དང་པོ་ཁྲིམས་སྐྱོང་གི་སྐོར་མདོར་ཙམ་བཤད།
ཁྲིམས་སྐྱོང་བཤད་སྐབས་རྣ་ཅོག་གཏད་ནས་ཉན་དགོས་མཁན་དེ་མི་དམངས་ཡིན་ལ་སྲིད་གཞུང་ཡང་དེ་བས་ཀྱང་ཡིན། མི་མང་གིས་ཁྲིམས་སྐྱོང་ཤེས་ན་སྲིད་གཞུང་གིས་ཁྲིམས་ལྟར་ལས་ཀ་ལས་གྱི་ཡོད་མེད་ཤེས་ཐུབ་པ་དང་། སྲིད་གཞུང་གིས་ཁྲིམས་སྐྱོང་ཤེས་ན་རང་གི་སྲིད་ཇུས་དང་ལག་བསྟར་སོགས་ཁྲིམས་ཀྱིས་བཅས་མཚམས་ལས་བརྒལ་ཡོད་མེད་དང་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་གནོད་གིན་ཡོད་མེད་ཤེས་ཐུབ། དེས་ན་ཁྲིམས་སྐྱོང་ཤེས་མཁན་དང་ལག་བསྟར་བྱེད་མཁན་གཙོ་བོ་དེ་སྲིད་གཞུང་ཡིན་གྱི་མི་དམངས་མིན། མི་སྒེར་ཞིག་བརྐུས་ཇག་འཕྲོུག་དང་མི་བསད་ཁྲག་སྦྱོར་གྱི་ཉེས་པ་བསྐྱེད་པའམ། ཡང་དཔོན་པོ་ཆེན་པོ་ཞིག་གིས་ལྐོག་ཟ་རུལ་ཟུངས་སོགས་བྱས་ཏེ་ཁྲིམས་ལ་ཐོག་ན་དེ་ནི་ཁྲིམས་ལ་འགལ་ཡོད་ཀྱང་ཁྲིམས་སྐྱོང་ལ་འགལ་ཡོད་པ་ཞིག་མ་རེད། མ་ཟད་རྫོད་དཔོན་དང་ཁུལ་དཔོན། ཀྲུའུ་ཞི་དང་ཧྲུའུ་ཅུའུ་སོགས་ཀྱིས་བོད་སྐད་ཡིག་དགོས་མེད་རེད་ཅེས་མངོག་ལྐོག་གང་རུང་གིས་བཤད་ན་དེ་ནི་ཁྲིམས་འགལ་ཞིག་ཡིན་པ་མ་གཏོགས་ཁྲིམས་སྐྱོང་དང་མི་འགལ། འོན་ཀྱང་དཔེར་ན་རྫོང་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཤིག་གིས་སློབ་ཆུང་དུ་བོད་སྐད་བཤད་མི་ཆོག་པའི་བཀའ་བསྒྲགས་ཏེ་ལག་བསྟར་བྱས་ན། སྦྱོར་བ་དེ་རིགས་ནི་ད་གཟོད་ཁྲིམས་སྐྱོང་ལ་འགལ། དེ་བཞིན་དུ་དཔེར་ན་མཚོ་སྔོན་བཀྲ་བྷ་ཡིས་བོད་སྐད་་སྐམ་པོ་རེད་ཟེར་ན་ཁྲིམས་སྐྱོང་འགལ་མེད། འོན་ཀྱང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་སློབ་གསོ་པུའུ་སོགས་ཀྱིས་བོད་སྐད་སྐམ་པོ་རེད་ཟེར་ན་ཁྲིམས་སྐྱོང་ལ་འགལ་ཡོད་པ་ལྟ་བུ། དཔེ་མཚོན་འདི་དག་ལས་ང་ཚོས་ཤེས་ཐུབ་པ་ནི་ཁྲིམས་སྐྱོང་དེང་དུ་ལེན་མཁན་དང་འགལ་མཁན་དེ་གང་ཟག་མ་ཡིན་པར་སྲིད་གཞུང་གཙོས་པའི་ལས་ཁུངས་ཡིན་པ་དེ་ཤེས་ཐུབ། དེ་ཤེས་ན་ང་ཚོས་ད་གཟོད་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་གནོད་པ་ལྡན་པའི་སྲིད་གཞུང་གིས་སྦྱོར་བ་ལ་ཁྲིམས་སྐྱོང་གི་གོ་ཆ་ཐོགས་ཏེ་བསྲུང་སྐྱོབ་བྱེད་ཐུབ། རྒྱལ་ཁབ་ཁྲིམས་སྐྱོང་གི་སྲིད་ཇུས་འདི་ཡང་མ་རུངས་ལངས་ཤཽར་དུ་སོང་བའི་སྲིད་གཞུང་གི་ལས་ཁུངས་འདུལ་བའི་ཆེད་དུ་ལག་བསྟར་བྱས་པའི་ཉིང་དགོས་དེ་ཡང་རྟོགས་ནུས། ད་ལྟར་རྒྱལ་ཁབ་ཀྱིས་ཁྲིམས་སྣ་ཚོགས་བཅས་ཏེ་རྒྱལ་ཁབ་ཀྱི་འབངས་མི་ཁྲིམས་འོག་ཏུ་བཅུག་པ་མ་ཟད་ཡར་གྱི་ལྷ་དང་མ་གི་ཀླུ་སོགས་ཀྱང་ཁྲིམས་འོག་ཏུ་བཅུག འོན་ཀྱང་ཁྲིམས་འོག་ཏུ་འཇུག་མ་ཐུབ་པར་ལུས་ཡོད་པ་མར་ལྐོག་སྣུམ་གྱི་མི་ཐུལ ཆོས་དྲེད་ཆོས་ཀྱིས་མི་ཐུབ་ཟེར་བའི་དཔེ་ལྟར་དྲེད་པོར་གྱུར་བའི་གཞུང་གི་ལས་ཁུངས་སྣ་ཚོགས་དེ་དག་རེད། མའོ་ཡིས་ལས་ཁུངས་དེ་དག་ཁྲིམས་འོག་ཏུ་འཇུག་ཆེད་རིག་གནས་གསར་བརྗེ་ཆེན་མོ་ཡི་ལས་འགུལ་བསླངས་ཤིང་། ཞི་ཅིན་ཕིན་གྱིས་ལས་ཁང་དེ་དག་ཁྲིམས་འོག་ཏུ་འཇུག་ཆེད་ཁྲིམས་སྐྱོང་གི་བསམ་བློ་བཤད་བཞིན་པ་འདི་ཐུག་ས་དང་འབེབ་ས་གཞི་གཅིག་ལ་ཐུག
གཉིས་པ་མཐོ་རྒྱུགས་ཀྱི་ནང་དུ་བོད་ཡིག་མེད་པར་བཏང་ཚུལ།
༢༠༢༤་ལོ་ནས་བཟུང་སྟེ་བོད་ལྗོངས་ས་ཁུལ་ནས་མི་མང་གིས་ད་ལོའི་མཐོ་རྒྱུགས་ཀྱི་ནང་དུ་བོད་སྐད་ཡིག་གི་རྒྱུགས་གཞི་དེ་མེད་པར་གཏོང་རྒྱུ་རེད་ཅེས་བརྗོད་དེ་སེམས་ཁུར་བྱེད་པའི་བརྗོད་བྱ་བརྗོད་ཅིང་། ད་ལོར་བོད་སྐད་ཡིག་མཐོ་རྒྱུགས་ཀྱི་གྲས་སུ་མེད་པར་བཏང་བ་དེ་ལ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ངོས་ལེན་བྱས་ཏེ། དེ་ནི་༢༠༡༤་ལོ་ནས་བཟུང་སྟེ་མཐོ་རྒྱུགས་བཅོས་བསྒྱུར་གྱི་སྲིད་ཇུས་དེ་བོད་ལྗོངས་ནས་ད་ལོ་ནས་བཟུང་སྟེ་ལག་བསྟར་བྱས་པ་ཡིན་ཟེར། འོན་ཀྱང་ང་ཚོས་༢༠༡༤་ལོའི་མཐོ་རྒྱུགས་བཅོས་བསྒྱུར་སྲིད་ཇུས་ཀྱི་ཡིག་ཆ་དེ་ལ་བལྟས་ན། དེའི་ནང་ན་བོད་སྐད་ཡིག་སོགས་མཐོ་རྒྱུགས་ནས་ཕུད་དགོས་པའི་གཏན་འབེབས་རྩ་བ་ཉིད་ནས་མེད་པ་དང་། གཙོ་བོ་ཚུལ་མིན་གྱིས་རྒྱུགས་སྐར་བསྣོན་པའི་གནད་དོན་སེལ་དགོས་པའི་སྐོར་བརྗོད་ཡོད་པ་ཙམ་དེ་ཡིན། དེའི་ལུགས་ལེགས་པར་ཤེས་འདོད་ན་ཡིག་ཆ་《关于深化考试招生制度改革的实施意见》འདི་ལ་བལྟས་ན་ཤེས་ཐུབ། གྲངས་ཉུང་མི་རིགས་ཡིན་པ་ཙམ་གྱིས་མཐོ་རྒྱུགས་སུ་སྐར