བཀུར་འོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་དོན།

ཁ་སང་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་བའི་སྟེང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ལ་མོས་མཐུན་གྱི་གྲོས་ཆོད་བྱུང་མོད། ང་ཚོས་ཁྲིམས་ལུགས་དེའི་དོན་ཚན་ཁ་ཤས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་ཏུ་སོང་བར་མཐོང་བས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་དེ་རྩ་ཁྲིམས་དང་མཐུན་མིན་བརྟག་དཔྱད་གཏོང་བའི་རེ་འདུན་ཞུས་པ་ཡིན་ལ། ང་ཚོའི་རྒྱུ་མཚན་གཤམ་གསལ་ལྟར། 

དང་པོ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ལ་རྒྱལ་ཁབ་ཀྱིས་ངེས་པར་དུ་བརྩི་མཐོང་སྤྲོད་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ནི་མི་རིགས་དེའི་ཐོབ་ཐང་གི་ཉིང་དགོས་ཡིན་པས་ན་སྐད་ཡིག་སྣ་ཚོགས་དར་སྤེལ་གྱི་རྨང་གཞིར་གྱུར། དེའི་ཕྱིར་རྩ་ཁྲིམས་ཀྱི་དོན་ཚན་༡༡༩་ནང་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་རང་རྐྱ་ཐུབ་པའི་སྒོ་ནས་རང་ས་གནས་ཀྱི་སློབ་གསོ་དང་རིག་གནས་ལ་སོགས་པའི་བྱ་གཞག་ལ་དོ་དམ་བྱས་ཏེ་མི་རིགས་རིག་གནས་དར་སྤེལ་དང་ཕུན་ཚོགས་སུ་གཏོང་དགོས་ཞེས་པའི་གཏན་འཁེལ་གཞིར་བཟུང་སྟེ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་རང་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་གཏོང་བའི་ཆེད་དུ། གྲངས་ཉུང་མི་རིགས་ཀྱི་བྱིས་པ་ལ་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་སློབ་གསོ་གཏོང་དགོས་ཤིང་། སློབ་ཆུང་གི་འཛིན་གྲྭ་དམའ་རིམ་དང་ཡང་ན་མཐོ་རིམ་ནས་བཟུང་སྟེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཐོབ་དགོས་པའི་མི་རིགས་སློབ་གསོའི་ལམ་ལུགས་བཙུགས་པ་རེད། འོན་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ནང་དུ་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་དང་། སློབ་ལོ་སྔོན་གྱི་བྱིས་པས་རྒྱ་སྐད་སྦྱོང་བ། འོས་འགན་སློབ་གསོ་ཐོབ་ཚར་བའི་ན་གཞོན་རྣམས་ཀྱིས་གང་འཚམ་གྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་དགོས་ཞེས་གཏན་འཁེལ་བྱས་ཤིང་། དེ་ལྟར་གཏན་འཁེལ་བྱས་ན་རྩ་ཁྲིམས་ཀྱི་གོང་སྨྲོས་རྣམ་བཞག་ལ་འགལ་བ་མ་ཟད། མི་རིགས་རང་སྐྱོང་ས་ཁུལ་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་སློབ་གསོའི་ལས་དོན་ལ་དོ་དམ་བྱེད་པའི་བྱ་བ་གཞན་ལ་ཐེ་གཏོགས་ཀྱང་བྱས། 

གཉིས་པ། རྩ་ཁྲིམས་ཀྱི་མཆོད་བརྗོད་ནང་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་འཐབ་རྩོད་ཁྲོད་དུ་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ཤིང་། དེའི་ནང་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་གཙོ་བོར་བཟུང་སྟེ་ངོ་རྒོལ་བྱེད་དགོས་ཞེས་གཏན་འཁེལ་བྱས་ཀྱང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཚོགས་སྡེ། ཁེ་ལས་དང་ལས་གཉེར་རྩ་འཛུགས། དེ་བཞིན་དུ་སྤྱི་ཚོགས་ཚོགས་པ་གང་རུང་གིས་མི་མང་འདུས་སའི་སྤྱི་བའི་ས་ཁུལ་དུ་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེ་མཉམ་དུ་བཀོལ་སྤྱོད་བྱེད་དགོས་ཚེ། གོ་གནས་དང་བང་རིམ་གང་རུང་གི་ཐོག་ནས་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་འབུར་ཏུ་དོད་དེ་འཇོག་དགོས་ཞེས་གཏན་འཁེལ་བྱས་པ་དེ་ནི་སྤྱི་མང་འདུ་ས་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ལ་མཐོང་ཆུང་བྱས་པ་གཏན་འཁེལ་ཡིན་པ་མ་ཟད། རྒྱ་རིགས་ཆེན་པོའི་རིང་ལུགས་དེ་སྦ་གསང་དང་འཛེམ་བག་མེད་པར་རྒྱལ་ཡོངས་ཁྲིམས་བཟོའི་ཁྲོད་དུ་ཕྱིར་མངོན་པ་ཡིན།

གསུམ་པ། རྩ་ཁྲིམས་ཀྱི་དོན་ཚན་༡༢༡་ནང་དུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་གཞུང་དོན་བསྒྲུབ་སྐབས་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འཁེལ་ལྟར་ས་གནས་དེར་སྤྱི་སྤྱོད་ཀྱི་སྐད་ཡིག་གཅིག་གམ་དུ་མ་བཀོལ་སྤྱོད་བྱས་ན་ཆོག་ཅེས་གཏན་ལ་འཁེལ་བས། གྲངས་ཉུང་མི་རིགས་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་གཞུང་དོན་བསྒྲུབ་སྐབས་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་སྟེ་བཀོལ་སྤྱོད་བྱས་ནའང་འཐུས། འོན་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་གཞུང་དོན་བསྒྲུབ་སྐབས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཀོལ་དགོས་ཅེས་གཏན་ལ་འཁེལ་བ་འདི་རྩ་ཁྲིམས་ཀྱི་རྩ་དོན་འདི་དང་མཐུན་མི་མཐུན་ལ་བསྐྱར་ཞིབ་བྱེད་དགོས། 

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ན་ངེས་པར་དུ་རྩ་ཁྲིམས་དང་ཁྲིམས་སྐྱོང་ལ་སྲུང་བརྩི་བྱས་ཐོག གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་ལམ་རིམ་བརྒྱུད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཀྱི་དོན་ཚན་ཁ་ཤས་རྩ་ཁྲིམས་དང་ཁྲིམས་སྐྱོང་གི་རྩ་དོན་དང་འགལ་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལའང་གནོད་པ་ལྡན་པས། ཁྲིམས་དེས་དོན་སྙིང་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་གཅིག་ཏུ་སྤུངས་མི་ཐུབ་པས་ན། ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཞེས་པ་དེ་ལ་རྩ་ཁྲིམས་དང་མཐུན་མིན་བརྟག་དཔྱད་གཏོང་བའི་རེ་ཞུ་ཡི་གེ་འདི་ཕུལ། 

རེ་ཞུ་ཡི་གེ་ཕུལ་མཁན། སྒྲོལ་ག་གེ་མོ་ལ་སོགས་པ། 

༢༠༢༦ལོའི་ཟླ་༣་ཚེས་༡༣་ཉིན།