འབུར་རམས་པ་རྒན་འབྲོག་ཕྲུག་ལགས་ཀྱིས་རྒྱལ་རྩེ་རྫོང་ཁོངས་གནོད་སྦྱིན་གང་བཟང་རི་འདབ་ཏུ་རྒྱ་མི་སྒྱུ་རྩལ་བ་ཚཱད་ཀོ་ཆང་གིས་ཤོག་སྤག་སྒྲོན་པའི་དོན་རྐྱེན་གྱིས་ཁོར་ཁོར་ཡུག་ལ་གནོད་པ་ཐེབས་པའི་གནས་སྟངས་དང་། མ་ཟད་དེའི་རྒྱབ་ལོགས་སུ་མི་མངོན་པར་ཡོད་པའི་ཆབ་སྲིད་མི་སེར་སྤེལ་ཡུལ་རིང་ལུགས་དང་། གཉའ་གནོན་འོག་ཏུ་ཡོད་པའི་མི་རིགས་ཀྱི་དཔལ་འབྱོར་ཁེ་ཕན་དང་ཐོབ་ཐང་ལ་སོགས་པ་དེ་སྲིད་གཞུང་གིས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཙན་ལེན་དང་་གནོད་འཚེ་བྱེད་བཞིན་པའི་གནད་དོན་རྣག་ཐོག་ལ་ཁབ་གཙག་ལྟར་གསུངས་སོང་། དངོས་གནས་བཀའ་དྲིན་ཆེ་ཞུ།
དེ་ནས་ངས་འདི་ནས་རྒྱལ་རྩེ་རྫོང་གི་མགོ་ཁྲིད་ལ་སོགས་པར་གོང་རིམ་པའི་སྲིད་གཞུང་གིས་ཆད་པ་ཅི་ལྟར་བཅད་ཚུལ་སྐོར་མདོར་ཙམ་བཤད་གི་ཡིན། སྤྱིར་ང་ཚོའི་ས་ཆའི་ཁོར་ཡུག་ལ་གཞན་གྱིས་གཏེར་བརྐོ་བ་དང་ཆུ་མཛོད་བསྐྲུན་པ། ཉི་གློག་ཤེལ་ལེབ་འཇོག་པ་ལ་སོགས་པའི་ལས་གཞི་རྣམ་གྲངས་ཀྱིས་གཏོར་བརླག་རབ་དང་རིམ་པ་བྱུང་བཞིན་ཡོད། དཔེར་ན་བོང་སྟག་གི་མུ་རུ་རྩ་ཐང་གི་རྡོ་སོལ་བསྔོག་པ། རྒྱ་མ་ནས་གཏེར་བསྔོག་པ། ཨ་མཆོག་གི་གོང་སྔོན་བླ་རི་བསྔོགས་པ་ལ་སོགས་པ་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་། དེ་དག་ལ་དུས་དང་རན་པའི་ཐག་གཅོད་བྱས་ཏེ་འབྲེལ་ཡོད་མགོ་ཁྲིད་ལ་ཆད་པ་མ་བཅད་པའི་དབང་གིས་ས་ཆ་དེ་དག་ལ་ལྟ་བས་མི་བཟོད་པའི་གནོད་རྐྱེན་ཐེབས་ཡོད་པ་མཐོང་ཆོས་སུ་གྱུར་ཡོད། ཤོག་སྦག་བསྒྲོན་པའི་གནོད་རྐྱེན་ཙམ་མ་ཡིན་པར་ཁོར་ཡུག་རང་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་བཟོས་པའི་དོན་རྐྱེན་གང་མང་གི་ཁྲོད་དུ་རྫོང་ཨུའུ་ཧྲུའུ་ཅུ་དང་རྫོང་དཔོན་ཕར་ཞོགས། ཐ་ན་ཡུལ་ཚོའི་དཔོན་པོ་དང་སྡེ་བའི་དཔོན་ལ་ཁོར་ཡུག་གི་མིང་ཐོག་ནས་ཆད་པ་བཅད་པ་ཤིན་ཏུ་ཉུང་བའི་རྐྱེན་གྱིས། ཐེངས་འདིའི་དུས་ལྟར་དཔོན་པོ་རྣམས་ལ་ཆད་པ་བཅད་པ་འདི་ཡང་དག་པ་ཅིག་རེད་སྙམ། སྐྱེས་ཁམས་ཁོར་ཡུག་ལ་གནོད་པ་བྱེད་ཐུབ་མཁན་མང་ཆེ་བ་རྒྱུ་ཅན་དང་སྟོབས་ཆེན། རྒྱབ་ལོགས་ན་དཔོན་པོ་དང་ཚོང་ལས་ཆེ་ཁག་ཡོད་པ་དག་ཡིན། མི་ཕལ་ལ་བ་ཞིག་གིས་སྐྱེས་ཁམས་ཁོར་ཡུག་ལ་གནོད་པ་ཐེབས་པའི་སྦྱོར་བ་སྤེལ་མི་ཐུབ་ལ། ཐུབ་ནའང་སྲིད་གཞུང་གིས་ཉེས་ཁྲིམས་དང་སྲིད་འཛིན་ཆད་གཅོད་ཁྲིམས་ལ་སོགས་པའི་ཐོ་བ་བཟུང་སྟེ་ལམ་སེང་མི་དེ་ལ་ཆད་པ་གཅོད་གིན་རེད། འོན་ཀྱང་རྒྱུ་ཆེན་སྟོབས་ཅན་འདི་དག་གིས་སྲིད་གཞུང་གི་འགོ་ཁྲིད་དག་ལ་ཁེ་བཟང་བྱིན་ཏེ་སྐྱེས་ཁམས་ཁོར་ཡུག་གཏོར་བརླག་གི་ཆོག་མཆན་བླངས་ནས་དཔལ་འབྱོར་གྱི་ཡོང་སྒོ་འབོར་ཆེན་བསྐྲུན་དང་བསྐྲུན་བཞིན་པ་ནི་སྨྲོས་མ་དགོས་པའི་སྒྲུང་དཔེ་ཐུན་མོང་བ་རེད། ཐེངས་འདིའི་ཤོག་སྦག་གི་རྒྱབ་ལོགས་ཀྱི་ཁེ་གཉེར་ནི་ཁཱ་ན་ད་རྒྱལ་ཁབ་ཀྱིས་གསར་གཏོད་བྱས་ཤིང་། ཕྱིས་སུ་རྒྱ་ནག་གི་ཁེ་ལས་ཤིག་གིས་ཉོས་པའི་ཁྱུང་ཆེན་ཁེ་ལས་ཞེས་པ་དེ་རེད། དེའི་ད་ལོའི་ཚོང་རྭའི་རིན་གོང་ནི་ཨ་སྒོར་དུང་ཕྱུར་ཉི་ཤུ་ལྷག་སྟེ་རྒྱ་སྒོར་དུང་ཕྱུར་བརྒྱ་ལྷག་ལ་བུད་པའི་ཁེ་ལས་ཤིག་ཡིན། དེའི་སྐོར་རྒན་ལགས་ཀྱིས་ཞིབ་ཏུ་བཤད་ཟིན། ཚོང་དཔོན་དང་སྲིད་གཞུང་གི་དཔོན་པོ་གཉིས་ཁྱི་སྤྱང་ངན་འབྲེལ་བྱས་ན་ད་གཟོད་སྐྱེས་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་གྱི་ལས་གཞི་དང་རྣམ་གྲངས་གང་རུང་སྤེལ་ཐུབ་གིན་ཡོད་པ་མ་ཟད། མི་མང་གིས་ཁྲིམས་ལུགས་ལག་ཆར་བཟུང་སྟེ་བཀག་འགོག་ཅི་ལྟར་བྱས་ཀྱང་འགོག་མི་ཐུབ། དེ་མིན་སྲིད་གཞུང་གིས་ཐེར་འདོན་བྱེད་མཁན་ལ་མ་ཉེས་ཁག་གཡོགས་བྱས་ཏེ་བཙོན་ཏུ་འཕེན་པ་ཡང་འདི་ལ་ཐུག་ཡོད། དཔེར་ན་མགོ་ལོག་ཨ་ཉ་སེང་དགྲ་དང་མཚོ་སྔོན་ཚེ་རིང་ལ་སོགས་པ་ལྟ་བུ། དེའི་ཕྱིར་དོན་རྐྱེན་འདིའི་ནང་དུ་ཐེར་འདོན་བྱེད་མཁན་མི་གཅིག་ལའང་ཆད་པ་མ་ཕོག་པར། རྒྱལ་རྩེ་རྫོང་གི་ཧྲུའུ་ཅུ། རྫོང་དཔོན། རྫོང་དཔོན་གཞོན་པ་རྒྱ་རིགས་གཉིས། རྒྱ་རིགས་སྤྱི་བདེ་ཅུའུ་ཀྲང་བཅས་ལ་ཆད་པ་ཕོག་པ་འདི་ཡང་ཧ་ལས་པ་ཞིག་རེད།
གཉིས་པ། ཁྲིམས་ལུགས་ཀྱི་ངོས་ཐད་ནས་བཤད་ན། མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་བསྲུང་ཁྲིམས། རྨ་འབྲི་བསྲུང་ཁྲིམས། རྩ་ཐང་བཅའ་ཁྲིམས་ལ་སོགས་པའི་ཁྲིམས་འདི་དག་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། ང་ཚོས་ནམ་རྒྱུན་ཁྲིམས་ལུགས་ག་གེ་མོ་ཁྱེར་ནས་སྲིད་གཞུང་ལ་ཐོབ་ཐང་བཤད་སྐབས། སྲིད་གཞུང་གིས་ཀྱང་ཁྲིམས་ལུགས་གཞན་ཞིག་དྲུད་ཡོང་སྟེ་ང་ཚོའི་ཞུ་མཆིད་བཟློག་ཐབས་བྱེད། ཐེངས་འདིར་རྒྱལ་རྩེ་སྲིད་གཞུང་གིས་ཀྱང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག་གཞིར་བཟུང་སྟེ་ཤོག་སྦག་བཀད་སའི་ས་གནས་དེ་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་གང་ཡང་མིན་པས་ལས་གཞི་དེར་ཆོག་མཆན་སྤྲད་པ་དང་། འོན་ཀྱང་གོང་རིམ་པའི་སྲིད་གཞུང་གིས་རྩ་ཐང་བཅའ་ཁྲིམས་དང་མདོ་དབུས་མཐོ་སྒང་སྐྱེས་ཁམས་བསྲུང་ཁྲིམས་དེ་གཉིས་གཞིར་བཟུང་སྟེ་ཆད་པ་བཅད། རྒྱལ་རྩེ་རྫོང་གི་མགོ་ཁྲིད་ཁག་གིས་གཡག་ཞ་རས་རྩྭ་ཟ་བ་ལྟར་ཁྲིམས་ལུགས་ཀྱི་གཡས་རིག་ན་གཡོན་མི་རིག་པའི་རྐྱེན་གྱིས་ཆད་པ་ཕོག