་གྲངས་སྣོན་པ་དེ་ཡི་ཐོག་མའི་དགོས་འདུན་དེ་ཡང་དག་དང་བཟང་པོ་ཞིག་ཡིན། སློབ་གསོ་པུའུ་ཡིས་༡༩༥༠་ལོར་རྒྱུགས་ལེན་སྐབས་སྤུན་ཟླ་མི་རིགས་ཀྱི་སློབ་མའི་རྒྱུགས་འབྲས་ཅུང་ཟད་ཞན་ན་ཡང་གུ་ཡངས་བཏང་སྟེ་བསྡུ་ལེན་བྱེད་དགོས་པའི་སྲིད་ཇུས་དེ་ལ་བསྟུན་ནས་སྲིད་གཞུང་གིས་མཐོ་རྒྱུགས་ནང་དུ་གྲངས་ཉུང་མི་རིགས་ལ་སྐར་གྲངས་བསྣོན་པའི་བྱེད་ཐབས་སྣ་ཚོགས་བྱུང་བ་དང་། དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་རྒྱུགས་ལེན་པ། གྲངས་ཉུང་མི་རིགས་ཀྱི་འཛིན་གྲྭ་བསྡུ་བ་སོགས་འདུས། འོན་ཀྱང་ས་ཁུལ་ལ་ལ་ནས་སྲིད་ཇུས་དེ་ལོག་སྤྱོད་བཏང་ནས་གྲངས་ཉུང་མི་རིགས་རྫུན་མ་བཟོས་ཏེ་མཐོ་རྒྱུགས་ལ་ཞུགས་པ་ལ་སོགས་པའི་སྣང་ཚུལ་མང་པོ་བྱུང་། དེས་ཉེར་ལེན་ལས་དངོས་སུ་རྒྱ་རིགས་ཡིན་ཡང་མིང་བོད་རིགས་བཟུང་སྟེ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་མི་ཉུང་བ་ཞིག་བྱུང་། ལྷག་པར་དུ་མཚོ་སྔོན་ས་ཁུལ་ལ་མཚོན་ན་སྐར་གྲངས་༣༠་བར་དུ་བསྣན་ན་ཆོག་པས་རྒྱ་རིགས་སློབ་མ་མང་པོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བོད་རིགས་ཡིན་པའི་ཁྱིམ་ཐོ་རྫུན་བཟོ་བྱས་ནས་མཐི་རྒྱུགས་ལ་ཞུགས་པ་མང་། དེས་ལྟར་བྱས་ན་སྐར་གྲངས་༡༠་ནས་༣༠་རང་བཞིན་གྱིས་འཐོབ། ང་ཆུང་དུས་ང་ཚོའི་སྡེ་བ་ནང་ན་དེ་ལྟར་བྱེད་པའི་སློབ་མ་ཁ་ཤས་ཀྱང་བྱུང་མྱོང་བ་དངོས་སུ་མཐོང་། རྒྱ་རིགས་དེ་དག་གིས་བོད་སྐད་ཡིག་རྩ་བ་ཉིད་ནས་ཤེས་མི་དགོས་ལ་འགྲོ་སའི་སློབ་ཆེན་ནའང་ཡང་བོད་སྐད་ཡིག་གི་ཁྲིད་བྱ་མེད། བོད་རིགས་ཡིན་ཞེས་ཁས་འཆེ་བ་ཙམ་གྱིས་སྐར་མ་༡༠་ནས་སུམ་ཅུ་རག་ཏེ་སློབ་ཆེན་ལ་འགྲོ་ཐུབ་པ་དེ་ཡིན། མི་དེ་རིགས་ཤིན་ཏུ་མང་ཞིང་ད་ལྟ་མི་རིགས་རིམ་གྱིས་མངོན་ཡོང་བ་དེ་ཡང་མི་དམངས་འཐུས་མི་དང་མགོ་ཁྲིད་སོགས་ཀྱི་ནང་ན་རྒྱ་མིང་ཅན་གྱི་བོད་རིགས་ཤིན་ཏུ་མང་པོ་ཡོད་པ་དེ་མཚོན་ཐུབ། དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞུའུ་ཡན་ཅིན་ཧྭེ་ལ་སོགས་པ་ལྟ་བུ། རྒྱ་རིགས་ཡིན་པའི་བོད་མིང་ཅན་མཐོང་དཀོན་ཞིང་བོད་རིགས་ཡིན་པའི་རྒྱ་མིང་ཅན་མང་པོ་མཐོང་རྒྱུ་ཡོད་པའང་སྲིད་ཇུས་འདིའི་ཉེར་ལེན་ཡིན། ་དེ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་ཁག་དཀྲིས་ན་ཆོག་པ་ཞིག་མིན་པ་དང་། གཞུང་གིས་བཟོས་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་སྲིད་ཇུས་དེ་རྒྱ་རིགས་ཀྱིས་གླགས་བལྟས་ནས་འཕྲོ་བརླག་ཏུ་བཏང་བ་ཞིག་མ་གཏོགས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་མ་རེད། ་ལུས་རྩལ་དང་སྒྱུ་རྩལ་ལ་དམིགས་བསལ་གྱི་ནུས་པ་ཡོད་པའི་སློབ་མ་ལ་རྒྱུགས་སྐར་སྣོན་པ་ཕྱིར་འཐེན་བྱེད་པ་དེ་ཡང་ཡིག་ཆ་དེའི་དགོངས་དོན་ཡིན།
དེ་ནས་ཀརྨ་ཚེ་བརྟན་གྱིས་རྒྱུན་ལྡན་གྱི་སློབ་ཆེན་ནང་དུ་བོད་སྐད་ཡིག་ཁྲིད་བྱ་གཙོ་བོ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་བོད་སྨན་མ་གཏོགས་མེད། དེས་སློབ་མ་སྡུད་ལེན་ལ་གེགས་དང་བར་ཆད་བཟོས་ཏེ་ལས་ཀ་རྙེད་པ་ལ་དཀའ་ངལ་བཟོས་སོང་བས་བོད་སྐད་ཡིག་རྒྱུགས་ཀྱི་གྲས་སུ་ཕུད་པ་ཡིན་ཟེར།(普通高校藏语文授课专业主要是藏语言文学和藏医藏药类,存在招生名额相对有限,升学通道相对狭窄、学科专业局限大、就业面窄等问题) བོད་སྐད་ཡིག་གིས་སློབ་ཁྲིད་བྱེད་པའི་སློབ་ཆེན་དང་སྡེ་ཁག་དེ་དག་རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་གཟུག་དགོས་པ་ཞིག་ཡིན། བོད་ལྗོངས་ན་གཞུང་གིས་བཙུགས་པའི་སློབ་ཆེན་དེ་དག་གི་ཁྲིད་བྱ་བོད་ཡིག་གིས་ཀྱང་ཁྲིད་ན་ཆེད་ལས་རྩོམ་རིག་དང་བོད་སྨན་ཙམ་གྱིས་ག་ལ་ཚད། མདོར་ན་བོད་སྐད་ཡིག་བོད་ཀྱི་ས་ཁུལ་དུ་ནུས་མེད་དུ་སོང་བ་དེ་རྒྱ་ཆེ་བའི་བོད་རྒྱ་མི་མང་མ་ཡིན་པར་སྲིད་གཞུང་གི་ལེ་ལོ་དང་སྒྱུད་ལུག བོད་ཡིག་གཙིགས་སུ་འཛིན་དགོས་པའི་འོས་འགན་དེ་ཁུར་དུ་མ་བླངས་པའི་རྐྱེན་གྱིས་ཡིན་པས་གནད་འགག་དེ་ལ་ཐུག་ཡོད་པ་ཀརྨ་ཚར་བརྟན་གྱིས་གཏམ་བཤད་ལ་ཤེས་ཐུབ་ཅིང་། རྒྱལ་ཁབ་ཀྱི་་ངོས་ནས་་བོད་ལྗོངས་ཀྱི་སློབ་གསོ་ལས་དོན་ཐད་ལ་ད་ལྟ་བར་དུ་རྒྱའི་དམངས་སྒོར་ཁྲག་ཁྲིག་གསུམ་མ་ཟིན་ཙམ་(དུང་ཕྱུར་སུམ་སྟོང་།)བཏང་ན་ཡང་བོད་ལྗོངས་མི་དམངས་སྲིད་གཞུང་གིས་དུས་ད་ལྟ་བར་དུ་ཚན་ཁག་