རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་ལ་ཞུ་དོན།
དེ་ཡང་ཉེ་བའི་ཆར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་ཞེས་པ་ཞིག་རྒྱལ་ཡོང་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་གྲོས་ཆོད་ཀྱི་ཆེད་དུ་ཕུལ། ང་ཚོས་ཁྲིམས་འཆར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་མཐུན་པའི་གནད་དོན་ཡོད་པར་འདོད་པས་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་གིས་ཁྲིམས་འཆར་དེ་རྩ་ཁྲིམས་དང་མཐུན་མིན་བརྟག་དཔྱད་གཏོང་དགོས་པའི་ཞུ་ཡིག་འདི་ཕུལ་བ་ཡིན།
རྒྱུ་མཚན་གཤམ་གསལ་ལྟར།
དང་པོ། ཀྲུང་ཧྭ་མི་རིགས་ཀོང་བུ་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ཞེས་པ་ནི་རིགས་སོ་སོ་མི་རིགས་དབར་ནས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་ཞེས་པའི་ཐུན་མོང་སྐྱིད་སྡུག་གི་ལས་དབང་དམ་ཚིག་ཡིན་ལ། རིགས་སོ་སོའི་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་དང་། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་དང་འཆམ་མཐུན་རང་བཞིན་ཅན་གྱི་སྤྱི་ཚོགས་རང་ལུགས་མི་རིགས་འབྲེལ་ལམ་གྱི་རྩ་བའི་ཆ་རྐྱེན་དང་བླང་བྱའི་རེ་བ་ཡང་ཡིན་པ་མ་ཟད། ཏང་གི་མི་རིགས་ལས་དོན་གྱི་སྒོ་འཕར་གསར་བ་འབྱེད་པའི་ལྡོག་མེད་ཀྱི་བླང་བྱའི་རེ་བ་ཡང་ཡིན། དོན་ཚན་༦༢་མ་གཏོགས་མེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་གྱི་ཁྲིམས་ཡིག་ནང་དུ་ཀྲུང་ཧྭ་མི་རིགས་ཀོང་བུ་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ཞེས་པ་བརྗོད་པ་ཐེངས་༤༥་ཙམ་ལ་བརྗོད་ཡོད་པ་འདིས་ཀྱང་ཁྲིམས་འཆར་འདིའི་དགག་སྒྲུབ་གནང་གསུམ་གྱི་དགོས་འདུན་དེ་ནི་རྒྱལ་ཡོངས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གཞི་རྩའི་མི་རིགས་འབྲེལ་ལམ་དགག་བཞག་གི་རྨང་གཞི་ཁྲིམས་ལུགས་ཤིག་ཡིན་དགོས་པས། རྩ་ཁྲིམས་ཀྱི་དོན་ཚན་༦༢་ལྟར་ན། འདི་འདྲའི་རྨང་གཞི་རང་བཞིན་ཅན་གྱི་ཁྲིམས་ལུགས་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཅའ་དགོས་པ་ལས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གིས་བཅས་ན་མི་འགྲིག
གཉིས་པ། རིགས་སོ་སོའི་མི་རིགས་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ། རང་གི་ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་དང་བཅོས་བསྒྱུར་གྱི་རང་དབང་ཡོད་པ་ནི་རྩ་ཁྲིམས་ཀྱི་གཏན་འཁེལ་ཡིན་ལ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཡང་ཡིན་པས་དེ་ལ་སྲིད་གཞུང་གིས་ངེས་པར་དུ་བརྩི་བཀུར་བྱ་དགོས། སློབ་གསོ་ཡི་ཁྲོད་དུ་མི་རིགས་ཤིག་གི་སྐད་ཡིག་ཡིག་བཀོལ་སྤྱོད་བྱེད་མིན་དེ་ཡིས་མི་རིགས་དེའི་སྐད་ཡིག་གི་ཆགས་འཇིག་ཐག་གཅོད་པ་དང་། སློབ་གསོ་ཡི་ཁྲོད་དུ་བཀོལ་སྤྱོད་མི་བྱེད་པའི་པའི་སྐད་ཡིག་དེ་གདོམ་མི་ཟར་ཉམས་འགྲོ་བ་ཞིག་ཡིན། དེས་ན་གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ཀྱིས་ཐོག་མར་ཕ་སྐད་ཀྱི་སློབ་གསོ་ཐོབ། དེ་ནས་སློབ་ཆུང་གི་མཐོ་རིམ་འཛིན་གྲྭ་ནས་བཟུང་སྟེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པ་ནི་རྩ་ཁྲིམས་ཀྱི་དགོངས་དོན་ཡིན་ལ། རྩ་ཁྲིམས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་གི་དབང་འཛིན་ལས་ཁང་ལས་བསྩལ་བའི་དབང་ཆ་ཡང་ཡིན། བྱིས་པའི་ཐོབ་ཐང་གི་འཆིང་ཡིག་གི་དོན་ཚན་༣༠་ཡི་ནང་གྲངས་ཉུང་མི་རིགས་ཀྱི་བྱིས་པ་རང་ཉིད་ཀྱི་ཁྱུ་ཚོགས་དང་མཉམ་དུ་རང་གི་རིག་གནས་ལོངས་སྤྱོད་དང་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་འཕྲོག་ཏུ་མི་རུང་ཞེས་པའི་དགག་བྱ་ཡང་བསྟན་ཡོད་པས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་གྱི་དོན་ཚན་༡༥་ནང་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་གཏོང་བ་དང་། སློབ་ལོ་སྔོན་གྱི་བྱིས་པས་རྒྱ་སྐད་བཤད་ཤེས་པ་དང་། འོས་འགན་སློབ་གསོ་ཐོབ་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བྱང་ཆ་ལྡན་པར་གཏོང་བར་སྐུལ་འདེད་བྱེད་པ་ཞེས་པའི་གཏན་འཁེལ་དེ་ཡིས་གྲངས་ཉུང་མི་རིགས་ཀྱི་སློབ་ལོ་སྔོན་གྱི་བྱིས་པ་དང་སློབ་ལོ་རན་པའི་བྱིས་པ་དག་གིས་རང་གི་ཕ་སྐད་སློབ་སྦྱོང་གི་གོ་སྐབས་དང་ཐོབ་ཐང་འཕྲོག་པས་མི་ཚད། རྩ་ཁྲིམས་ཀྱི་དོན་ཚན་༡༡༩་ནང་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་རང་རང་ས་ཁུལ་གྱི་རིག་གནས་དང་སློབ་གསོ་བྱ་གཞག་སོགས་ལ་རང་ཐག་རང་གཅོད་ཀྱིས་དོ་དམ་བྱས་ཏེ་མི་རིགས་རིག་གནས་དར་སྤེལ་དང་ཕུན་ཚོགས་སུ་གཏོང་དགོས་ཞེས་པའི་སྒྲུབ་བཅས་ལའང་འགལ།
གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་གྱི་དོན་ཚན་༡༥་ནང་རྒྱལ་ཁབ་ཀྱི་ལས་ཁང་དང་སྤྱི་ཚོགས་ཚོགས་སྡེ། ཁེ་ལས་དང་སྤྱི་ཚོགས་ཚོགས་སྡེ་གཞན་དག་གིས་སྤྱི་མང་འདུས་ས་རུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དུས་མཉམ་དུ་བཀོལ་སྤྱོད་ཀྱི་གནས་སྐབས་བྱུང་ཚེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གོ་གནས་དང་གོ་རིམ་འབུར་ཏུ་འདོན་དགོས་ཞེས་པའི་གཏན་འཁེལ་དེ་ཡང་རྩ་ཁྲིམས་ཀྱི་མི་རིགས་འདྲ་མཉམ་གྱི་རྩ་དོན་ལ་འགལ་ཞིང་། སྤྱི་མང་འདུས་སར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱས་པའི་གནད་དོན་མཆིས། སྐད་ཡིག་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་དང་འདྲ་མཉམ་གྱི་ཡ་གྱལ་ཡིན་པས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་གོམས་སྲོལ་ལ་བརྩི་བཀུར་བྱས་ན་ད་གཟོད་མི་རིགས་འཆམ་མཐུན་གྱི་རྣམ་པ་བསྐྲུན་ཐུབ།
