རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་འགལ་གྱིས་རྒོད་སྐྱེས་སྲོག་ཆགས་ཚོང་བརྗེ་གཏན་འགོག་དང་། རྒོད་སྐྱེས་སྲོག་ཆགས་བག་མེད་དུ་ཟ་བའི་གོམས་གཤིས་ངན་པ་ཚར་གཅོད་དང་། དོན་དམ་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་བཅས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་སྐོར་གྱི་ཐག་བཅད། 

༢༠༢༠་ལོའི་ཟླ་༢་པའི་ཚེས་༢༤་ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་སྟེང་གྲོས་ཆོད་བྱུང་། 

ཁྲིམས་འགལ་གྱིས་རྒོད་སྐྱེས་སྲོག་ཆགས་ཚོང་བརྗེ་ཕྱོགས་ཡོངས་ནས་གཏན་འགོག་དང་། འགལ་མཁན་ལ་ཆད་པ་བཅད་དེ་ཡོ་བསྲང་བྱེད་པ་དང་། རྒོད་སྐྱེས་སྲོག་ཆགས་བག་མེད་དུ་ཟ་བའི་གོམས་གཤིས་ངན་པ་ཚར་གཅོད་པ་དང་།  སྐྱེ་དངོས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དང་། དོན་ཕན་ལྡན་པའི་སྒོ་ནས་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་ལ་དོན་དམ་པས་ཁག་ཐེག་བྱ་ཆེད་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་བསྐྲུན་ཤུགས་གནོན་བྱས་ཏེ་མི་དང་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ཀྱི་ཆེད་དུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཤམ་གྱི་དོན་ཚན་ཁག་ཐག་བཅད་དོ། 

༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒོད་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲིམས་དང་ཁྲིམས་ལུགས་གཞན་གྱིས་རྒོད་སྐྱེས་སྲོག་ཆགས་བརྔོན་པ་དང་ཚོང་བརྗེ་དང་སྐྱེལ་འདྲེན་དང་ཟས་སུ་བསྟེན་པ་བཅས་ལ་གཏན་འགོག་གི་བཅས་པ་མཛད་ཡོད་ན། སྦྱོར་བ་དེ་རིགས་ངེས་པར་དུ་ནན་ཏན་གྱིས་གཏན་ནས་བཀག་འགོག་བྱེད་དགོས། 

གལ་ཏེ་གོང་འཁོད་ཀྱི་བཅས་པ་དང་འགལ་བའི་སྦྱོར་བ་བྱུང་ཚེ། སྦྱོར་བ་བོ་ལ་ད་ལྟར་ལག་བསྟར་གྱི་ཁྲིམས་ལུགས་ཀྱི་གཞི་བྱས་ཏེ་ཆད་པ་ལྗིད་མོ་གཅོད་དགོས། 

༢ རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་བཞིན་པའི་སྐྱེ་ཁམས་དང་ཚན་རིག་གི་རིན་ཐང་ལྡན་ཞིང་།   སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་སར་གནས་པའི་རྒོད་སྐྱེས་སྲོག་ཆགས་དང་སྐམ་སར་གནས་པའི་རྒོད་སྐྱེས་སྲོག་ཆགས་གཞན། དེ་བཞིན་དུ་མི་ཡིས་བྱེད་ཐབས་བསྟེན་ནས་སྐྱེས་འཕེལ་དང་གསོས་ཡོད་པའི་རྒོད་སྐྱེས་སྲོག་ཆགས་བཅས་ཟས་སུ་བསྟེན་པ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པ། 

ཟས་སུ་ཟ་བའི་ཆེད་དུ་མིས་བདག་དུ་མ་བཟུང་བའི་ཁོར་ཡུག་ཏུ་རང་བཞིན་ཀྱིས་སྐྱེས་ཤིང་འཕེལ་བའི་སྐམ་སའི་རྒོད་སྐྱེས་སྲོག་ཆགས་བརྔོན་པའམ། ཚོང་བརྗེའམ། བསྐྱེད་འདྲེན་གཏན་འགོག་བྱེད་པ། 

གོང་འཁོད་ཀྱི་དོན་ཚན་གཉིས་ཀྱི་བཅས་པ་དང་འགལ་བའི་སྦྱོར་བ་མཆིས་ན། ད་ལྟར་ལག་བསྟར་བྱེད་བཞིན་པའི་ཁྲིམས་ལུགས་ཀྱིས་གཏན་འཁེལ་ལྟར་ཆད་པ་གཅོད་དགོས། 