ཐམས་ཅད་བོད་ཡིག་གིས་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆེན་མོ་གཅིག་ཀྱང་མ་བཙུགས་པའི་རྒྱུ་མཚན་ཅི། དེ་ནི་བོད་ལྗོངས་མི་དམངས་སྲིད་གཞུང་གིས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལ་མངོན་གསལ་གྱིས་རྒྱབ་འགལ་བྱས་པ་ཞིག་མ་ཡིན་ནམ། སློབ་ཆེན་ན་བོད་ཡིག་གི་ཆེད་ལས་སྡེ་ཚན་མེད་པའམ་མེད་པར་བཏང་ན་གཞི་རིམ་དུ་ཀརྨ་ཚེ་ཏན་གྱི་བཤད་པ་ལྟར་གཞི་རིམ་སློབ་གསོའི་སྐབས་ཀྱི་བོད་སྐད་ཡིག་སློབ་ཁྲིད་སྒྲིག་གཞི་ལ་འགྱུར་བ་མི་གཏོང་ཞིང་སློབ་ཚན་ཡང་ཇེ་ཉུང་དུ་མི་གཏོང་(藏语文依然是西藏和其他涉藏州县的中小学学业课程,基础教育阶段藏语文课程设置不变、课程不减)ཞེས་པ་དེ་ལ་དགོས་པ་ཅི་ཡོད། དེ་ནི་སྔ་ཚིག་ཕྱི་ཚིག་གིས་མི་མནོན། རྐང་རྗེས་ལག་པས་མི་བསུབས་པའི་འགལ་ཟླ་ལྟག་སྤྲོད(自相矛盾)ཅན་གྱི་གཏམ་བཤད་ཅིག་མ་རེད་དམ།
གསུམ་པ། སློབ་གྲྭ་ནང་དུ་བོད་སྐད་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱས་ན་རྩ་ཁྲིམས་ལ་འགལ་ཡོད་ཟེར་བའི་ལོག་བཤད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཤམ་འོག་གི་ལས་ཁུངས་ཁྲིམས་སྒྲིག་ལས་དོན་ཨུ་ཡོན་ལྷན་ཁང་(全国人大常委会法制工作委员会)གིས་༢༠༢༠་ལོ་ནས་༢༠༢༢་ལོ་བར་དུ་ལོ་རེར་རྩ་ཁྲིམས་དང་ཁྲིམས་ལུགས་བརྟག་དཔྱད་གཏོང་སྐབས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་ནང་དུ་རང་སྐྱོང་ས་ཁུལ་གྱི་སློབ་གྲྭ་ནས་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིདགཙོ་བྱེད་དགོས་ཞེས་པའི་གཏན་འབེབས་དེ་དག་རྩ་ཁྲིམས་དང་འགལ་ལོ་ཞེས་ཐ་ཚིག་བོར་དེ་ནང་སོག་དང་ཁྲོའོ་ཞན་ལ་སོགས་པའི་རང་སྐྱོང་སྲོལ་ཡིག་ནང་དེ་ལྟར་གཏན་འབེབས་བྱས་ཡོད་པ་བཙན་གྱིས་བསྒྱུར་ཏུ་བཅུག་ཅིང་། དེའི་ཤུགས་རྐྱེན་གྱིས་མཚོ་ལྷོ་དང་རྨ་ལྷོ་ལ་སོགས་པའི་རང་སྐྱོང་ཁུལ་གྱིས་ཀྱང་ན་ནིངས་དོ་ཚིགས་ནས་བཟུང་སྟེ་རང་རང་གི་རང་སྐྱོང་སྲོལ་ཡིག་གི་ནང་དུ་སློབ་གྲྭ་ནང་དུ་བོད་སྐད་ཡིག་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱེད་དགོས་པའི་དོན་ཚན་དེ་དག་ནག་བསུབས་བཏང་།
