་རྐྱེན་ལ་མི་ལྟ་བར་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་མི་མཐུན་ཞིང་། ས་གནས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་བཟོ་ལས་ཁུངས་སོགས་ཀྱིས་བཟོས་བའི་རང་སྐྱོང་སྲོལ་ཡིག་དང་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་ལ་རྒྱབ་འགལ་བྱས་ཏེ། རང་འདོད་ཀྱིས་མི་རིགས་སློབ་གསོའི་ལས་དོན་གྱི་རྩ་དོན་ལ་ཐེ་གཏོགས་བྱེད་པའི་ཡིག་ཆ་སྤེལ་ནས་རྒྱལ་ཁབ་ཀྱི་ཁྲིམས་བཤིག་བཞིན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་གི་ཐོབ་ཐང་དང་ན་གཞོན་བྱིས་པ་ཐམས་ཅད་བདེ་ཐང་ངང་འཚར་ལོངས་བྱུང་བ་ལ་གནོད་པ་ཚབས་ཆེན་བཟོས་དང་བཟོ་བཞིན་གདའ།

ཁོང་ཚོས་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽གྱི་ལེའུ་དགུ་བའི་དོན་ཚན་ཉེར་བདུན་གྱི་ནང་དུ་སྐད་གཉིས་སློབ་གསོ་དང་སློབ་ལོ་སྔོན་གྱི་སྐད་གཉིས་སློབ་གསོ་ནན་ཏུར་བྱེད་དགོས་བའི་གཏན་འཁེལ་དེ་ལ་ཁ་གཡར་ནས། བོད་ཁུལ་གྱི་བྱིས་པ་དང་ན་གཞོན་དག་ད་ཕྲུག་ལྟར་སློབ་གསོ་གཏོང་བའི་བཅའ་སྡོད་ལམ་ལུགས་སོགས་ཀྱི་ཐབས་ལམ་བཙན་སྤེལ་བྱས། ༢༠༡༠་ཡི་ལོ་ནས་བཟུང་། བོད་རང་སྐྱོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་བའི་༼བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་དར་སྤེལ་བཅས་ཀྱི་སྲོལ་ཡིག༽དང་། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མགོ་ལོག་དང་རྨ་ལྷོ་ལ་སོགས་པའི་རང་སྐྱོང་ཁུལ་དྲུག་གི་རང་སྐྱོང་སྲོལ་ཡིག་གི་ནང་དུ་༼སྐད་གཉིས་སློབ་གསོ་སློབ་ཆུང་གི་རིམ་པ་ནས་འགོ་འཛུགས་དགོས་༽ཞེས་པའི་གཏན་འཁེལ་དེ་དག་སྣང་མེད་དུ་བཞག་ནས། རང་ཤེད་ཀྱིས་སློབ་ལོ་སྔོན་གྱི་སྐད་གཉིས་བྱིས་སྐྱོང་ཁང་སོགས་བཙུགས་ཏེ་རོང་འབྲོག་ས་ཁུལ་གྱི་བོད་པའི་བྱིས་པ་ལོ་གསུམ་ཡན་དང་ལོ་དྲུག་མན་ཐམས་ཅད་བཙན་ཐབས་ཀྱིས་བྱིས་སྐྱོང་ཁང་ནས་བཅའ་སྡོད་བྱེད་དུ་བཅུག་ཏེ་སྐད་གཉིས་སློབ་གསོ་སྤྲད། བོད་ཀྱི་ས་ཁུལ་ནི་གནམ་གཤིས་རྩུབ་པ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པ་མ་ཟད། ཚད་ལྡན་གྱི་བྱིས་སྐྱོང་དགེ་རྒན་དང་ཡོ་བྱད་ཤིན་ཏུ་དབེན་པའི་རྐྱེན་གྱིས། ཕ་མའི་ལྟ་རྟོག་བྲལ་བའི་བྱིས་པ་འདི་དག་གིས་བཅའ་སྡོད་སློབ་གྲྭ་ནས་འཇིག་རྟེན་མི་ཆོས་དང་མི་མཐུན་པའི་སྡུག་བསྔལ་མྱོང་བཞིན་པའི་གནས་ཚུལ་ད་སྐབས་མཐོང་རྒྱུ་གོ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། སློབ་གསོའི་ཆེད་མཁས་པའི་ཞིབ་འཇུག་ལྟར་ན་སློབ་ལོ་སྔོན་གྱི་བྱིས་པ་ཁྱིམ་ནས་བཏོན་ཏེ་བཅའ་སྡོད་སློབ་གྲྭ་ལ་བཞག་ནས་བཙན་གྱིས་སྐད་གཉིས་སློབ་གསོ་ཁྲིད་ན་དེས་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱུང་བར་མི་ཕན་པ་མ་ཟད་གནོད་པ་ཡང་ཆེ་ཟེར། དབྱིན་ཇིའི་དཔལ་འབྱོར་རིག་པ་ཨ་དམ་སི་མེ་སུ་ཟེར་བ་ཞིག་གིས་ཀྱང་བྱིས་པ་ཞིག་དུས་ཡུན་རིང་བོར་ཕ་མ་དང་ཁ་བྲལ་བར་བཞག་པ་དེས་ཁྱིམ་ཚང་གི་བདེ་སྐྱིད་དང་ཀུན་སྤྱོད་ལ་ཚད་ལས་འདས་བའི་གཏོར་བརླག་ཐེབས་གིན་རེད་ཅེས་བཤད་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་གཅིག་ནས་༼རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིག་སྔར་སྐད་གཉིས་སློབ་གསོ་དར་སྤེལ་བྱེད་དགོས་པའི་ཐད་ཀྱི་བསམ་འཆར་རེ་འགའ།༽ཡིག་ཆ་སྤེལ་ཏེ། བྱིས་སྐྱོང་ཁང་ནས་སློབ་ཆུང་སློབ་གསོ་སྤེལ་མི་ཆོག་ཅེས་གཏན་འགོག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲངས་ཉུང་མི་རིགས་ཀྱི་སློབ་ལོ་སྔོན་གྱི་བྱིས་པ་དག་ལ་སྐད་གཉིས་སློབ་གསོ་སྤེལ་གིན་ཡིན་ཞེས་བའི་ཡིག་ཆ་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽་སྤེལ་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་སྐྱོང་ཁང་སོགས་ནས་སྐད་གཉིས་སློབ་གསོ་ནན་ཏན་གྱིས་སྤེལ་དགོས་ཟེར། སྔ་ཚིག་ཕྱི་ཚིག་གིས་མི་ནོན་ཅིང་རྐང་རྗེས་ལག་པས་མི་སུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཀྱི་སློབ་གསོའི་ཐད་ཀྱི་ཡིག་ཆ་འདི་དག་ནི་བོད་ཁུལ་གྱི་སློབ་གསོའི་ལས་དོན་རྙོག་འཛིང་ཅན་ཏུ་གྱུར་དང་འགྱུར་བཞིན་པའི་རྒྱུ་རྐྱེན་ཡིན། བོད་ལྗོངས་དང་མཚོ་སྔོན་གྱི་སློབ་གསོ་ལས་ཁུངས་ཀྱིས་ནོར་འཁྲུལ་ཅན་གྱི་ཡིག་ཆ་འདི་དག་ལ་ཁག་བཞག་ནས། བོད་ཀྱི་བྱིས་པ་དང་ན་གཞོན་རྣམས་རང་རང་གི་ཁྱིམ་ཚང་ནས་དགའ་སྤྲོ་དང་བདེ་སྐྱིད་ངང་འཚར་ལོངས་བྱུང་བ་ལ་གེགས་དང་བར་ཆད་བརྗོད་ལས་འདས་བ་ཞིག་བཟོས་ཡོད། ཁོང་ཚོའི་ནོར་འཁྲུལ་གྱི་སློབ་གསོའི་བྱེད་ཐབས་ནི་༢༠༡༢་ལོར་ཆབ་ཆ་དང་རེབ་གོང་ནས་སློབ་མ་ཁྲི་ཕྲག་བརྒལ་བས་ཁྲོམ་སྐོར་དང་སྐད་འབོད་བྱས་བའི་རྒྱུ་རྐྱེན་ཡང་