སྲིད་གཞུང་ནི་སྤྱི་དམངས་ཀྱི་ཁྲལ་ལ་བརྟེན་ནས་ཆགས་ཤིང་གནས་པ་དང་། དེ་བཞིན་འཁོར་བསྐྱོད་བྱེད་བཞིན་ཡོད་པ་ནི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན། དེས་ན། འབྱུང་བཞིའི་གནོད་པ་དང་གོད་ཆག་སོགས་བྱུང་ཚེ། སྤྱི་དམངས་ལ་སྐྱབས་དང་དཔུང་གཉེན་བྱེད་མཁན་གཙོ་བོ་དེ་ཡང་སྲིད་གཞུང་ཆགས་ཡོད། ༢༠༡༧་ལོར་འཕར་བཅོས་བྱས་པའི་ཆུ་ལོག་སྔོན་འགོག་གི་ཁྲིམས་ཀྱི་(防洪法)་དོན་ཚན་༣༨་པའི་ནང་དུ། ཆུ་ལོག་སྔོན་འགོག་དང་ཆུ་ལོག་བྱུང་སྐབས་འགོག་རྒོལ་ཀྱི་ལས་དོན་ཁག་ལ་ས་གནས་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོས་འགན་ཁུར་ནས་གཅིག་ལྕོགས་ཀྱིས་མཛུབ་སྟོན་དང་བཀོད་སྒྲིག་བྱས་ཏེ་མྱུར་སྐྱོབ་དང་དཀའ་ངལ་འཕྲལ་དུ་སེལ་ཐབས་བྱེད་པ་སོགས་ཀྱི་ལས་འགན་སྒྲུབ་དགོས་ཞེས་གཏན་འབེབས་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་ལོག་སྔོན་འགོག་དང་ཐན་པ་འགོག་རྒོལ་གྱི་མྱུར་སྐྱོབས་སྟ་གོན་གྲོས་གཞིའི་

(国家防汛抗旱应急预案 )ནང་དུའང་། ས་ཆ་གང་ཞིག་ལ་ཆུ་ལོག་དང་ཐན་པ་བྱུང་ཚེ། ས་གནས་དེའི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་ཏེ་ཆུ་ལོག་གིས་གནོད་པ་ཐེབས་པའི་མི་མང་གི་ལུས་སྲོག་དང་རྒྱུ་ནོར་མྱུར་སྐྱོབ་བྱེད་དགོས་ཤིང་། གནོད་ཐེབས་མི་མང་ལ་ལྟོ་གོས་དང་འཚོ་གནས་སོགས་གནས་སྐབས་ཀྱི་མཐུན་རྐྱེན་སྦྱོར་དགོས་པའི་འགན་ཁུར་ཡོད་ཅེས་འཁོད་ཡོད། དེ་མིན། མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆར་ཆུའི་དུས་ཚིགས་སུ་ཆུ་ལོག་མ་བྱུང་གི་སྔ་རོལ་ཏུ་ཆར་ཆུའི་གནས་ཚུལ་ལ་བར་མ་ཆད་པར་སོ་ལྟ་བྱས་ཏེ། ཉེན་ཁ་ཡོད་ན་ཉེན་བརྡ་གཏོང་བ་དང་། ཉེན་འགོག་ལས་དོན་གྱི་སྦྱོར་དངོས་རྗེས་གསུམ་གང་ལའང་རྣམ་གཡེང་དང་ཕྱི་བཤོལ་མེད་པར་སྟངས་འཛིན་བྱེད་དགོས་པ་མ་ཟད། འགན་ཁུར་ཡོད་པའི་གཞུང་ཞབས་རྣམས་རྩེད་འཇོ་དང་རྣམ་གཡེང་སོགས་ཀྱི་དབང་དུ་སོང་ནས་ལས་དོན་འཐུས་ཤོར་ཕྱིན་ཏེ་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གནོད་པ་ཐེབས་ན། སྲིད་གཞུང་གི་དཔོན་རིགས་དང་གཞུང་ཞབས་དེ་དག་ལ་འགན་ཁུར་བདའ་འདེད་བྱེད་དགོས་པ་དང་། གལ་ཏེ། ཁོང་ཅག་གི་བྱ་སྤྱོད་ཉེས་ཁྲིམས་དང་འགལ་ཡོད་ཚེ་ཉེས་འགན་ཀྱང་འདེད་དགོས་པའི་གཏན་འཁེལ་ཡང་བྱས།

ད་བར། བོད་ཀྱི་ས་ཁུལ་ན་ས་ཡོམ་དང་ཆུ་ལོག་སོགས་ཀྱི་གོད་ཆག་བྱུང་དུས། ས་དེ་གར་ཐོག་མར་སླེབས་ནས་མྱུར་སྐྱོབ་བྱེད་མཁན་དབང་ཐང་ཅན་གྱི་སྲིད་གཞུང་གི་གཞུང་ཞབས་ཁག་མིན་ལ། སྣང་སྲིད་ཟིལ་གྱིས་གནོན་འདྲའི་དྲག་ཆས་ཉེན་རྟོག་དམག་མིའང་མིན། རིས་མེད་དགོན་སྡེའི་གྲྭ་བཙུན་རྣམས་ནི་ད་གཟོད་གོད་ཆག་ཐེབས་ཡུལ་ལ་མྱུར་དུ་ཡོང་ནས་ཡུལ་མིར་རོགས་སྐྱོབ་བྱེད་མཁན་དང་པོ་ཡིན། ཁོང་ཚོའི་གཞན་ཕན་གྱིས་ཀུན་ནས་བསླངས་པའི་མཛད་བཟང་ལ་སྲིད་གཞུང་གིས་བསྔགས་བརྗོད་བྱས་ཏེ་གཏང་རག་སྤྲོད་དགོས་པས་མི་ཚད། ཁོང་ཚོའི་ལས་ཀ་ལས་སྟངས་དང་ཀུན་སློང་བཟང་པོར་ས་གནས་སྲིད་གཞུང་གིས་སློབ་སྦྱོང་བྱེད་དགོས།