དེས་ན་བོད་སྐད་ཡིག་ཡིག་སློབ་ཁྲིད་བྱེད་པའི་སློབ་གསོ་ཐབས་ལམ་དེ་རྩ་ཁྲིམས་དང་འགལ་དངོས་སུ་འགལ་ཡོད་དམ་ཞེ་ན། ངས་བལྟས་ན་སྲོལ་ཡིག་དེ་དག་རྩ་ཁྲིམས་ལ་འགལ་མེད་པ་མ་ཟད། རྩ་ཁྲིམས་དང་འགལ་སོང་ཞེས་ཐ་ཚིག་བསྒྲགས་མཁན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་བཅད་དེ་རྩ་ཁྲིམས་དང་ཁྲིམས་སྐྱོང་ལ་འགལ་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྤྱི་མཐུན་གྱི་རྩ་དོན་ལའང་འགལ། གང་ཡིན་ཞེ་ན། གྲངས་ཉུང་མི་རིགས་སྐད་ཡིག་དང་སློབ་གསོ་སློབ་ཁྲིད་སྐོར་གྱི་གཏན་འཁེལ་གྱི་གཞི་འཛིན་ས་རྩ་ཁྲིམས་ཀྱི་དོན་ཚན་བཞི་བ་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་པ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་དོན་ཚན་བརྒྱད་པ་བཅས་ཡིན་པ་ལས། རྩ་ཁྲིམས་ཀྱི་དོན་ཚན་༡༩་ཁོ་ན་ལུང་དྲངས་ཏེ་གཡག་ཞ་རས་རྩྭ་ཟ་བ་ལྟར་ཁ་ཚོན་གཅོད་ག་ལ་རུང་། རྩ་ཁྲིམས་ཀྱི་དོན་ཚན་བཞི་བ་དང་དོན་ཚན་༡༡༩་ཡིས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་ཐང་ལས་ཁུངས་ཀྱིས་རང་རྐྱ་འཕར་བའི་སྒོ་ནས་སློབ་གསོ་ལས་དོན་སོགས་དོ་དམ་བྱེད་པའི་དབང་ཐང་ཡོད་ཅེས་གཏན་འཁེལ་བྱས་པ་དེ་གཅིག་པུས་ཀྱང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཁྲིམས་སྒྲིག་ལྷན་ཁང་གི་ཐ་ཚིག་དེ་དགག་ཐུབ། དེས་ན་ངས་གོང་ནས་བཤད་པ་ནང་བཞིན་ཁྲིམས་སྐྱོང་ལ་རྒྱབ་འགལ་བྱེད་ཐུབ་མཁན་དེ་སྲིད་གཞུང་གི་ལས་ཁུངས་མ་གཏོགས་གཞན་གྱིས་འགལ་མི་ཐུབ་ཅེས་བཤད་དོན་ཡང་དེ་ལ་ཐུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཡོངས་ཁྱབ་ཀྱི་ཁྲིམས་བཅའ་མཁན་ཞིག་ཡིན་ནའང་ཁྲིམས་སྐྱོང་ལ་འགལ་བའི་སྦྱོར་བ་སྤེལ་སྲིད་ན་ལས་ཁང་གཞན་དག་ལྟ་ཅི་སྨོས།
བཞི་བ། སྒོ་བྱང་དང་འཕྲད་དར་སྟེང་དུ་བོད་ཡིག་རྒྱ་ཡིག་གི་གོང་ལ་བཞག་ན་རྒྱ་ཡིག་ལ་མཐོང་ཆུང་བྱས་སོ་ཟེར་ནས་བོད་ཡིག་འོག་ཏུ་འཇོག་པའམ་། རྩ་བ་ཉིད་ནས་མི་འཇོག་པ། ཡང་ན་གྱང་ངོ་སོགས་སུ་བོད་ཡིག་བྲིས་ཡོད་པ་དེ་དག་བཙན་གྱིས་བཀོག་ཏུ་འཇུག་པའི་སྣང་ཚུལ་དེ་ཡང