བཞི་བ། རྩ་ཁྲིམས་ཀྱི་དོན་ཚན་༡༢༡་ནང་མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་ལས་ཁང་གིས་གཞུང་དོན་སྒྲུབ་པའི་སྐབས་སུ་རང་སྐྱོང་མི་རིགས་རང་གི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་ཁུལ་དེ་རུ་སྤྱི་སྤྱོད་ཀྱི་སྐད་ཡིག་གཅིག་གམ་དུ་མ་བཀོལ་སྤྱོད་བྱེད་དགོས་ཞེས་པའི་བསྟན་དོན་ནི། གཞུང་དོན་སྒྲུབ་པའི་སྐབས་སུ་ས་གནས་དེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ས་ཁུལ་དེ་རུ་མི་མང་པོས་བཀོལ་སྤྱོད་བྱེད་པའི་སྐད་ཡིག་གཅིག་གམ་དུ་མ་བཀོལ་དགོས་ཤིང་། སྐད་ཡིག་དུ་མ་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པའི་གནས་སྟངས་འོག་ཏུ་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་སྟེ་བཀོལ་སྤྱོད་བྱེད་དགོས་པ་དེ་ཡིན་པ་དང་། འོན་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་གྱི་ནང་དུ་རྒྱལ་ཁབ་དབང་འཛིན་ལས་ཁང་གིས་ངེས་པར་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དེ་གཞུང་དོན་སྒྲུབ་པའི་སྐད་ཡིག་ཏུ་བཀོལ་དགོས་གཏན་ལ་འཁེལ་བ་དེ་རྩ་ཁྲིམས་ཀྱི་དོན་ཚན་འདི་ལ་མངོན་གསལ་གྱིས་རྒྱབ་འགལ་བྱས་ཡོད།
མདོར་ན། ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། ས་གནས་ཁྲིམས་སྲོལ་ཡོད་དོ་ཅོག་རྩ་ཁྲིམས་ལ་རྒྱབ་འགལ་བྱས་ན་མི་ཆོག་པ་དང་། ང་ཚོས་བསམ་ན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འཆར་དེ་ཡིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་མངོན་འདོད་ལ་སྔོན་བས་ཀྱང་རྒྱབ་སྐྱོར་ཤུགས་སྣོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀོང་བུ་གཅིག་གྱུར་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་ལས། གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ཐོབ་ཐང་ལ་བཀག་སྡོམ་དང་མེད་པར་བཏང་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་་བསྐྲུན་པར་འདོད་པ་ནི་ཆུ་དཀྲུགས་ཏེ་མར་ལོན་པར་རེ་བ་བྱེད་པ་ལས་མ་འདས་སོ། དེའི་རྒྱུ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་ལ་ང་ཚོས་ཁྲིམས་ལྟར་གོང་གི་ཁྲིམས་འཆར་དེ་རྩ་ཁྲིམས་དང་མཐུན་མིན་ལ་བརྟག་དཔྱད་གཏོང་བའི་རེ་བ་ཞུས་པ་ཡིན་ཞེས་རེ་འདུན་ཞུ་མཁན་སྒྲོལ་མ་སྐྱབས་ལ་སོགས་པས་ཟླ་༡༠་པའི་ཚེས་༢༡་ལ་ཕུལ།
Leave a Reply