༣ གཡུང་དྭགས་ཀྱི་རྒྱུན་ལས་མཆེད་པའི་ཐོན་ཁུངས་ཀྱི་མིང་ཐོའི་ནང་དུ་བཅུག་པའི་སྲོག་ཆགས་ནི་ཁྱིམ་ཟོག་ཁྱིམ་བྱ་ཡིན་པས་དེ་དོན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་ལས་ཁྲིམས་ཀྱི་བཅས་པ་དང་བསྟུན་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་ཕྱུགས་སྨན་སྲིད་འཛིན་དོ་དམ་ལས་ཁུངས་གཙོ་བོས་ཁྲིམས་ལྟར་གཡུང་དྭགས་ཀྱི་རྒྱུན་ལས་མཆེད་པའི་ཐོན་ཁུངས་མིང་ཐོ་གཏན་འབེབས་དང་ཁྱབ་བསྒྲགས་སྤེལ་དགོས། 

༤ ཚན་རིག་བརྟག་དཔྱད་དང་སྨན་སྦྱོར། ཡང་ན་དཔེ་རིས་སྟོན་པ་བཅས་དམིགས་བསལ་གྱི་གནས་སྟངས་འོག རྒོད་སྐྱེས་སྲོག་ཆགས་ཟས་སུ་ཟ་བ་ཕུད་པའི་བཀོལ་སྤྱོད་བྱེད་དགོས་བྱུང་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ངེས་པར་དུ་ཆོག་མཆན་ནན་ཞིབ་བརྒྱུད་ནས་ལེན་དགོས་ཤིང་ནད་ཡམས་ཡོད་མེད་ཀྱི་བརྟག་དཔྱད་ཀྱང་ནན་ཏན་དུ་བྱེད་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་དོ་དམ་ལས་ཁང་གཙོ་བོས་ངེས་པར་དུ་དུས་ལྟར་རྒོད་སྐྱེས་སྲོག་ཆགས་ཟས་རིགས་མ་ཡིན་པའི་བཀོལ་སྤྱོད་ཐད་ཀྱི་ཆོག་མཆན་འགོད་སྟངས་དང་ནད་ཡམས་བརྟག་དཔྱད་ཀྱི་གཏན་འཁེལ་གསར་བཟོ་དང་འཐུས་ཚང་དུ་བཏང་སྟེ་ནན་ཏུར་གྱིས་ལག་བསྟར་བྱེད་དགོས། 

༥ རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་མི་དམངས་མཐུན་ཚོགས། སྤྱི་ཚོགས་ཚོགས་པ། སློབ་གྲྭ་དང་གསར་འགྱུར་བརྒྱུད་ལམ་ལ་སོགས་པའི་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྐོར་གྱི་ཁྱབ་བསྒྲགས་སློབ་གསོ་དང་ལམ་སྟོན་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱི་ཚོགས་མི་ཐམས་ཅད་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་སྐྱེས་ཁམས་སྲུང་སྐྱོབ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འདུ་ཤེས་ཤུགས་ཆེ་རུ་བཏང་སྟེ། གོམས་གཤིས་བཅོས་བསྒྱུར་དང་རྒོད་སྐྱེས་སྲོག་ཆགས་བག་མེད་དུ་ཟ་བའི་གོམས་གཤིས་ངན་པ་ཚར་གཅོད་པ་དང་། ཚན་རིག་དང་བདེ་ཐང་། དཔལ་ཡོན་བཅས་དང་མཐུན་པའི་འཚོ་བའི་གོམས་སྲོལ་བཟང་བོ་བསྐྱེད་བསྲིང་བྱེད་དགོས། 

༦ རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ལུགས་ལག་བསྟར་དོ་དམ་གྱི་སྒྲོམ་གཞི་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལག་བསྟར་གྱི་འགན་ཁུར་མཁན་སུ་ཡིན་གསལ་བོ་བྱེད་པ་དང་། ཁྲིམས་ལུགས་ལག་བསྟར་དོ་དམ་གྱི་འགན་ཁུར་ངེས་གཏན་བྱེད་དགོས་ཤིང་། ལས་ཁུངས་གཞན་དང་མཐུན་སྒྲིལ་རམ་འདེགས་ཀྱི་ནུས་པ་ཇེ་བརྟན་དུ་བཏང་སྟེ་ལྟ་ཞིབ་རྟོག་དཔྱོད་དང་འགན་ཁུར་བདའ་འདེད་ཀྱི་ཚད་རིམ་ཆེ་རུ་བཏང་ནས་ཐག་བཅད་འདི་དང་འབྲེལ་ཡོད་ཁྲིམས་ལུགས་ལ་འགལ་བའི་སྦྱོར་བ་བརྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་དགོས། ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་མཁན་གྱི་ལས་ཁང་དང་ཁྲིམས་འགལ་གྱི་ཚོང་གཉེར་བ་ལ་ཁྲིམས་ལྟར་ཐོབ་ཐང་རྩིས་མེད་དུ་གཏོང་བའམ་དངོས་ཟོག་བཀག་སྡོམ་མམ་ཚོང་ཁང་སོགས་སྒོ་རྒྱག་པ་བཅས་ཀྱི་ཆད་པ་གཅོད་དགོས། 