སྲིད་གཞུང་གི་ལས་བྱེད་པས་ཕྱི་བཤོལ་དང་རྣམ་གཡེང་ལ་སོགས་པའི་དབང་གིས་ཆུ་ལོག་སྔོན་འགོག་གི་ལས་དོན་ཆེ་ཕྲ་དང་ཆུ་ལོག་བྱུང་འཕྲལ་མི་མང་མྱུར་སྐྱོབ་ཀྱི་ལས་དོན་ཆེ་ཕྲ་ཁག་འཐུས་ཤོར་ཕྱིན་ཏེ་མི་མང་གི་ལུས་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོས་པའམ། ཡང་ན། འཕྲལ་དུ་མྱུར་སྐྱོབ་ཀྱི་ལས་དོན་བཀོད་སྒྲིག་མི་བྱེད་པའམ་རྒྱལ་ཁབ་ཀྱི་ཆུ་ལོག་མྱུར་སྐྱོབ་ཀྱི་ཆེད་དངུལ་དང་ཆེད་དངོས་སོགས་ལོག་སྤྱོད་སྒེར་བཀོལ་བྱས་ཏེ་གནོད་ཐེབས་མི་མང་ལ་དཀའ་ངལ་བྱུང་བ་ཡིན་ན། གཞུང་གི་འགན་འཛིན་དང་འབྲེལ་ཐོགས་ལས་བྱེད་པས་སྲིད་འཛིན་ནམ་ཉེས་དོན་གྱི་འགན་ཁུར་དགོས། ཉེས་ཁྲིམས་ཀྱི་ནང་དུ་འགན་འཁྲི་སྣང་མེད་དུ་འཇོག་པའི་ནག་ཉེས་ཤིག་བཀོད་ཡོད། དེ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པས་རང་གི་འཁྲི་འགན་ཁུར་དུ་མ་བླངས་པར་སྣང་མེད་ཟོལ་འཇོག་བྱས་པས་སྤྱི་རྫས་བོར་བརླག་དང་མི་མང་གི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་ནག་ཉེས་ཤིག་ལ་ཟེར།

དེས་ན། ཆར་ཆུའི་དུས་ཚིགས་ཀྱི་སྔ་རྗེས་གང་རུང་དུ་མི་དམངས་སྲིད་གཞུང་གིས་ས་གནས་ཀྱི་གནས་བབ་སོགས་ལ་གཞིགས་ཏེ་ཆར་འབེབས་ཀྱི་དུས་ཚིགས་དང་གྲངས་འབོར། ཆུ་ལོག་འབྱུང་ཉེན་གྱི་ས་ཁུལ་དང་ཁོར་ཡུག་སོགས་ལ་ལྟ་ཞིབ་ཚགས་ཚུད་བྱེད་དགོས་པ་མ་ཟད། ཆུ་ལོག་བྱུང་བའི་ཡུལ་ལ་འཕྲལ་དུ་སླེབས་ནས་གནོད་ཐེབས་མི་མང་གི་ཚེ་སྲོག་དང་རྒྱུ་ནོར་སྐྱོབ་པའི་ལས་ལ་མྱུར་བ་མྱུར་དུ་ཞུགས་དགོས་ཤིང་། ཉེ་འཁོར་གྱི་ཡུལ་མི་དང་ཡོ་བྱད་བསྡུ་རུབ་བྱས་ཏེ་གང་མགྱོགས་གང་ལེགས་ཀྱིས་མྱུར་སྐྱོབ་ཀྱི་ལས་སུ་དངོས་སུ་ཞུགས་དགོས། དེ་ལྟ་མ་ཡིན་པར་ལས་བྱེད་པས་འགན་འཁྲི་་ཡོད་ཚད་སྐྱ་སེར་མང་ཚོགས་ཀྱི་ཕྲག་ལ་བཀལ་ནས་རང་ཉིད་སྐྱིད་བྱང་བྱས་ནས་བསྡད་ན་སྡུག་པོ་རྗེས་སུ་མྱང་ཡོང་། དཔེར་ན། ན་ནིང་ཧོའུ་ནན་ཞིང་ཆེན་ཡུན་ཀྲུག་ས་ཁུལ་ལ་ཆུ་ལོག་བྱུང་སྐབས། ས་གནས་སྲིད་གཞུང་གི་ལས་བྱེད་༣༡་ལྷག་གིས་ལས་དོན་འཐུས་ཤོར་བཏང་བའི་དབང་གིས་ཆད་པ་འདྲ་མིན་ཕོག་ཡོད་པ་ལྟ་བུའོ། །