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༣༧་པའི་ཚན་པ་གསུམ་པའི་ནང་དུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་གནས་བབས་ལ་གཞིགས་ཏེ་སློབ་ཆུང་གི་འཛིན་གྲྭ་དམའ་རིམ་དང་ཡང་ན་མཐོ་རིམ་ནས་བཟུང་རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་པའི་འགོ་བརྩམས་དགོས་ཞེས་པའི་གཏན་འཁེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༧༩་བ་ནང་དུ། ཁྲིམས་ལུགས་ཀྱི་ནུས་པ་ནི་སྲིད་འཛིན་ཁྲིམས་སྲོལ་དང་ས་གནས་ཁྲིམས་སྲོལ་ལས་མཐོ་ཞེས་པའི་གཏན་འཁེལ་ལྟར། ང་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་པའི་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽ཞེས་པའི་ཡིག་ཆ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་ཡོད་པར་འདོད། བྱིས་པ་ལ་མཚོན་ན་ཕ་མ་ནི་ཆེས་བཟང་བའི་དགེ་རྒན་ཡིན་པ་དང་། ཁྱིམ་ཚང་ནི་ཆེས་བཟང་བའི་སློབ་གྲྭ་ཡིན། ཕ་སྐད་ནི་ཆེས་བཟང་བའི་སྐད་རིགས་ཡིན་པ་ང་ཚོར་ཡིད་ཆེས་ཟབ་མོ་ཡོད། དེའི་རྒྱུ་མཚན་གྱིས་སློབ་ལོ་སྔོན་གྱི་བྱིས་པ་ལ་བཅའ་སྡོད་ལམ་ལུགས་དང་སྐད་གཉིས་སློབ་གསོ་ལག་བསྟར་བྱས་ཏེ་བོད་པའི་ཁྱིམ་ཚང་དང་བྱིས་པ་ལ་གནོད་པ་བསྐྱལ་བའི་ལམ་ལུགས་མཚམས་གཅོད་པའི་ཆེད་དང་། འཛམ་གླིང་དམག་ཆེན་གཉིས་བའི་རྗེས་ཀྱི་རོབ་མ་ཉི་ཡའི་དྭ་ཕྲུག་ཁང་གི་ནད་ཡམས་ཀྱི་སྣང་ཚུལ་བོད་ཁུལ་ནས་རོ་ལངས་རྒྱག་པར་སྔོན་འགོག་གི་ཆེད་དུ། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༩༠་ཡི་ཚན་པ་༢་པའི་ནང་གཏན་འཁེལ་བྱས་ཡོད་པ་ལྟར། སྤྱི་དམངས་དཀྱུས་མ་ཞིག་གི་ཚུལ་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་བའི་༼༢༠༡༠་ནས་༢༠༢༠་བར་གྱི་རྒྱལ་ཁབ་ཀྱི་འཕྲལ་་དང་ཡུན་གྱི་སློབ་གསོ་བཅོས་བསྒྱུར་དར་སྤེལ་བཀོད་འདོམས་རྩ་འཛིན༽ཞེས་པའི་ཡིག་ཆ་དེའི་ནང་གི་མི་རིགས་སློབ་གསོའི་ས་བཅད་དེ་ཁྲིམས་ལུགས་དང་མཐུན་མིན་ལ་ཁྲིམས་ལུགས་བརྟག་དཔྱད་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་སློབ་ལོ་སྔོན་གྱི་བྱིས་པའི་སྐད་གཉིས་སློབ་གསོའི་ཐབས་ལམ་དེའི་མཚམས་གཅོད་པའི་རེ་འདུན་ཞུས་པ་ཡིན།

གོང་གི་བསམ་འཆར་དང་རེ་འདུན་ལ་བརྟག་དཔྱད་གནང་རོགས།

༢༠༡༧་ལོའི་ཟླ་༥་བའི་ཚེས་༡༨་ཉིན།

རེ་འདུན་ཞུ་མཁན།

སྒྲོལ་མ་སྐྱབས་ལ་སོགས་པས།