་ཁྲིམས་སྐྱོང་ལ་འགལ་ཞིང་། ལྷག་པར་དུ་བོད་ཡིག་རྒྱ་ཡིག་གི་གོང་དུ་བཞག་ན་རྒྱ་ཡིག་ལ་མཐོང་ཆུང་བྱས་སོང་ཟེར་བ་དེ་རྨོངས་དད་དང་རྒྱ་རིགས་རྒྱ་ཆེན་རིང་ལུགས་ཀྱི་ལྟ་བ་འཛིན་པའི་རྟགས་ཡིན། ཁྲིམས་ལུགས་ཀྱི་བྱེད་ནུས་གཅིག་ནི་ཁྲིམས་ཀྱི་ལམ་སྟོན་ལུང་བསྟན་རང་བཞིན་ཞེས་པ་དེ་ཡིན། དེ་ནི་ཁྲིམས་ལུགས་ཀྱིས་དགག་སྒྲུབ་གནང་གསུམ་གྱིས་བཅས་པའི་སྒྲིག་ལམ་དང་འོས་འགན་དང་ཐོབ་ཐང་བཅས་ལ་རྟེན་ནས་མི་རྣམས་ཀྱིས་རང་གི་བྱ་བའི་མཇུག་འབྲས་ཚོད་དཔག་དང་ལུང་བསྟན་བྱེད་ཐུབ་པ་དེ་ཡིས་སྤྱི་ཚོགས་ཀྱི་འགྲིག་རང་ཁུར་དང་སོ་སོའི་མངོན་འདོད་བདེ་བླག་ཏུ་འགྲུབ་པ་བཅས་མངོན་གྱུར་བྱེད་པ་དེ་ཡིན། དཔེར་ན་ཁྲིམས་ཡིག་གི་ནང་ནས་བོད་ཡིག་དང་རྒྱ་ཡིག་མཉམ་དུ་འཇོག་དགོས་ཚེ། གོང་འོག་གི་སྐབས་སུ་བོད་ཡིག་གོང་དང་རྒྱ་ཡིག་འོག གཡས་གཡོན་གྱི་སྐབས་སུ་བོད་ཡིག་གཡས་དང་རྒྱ་ཡིག་གཡོན། དཀྱིལ་འཁོར་གྱི་སྐབས་སུ་བོད་ཡིག་མཐའ་དང་རྒྱ་ཡིག་དབུས་བཅས་གཏན་འཁེལ་བྱས་ཚེ། ཕྱིས་སུ་མི་རྣམས་ཀྱིས་འཕྲད་དར་དང་ཐམ་ཀ སྒོ་བྱང་སོགས་འཇོག་སྐབས་གོ་གནས་མ་ནོར་བར་བསྒྲུབ་པ་དང་། དེ་ལྟར་བྱས་ན་ཁྲིམས་ཆད་ཕོག་ཡོང་མིན་སོགས་ཀྱི་ཐེ་ཚོམ་དང་འཇིགས་པ་སོགས་སེལ་ནུས་པ་ལྟ་བུ། ཁྲིམས་ལུགས་ཀྱི་དགེ་མཚན་དེ་དག་དམིགས་ཏེ་བོད་རིགས་རང་སྐྱོང་ས་ཁུལ་དཔེར་ན་ལྷ་ས་དང་ཉིང་ཁྲི། མཚོ་ལྷོ་དང་དཀར་མཛེས་ལ་སོགས་པའི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གི་ནང་དུ་བོད་ཡིག་དང་རྒྱ་ཡིག་གི་འཇོག་སྟངས་གསལ་པོར་གཏན་འཁེལ་བྱས། དཔེར་ན་༢༠༠༡་གི་ལོར་གཏན་འབེབས་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཡི་གེ་བཀོལ་ཐབས་ཞེས་པ་དེའི་དོན་ཚན་དྲུག་པ་ནང་དུ་སྤྱི་ཚོགས་ཡི་གེ་བཀོལ་སྐབས་ངེས་པར་དུ་གཤམ་གྱི་ཚད་གཞི་ལྟར་འབྲི་དགོས། ༡ བོད་ཡིག་དང་རྒྱ་ཡིག་ཚད་ལྡན་དང་གྲལ་དག་པ། ངེས་ཟིན་སླ་བ་བཅས་ཀྱི་སྒོ་ནས་འབྲི་དགོས། ༢ བོད་རྒྱ་ཡིག་བསྒྱུར་དེ་ཡང་དག་པ་དང་། ཡི་གེ་དེ་གཉིས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པ། ༣ བོད་ཡིག་དང་རྒྱ་ཡིག་གི་ཆེ་ཆུང་གཅིག་པ། བོད་ཡིག་གོང་དང་རྒྱ་ཡིག་འོག ཡང་ན་བོད་ཡིག་གཡོན་དང་རྒྱ་ཡིག་གཡས་སུ་འཇོག་དགོས་ཞེས་གསལ་ཁ་གཏོད་དེ་བྲིས་ཡོད་པ་དེ་ལྟ་བུའོ། སྲོལ་ཡིག་དེ་ལ་མཚན་རྟགས་འགོད་མཁན་སྐབས་དེའི་ལྷ་ས་གྲོང་ཁྱེར་གྱི་གྲོང་དཔོན་བློ་བཟང་རྒྱལ་མཚན་རེད། ཁོང་ད་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་དཔོན་གནས་ཟིན་ཡོད། བོད་རིགས་ཀྱི་ནང་དུ་ཁོང་དཔོན་པོ་ཆེས་མཐོ་ཤས་སུ་གྱུར་ཡོད།
དེ་མིན་༢༠༡༥ལོར་གཏན་འབེབས་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་ཅེས་པའི་དོན་ཚན་༢༨་ཀྱི་ཚན་པ་༥་ཡི་ནང་དུ་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་དང་་བོད་ཡིག་གཉིས་འཕྲད་དུ་འབྲི་དུས་བོད་ཡིག་གོང་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་ཞོལ་དུ་འཇོག་པ། ཡང་ན་བོད་ཡིག་སྔུན་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་རྗེས་སུ་འཇོག་པ། གཞུང་འབྲིའམ་གོང་ནས་འོག་ཏུ་འབྲི་བའི་སྐབས་སུ་བོད་ཡིག་གཡོན་དང་རྒྱ་ཡིག་གཡས། བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་གཉིས་སོ་སོར་བྱས་ཏེ་སྒོ་བྱང་འགེལ་བའི་སྐབས་སུ་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་གཡས་དང་བོད་ཡིག་གཡོན་ཏུ་འགེལ་བ། སྒོར་དབྱིབས་ཀྱི་ནང་དུ་འབྲི་སྐབས་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་ཕྱི་སྐྱེལ་དང་བོད་ཡིག་ནང་སྐྱེལ། ཡང་ན་བོད་ཡིག་གོང་དང་ཆ་ཤས་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་ཞོལ་གྱི་ཆ་ཤས་སུ་འཇོག་དགོས་ཞེས་གཏན་འཁེལ་གསལ་པོ་བྱས་ཡོད་པ་ལྟ་བུ། དེ་ལྟར་གཏན་འཁེལ་བྱས་ན་མི་མང་ཚོགས་འདུ་དང་འདུ་འཛོམས་སྐབས་སུ་ཁྱབ་བསྒྲགས་བྱེད་སྐབས་དང་། ཡང་ན་ཐེམ་ཀ་བརྐོ་བ་དང་སྒོ་བྱང་འགེལ་སྐབས་རྒྱ་བོད་ཡི་གེ་གཉིས་ཇི་ལྟར་བེད་སྤྱོད་ལ་ལམ་སྟོན་གྱི་ནུས་པ་ཐོན་ཡོད་པས་མི་མང་གིས་ལས་ལ་མི་ནོར་བ་དང་བློ་བདེ་བ་སོགས་ཀྱི་ཕན་ཡོན་འབྱུང་བ་ནི་ཉིང་དགོས་ཡིན།
Leave a Reply