༧ རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་ལས་ཁང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་ངེས་པར་དུ་ཐག་གཅོད་འདི་དང་འབྲེལ་ཡོད་ཁྲིམས་ལུགས་ལ་བརྟེན་ནས་འབྲེལ་ཡོད་ཀྱི་མིང་ཐོ་དང་དེར་བསྟུན་གྱི་གཏན་འབེབས་་གཏན་འཁེལ་དང་སྒྲིག་བཅོས་བྱེད་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐབས་ལམ་ངེས་ཅན་སྤྱད་དེ། ཐག་བཅད་འདི་ལག་བསྟར་བྱེད་པར་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་དགོས། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཤུགས་རྐྱེན་ཐེབས་པའི་ཞིང་ཕྱུགས་ཁྱིམ་ཚང་ལ་ཐོན་སྐྱེད་དང་ཚོང་གཉེར་བཅོས་བསྒྱུར་དང་བཀོད་སྒྲིག་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་དང་མཛུབ་སྟོན་བྱས་ཏེ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གུན་གསབ་ངེས་ཅན་སྤྲོད་དགོས། 

༨ ཐག་བཅད་འདི་ཁྱབ་བསྒྲགས་ཀྱི་ཉིན་མོ་ནས་བཟུང་སྟེ་ལག་བསྟར་བྱ་རྒྱུ། 

གཤམ་གྱི་འགྱུར་འདི་དགེ་རྒན་ཆེན་མོ་རྣམ་རྒྱལ་་ལུང་ཡུན་འཆིང་གིས་མཛད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་གཏན་འགོག་བྱེད་རྒྱུ་དང་རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་གོམས་གཤིས་ངན་པ་མེད་པར་བཟོ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་རྒྱུའི་སྐོར་གྱི་ཆོད་དོན། 

(2020ལོའིཟླ2ཚེས24ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཐོག་གྲོས་འཆམ་བྱུང་། )

བསྒྱུར་པ་པོ།       རྣམ་རྒྱལ་ལུང་ཡུན་འཆིང་།(ཅང་སུའུ་དགེ་འོས་སློབ་ཆེན་བོད་རྒྱ་བཅའ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། དགེ་རྒན་ཆེན་མོ།)

  ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་གཏན་འགོག་དང་ཆད་གཅོད་བྱས་ཏེ་རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་གོམས་གཤིས་ངན་པ་མེད་པར་བཟོ་བ་དང་།     སྐྱེ་དངོས་ཀྱི་བདེ་འཇགས་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་ནུས་ལྡན་སྒོས་སྔོན་འགོག་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་པ།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཆེད་དུ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་གཤམ་གསལ་ལྟར།

གཅིག《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་ནང་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་། ཉོ་ཚོང་། སྐྱེལ་འདྲེན། བཟའ་བྱ་བཅས་གཏན་འགོག་བྱ་དགོས་རིགས་ལ་ངེས་པར་དུ་བཀག་འགོག་ནན་པོ་བྱ་དགོས།
 གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ཀྱི་རྨང་གཞིའི་ཐོག་ཉེས་ཆད་ཇེ་ལྕི་རུ་གཏོང་རྒྱུ།

གཉིས། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི“སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ལྡན་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས”དང་དེ་བཞིན་སྐམ་འཚོའི་རི་སྐྱེས་སྲོག་ཆགས་གཞན་དག་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་མིའི་ཐབས་ལ་བརྟེན་ནས་གསོ་ཚགས་བྱེད་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཚུད་ཡོད།  བཟའ་བྱ་དམིགས་ཡུལ་དུ་བྱས་ནས་རི་ཐང་གི་ཁོར་ཡུག་ཏུ་རང་བྱུང་སྐྱེ་འཚར་དང་སྐྱེ་འཕེལ་ཐུབ་པའི་སྐམ་སའི་བདག་མེད་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་། ཉོ་ཚོང་། སྐྱེལ་འདྲེན་བཅས་བྱེད་མི་ཆོག
 གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཆད་པ་གཅོད་རྒྱུ།