དེ་མིན་རིག་ཡོད་ནའང་མ་རིག་ཁུལ་བྱས་སྟེ་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོད་སྲིད་པས་ང་ཚོས་རྗེས་ནས་བལྟས་ན་ཆོག ང་ཚོ་བོད་ཀྱི་ས་ཁུལ་དུ་སྐྱེས་ཁམས་འཁོར་ཡུག་ལ་གནོད་པའི་ལས་གཞི་མང་ཆེ་བ་སྲུང་སྐྱོབ་ས་ཁུལ་དང་རིག་དངོས་ཅན་གྱི་ས་གནས་མ་ཡིན་པའི་ས་ཁུལ་དེ་དག་ན་སྤེལ་གིན་ཡོད་པས། དེ་དག་གིས་ཀྱང་ཁོང་ཚོ་ཁྲིམས་མཐུན་ཡིན་པའི་ཁྲིམས་ལུགས་མང་པོ་བསྒྲུབ་བྱེད་དུ་བཀོལ་ཏེ་མང་ཚོགས་ཀྱི་ངོ་རྒོལ་བཟློག་གིན་ཡོད། དེས་ན་ང་ཚོས་ཀྱང་སྐྱེས་ཁམས་ཁོར་ཡུག་ལ་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཡོད་དོ་ཅོག་རྒྱབ་རྟེན་དུ་བྱས་ཏེ་རང་རང་གི་བླ་རི་དང་བླ་མཚོ། རྩ་ས་ཞིང་ས་སོགས་ལ་སྲུང་སྐྱོབ་བྱེད་དགོས།
གསུམ་པ། བརྡ་འཕྲིན་གྱི་དུས་སྐབས་འདིར། ང་ཚོས་དངོས་སུ་དམག་ལ་ཆས་མི་དགོས་སོ་སོའི་ཁ་པར་སྟེང་ནས་སུ་ལ་བདེན་པ་ཡོད་ན་དེ་ལ་རྒྱབ་སྐྱོར་གྱི་ཚུལ་ཏུ་བརྒྱུད་བསྐུར་དང་བགྲོ་གླེང་། ཐེར་འདོན་དང་སྐྱོན་བརྗོད་སུགས་དྲག་བྱེད་པ་དེ་ཡང་གལ་ཆེ། ཟླ་༩་ཚེས་༡༩ཉིན་གྱི་ཕྱི་དྲོར་ཚཱད་ཀོ་ཆང་སྒྱུ་རྩལ་ཁང་གིས་འཆར་འགོད་དང་ལག་བསྟར་བྱས་པའི་ཤོག་སྦག་ལས་གཞི་དེར་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པས་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱུང་རྐྱེན། གཞིས་རྩེ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་དོན་དག་དེར་མཐོང་ཆེན་བྱས་ཏེ་འཕྲལ་མར་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་བཤིབ་བཤེར་བྱས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་འོག རུ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་དང་བདེན་དཔང་བྱས་ཏེ་དབང་གྲགས་ཅན་གྱི་ཆེད་ལས་ལས་ཁུངས་ཀྱི་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ཏེ། མཐར་རྫོང་ཨུའུ་ཧྲུའུ་ཅི་དང་རྫོང་དཔོན་ལ་སོགས་པའི་དཔོན་པོ་དྲུག་བདུན་ལ་གོ་གནས་ཕབ་པ་དང་ཞིབ་བཤེར་ལ་སོགས་པའི་ཆད་པ་ཕོག་པ་རེད།
Leave a Reply