གསུམ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ནང་བཀོད་པའི་སྲོག་ཆགས་ནི་སྒོ་ཕྱུགས་དང་ཁྱིམ་བྱའི་ཁོངས་སུ་གཏོགས་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་འཚོ་བའི་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་སྤྱད་ན་ཆོག

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་གཏན་འབེབས་སྤྱི་བསྒྲགས་བྱ་དགོས།
བཞི། ཚན་རིག་ཞིབ་འཇུག་དང་།སྨན་རྫས།འགྲེམས་སྟོན་སོགས་ཀྱི་དམིགས་བསལ་གནས་ཚུལ་གྱི་རྒྱུ་རྐྱེན་དབང་གིས་རི་སྐྱེས་སྲོག་ཆགས་ལ་བཟའ་བྱ་མིན་པའི་བེད་སྤྱོད་གཏོང་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཆོག་མཆན་དང་ནད་ཡམས་བརྟག་ཞིབ་ནན་པོ་བྱེད་དགོས།
 རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་མྱུར་ཏུ་རི་སྐྱེས་སྲོག་ཆགས་ཀྱི་བཟའ་བྱའི་རང་བཞིན་མིན་པའི་བེད་སྤྱོད་ལ་ཞིབ་མཆན་འགོད་པ་དང་ནད་ཡམས་བརྟག་ཞིབ་བྱེད་པ་སོགས་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ནན་ཏན་གྱིས་ལག་བསྟར་བྱ་དགོས།

ལྔ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་། མི་དམངས་ཀྱི་ཚོགས་པ། སྤྱི་ཚོགས་རྩ་འཛུགས། སློབ་གྲྭ། གསར་འགྱུར་སྨྱན་སྦྱོར་སོགས་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་བྱ་བ་ཧུར་ཐག་བྱ་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་མི་རྣམས་ཀྱིས་རང་རྟོགས་ངང་སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཡོང་བའི་འདུ་ཤེས་འཛིན་སྟངས་ཤུགས་ཆེ་རུ་གཏོང་བ་དང་། གོམས་སྲོལ་བསྒྱུར་བ།རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་གོམས་གཤིས་ངན་པ་མེད་པར་བཟོ་བ།ཚན་རིག་དང་མཐུན་ཞིང་སྐྱོན་དང་བྲལ་བའི་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་གོམས་དགོས།
དྲུག རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ལས་ཁུངས་སོགས་གྱིས་ངེས་པར་དུ་ཁྲིམས་ལག་བསྟར་བྱེད་པའི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལག་བསྟར་བྱེད་པའི་འགན་འཁྲི་བྱེད་མཁན་ཁ་གསལ་བྱེད་དགོས།ཁྲིམས་ལག་བསྟར་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཏན་འབེབས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་དག་ཞིབ་བཤེར་ནན་པོ་བྱེད་དགོས། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་ས་དང་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་མཁན་ལ་ཁྲིམས་ལྟར་གཏན་འགོག་དང་སྒོ་རྒྱ་ཐེལ་གནོན་དང་སྒོ་རྒྱག་དགོས།

བདུན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ཆོད་དོན་འདི་དང་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས་འབྲེལ་ཡོད་མིང་ཐོ་དང་གཏན་འབེབས་ཆ་ཚང་ལེགས་སྒྲིག་བྱ་དགོས།
  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་མི་དམངས་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཆོད་དོན་འདི་ལག་བསྟར་བྱེད་པར་དགོས་ངེས་ཀྱི་གནས་བབ་ལ་བསྟུན་ནས་འགན་སྲུང་བྱ་དགོས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ཤུགས་རྐྱེན་ཐེབས་པའི་ཞིང་ཕྱུགས་དུད་ཚང་གིས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ལེགས་སྒྲིག་དང་འཕོ་འགྱུར་གཏོང་བར་རྒྱབ་སྐྱོར་དང་། ཁྲིད་སྟོན།རོགས་རམ་བཅས་བྱ་དགོས་པ་དང་།གནས་ཚུལ་དངོས་ལ་གཞིགས་ནས་གུན་གསབ་ངེས་ཅན་རྒྱག་དགོས།

བརྒྱད། ཆོད་དོན་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་རྒྱུ།