གླེང་གཞི།

མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་ཞེས་པ་དེ་སྤྱི་ལོ་༢༠༢༦ པའི་ཟླ་༧ པའི་ཚེས་༡་ནས་བཟུང་སྟེ་ལག་བསྟར་བྱས་ཤིང་། སེམས་ཁྲལ་དང་སོམ་ཉི། ཡི་མུག་བཅས་ནི་ཁྲིམས་འདི་བཅས་དང་བཅའ་བཞིན་པའི་སྐབས་སུ་བྱུང་བའི་ངའི་སེམས་ཚོར་ཡིན། མཁན་ཆེན་གྱིས་ཉེ་ཆར་འཇིགས་སུ་རུང་བའི་གནས་ཚུལ་ཞིག་འོང་གིན་འདུག་ཅེས་གསུངས་པའི་ཚིག་དེ་ལས་ཀྱང་མི་རིགས་འདིའི་སྣོད་བཅུད་ཀྱི་སྐྱེ་འཆི་ལ་དོ་ཁུར་སྣང་དོགས་བྱེད་མཁན་དག་གི་སེམས་ངལ་དེ་ངས་མྱོང་ཞིང་ཚོར་ཐུབ། བཅས་ཟིན་པའི་ཁྲིམས་ནི་རི་གཟར་ནས་བབ་པའི་རྦབ་ཆུ་ལྟར་ཕྱིར་བཟློག་མི་ཐུབ་པས་ཇི་སྲིད་སྲིད་གཞུང་དེ་མ་བརྗེ་བར་དུ་ཁྲིམས་འདི་གནས་སྲིད་དང་མི་སྲིད་ཁ་ཚོན་གཅོད་དཀའ་ནའང་། དེ་ལས་ཁྲིམས་ལུགས་འདི་འདྲ་ཞིག་གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད་ནས་ང་ཚོས་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཐ་སི་ཐིའི་རྙི་ཡི་(塔西陀陷阱)ནང་དུ་ཚུད་འདུག་པའི་དོན་དངོས་དེ་མཐོང་ཐུབ་དགོས། 

ཐ་སི་ཐིའི་རྙི་ཡི་དཔེ་མཚོན་དང་སྒྲ་བཤད།

༢༠༡༤ ལོའི་ཡས་མས་ལ་གཙོ་འཛིན་ཞིས་ཅིན་ཕིན་ལན་ཁོ་རྫོང་(兰考县)དུ་ལྟ་ཞིབ་བྱེད་སྐབས་སུ། ཁོས་ཐ་སི་ཐིའི་རྙི་ཅེས་པའི་དཔེ་མཚོན་འདི་དྲངས་ནས་གཏམ་བཤད་བྱས་ཤིང་། སྐབས་དེར་ཁོས་ང་ཚོ་ད་དུང་ཐ་སི་ཐིས་བཤད་པའི་ཚད་ལ་ལྷུང་མེད་ཀྱང་ང་ཚོར་ཡོད་པའི་གནད་དོན་དེ་ཚབས་ཆེན་ཞིག་ཡིན་པས་ན་ངེས་པར་དུ་གསལ་ཐག་གཅོད་དགོས། གལ་སྲིད་ཐག་མ་ཆོད་པར་རྙི་དེ་རུ་ཚུད་པའི་དུས་སུ་ཏང་གིས་ཆབ་སྲིད་འཛིན་སྐྱོང་གི་རྨང་གཞི་དང་གོ་གནས་ལ་གནོད་པ་དང་ཉེན་ཁ་མཆིས་ཞེས་བཤད། སྐད་ཆ་དེ་བཤད་པའི་རྗེས་སུ་རྒྱ་རིགས་ཤེས་ལྡན་པ་མང་པོས་ཐ་སི་ཐིའི་རྙི་ཡི་དོན་སྤྱི་མཚོན་བྱེད་ཀྱི་བརྡ་ཆད་དེ་ཚ་ཚ་འུར་འུར་གྱིས་རྩོད་གླེང་བྱས་ཤིང་། འོ་སྐོལ་གྱི་ཤེས་ཡོན་པ་མང་ཆེ་བར་དེའི་གོ་དོན་ལ་རྒྱུས་ཡོད་པ་གདོན་མི་ཟ། ཐ་སི་ཐིའི་རྙི་ཅེས་པ་ནི་ཆབ་སྲིད་རིག་པའི་ཐ་སྙད་ཅིག་ཡིན་ཞིང་། འདིའི་མཚན་ཉིད་ནི་སྲིད་གཞུང་གང་རུང་ཞིག་ལ་མི་དམངས་ཡིད་མི་ཆེས་པར་གྱུར་ཚེ། ཁོ་ཚོས་བདེན་རྫུན་གྱི་སྐད་ཆ་ཅི་ཞིག་བཤད་རུང་། ལས་དོན་བཟང་ངན་ཅི་ཞིག་སྒྲུབ་རུང་། མི་དམངས་ཀྱིས་མཐའ་གཅིག་ཏུ་ཁོ་ཚོས་རྫུན་བཤད་བཞིན་པ་དང་། ལས་དོན་ངན་པ་རྐྱང་རྐྱང་སྒྲུབ་བཞིན་པར་གོ་བ་ལེན་ངེས་པ་དང་། མདོར་ན་སྲིད་གཞུང་ལ་ཡིད་ཆེས་བརླག་ཚེ་དེའི་ཡོད་ཚད་ལ་མི་དམངས་གིས་ངོས་ལེན་མི་བྱེད་པའི་དོན་ལ་འཇུག བརྡ་ཆད་འདིའི་ཡོངས་ཁུངས་ནི་གནའ་བོའི་རོམ་གྱི་ལོ་རྒྱུས་མཁས་པ་ཐ་སི་ཐིའི་ལྟ་གྲུབ་ཡིན། ཁོའི་ལོ་རྒྱུས་ཅེས་པའི་བརྩམས་ཆོས་ཀྱི་ནང་དུ་གཏན་ཚིགས་འདི་སྤྱད།

མི་རིགས་ས་ཁོངས་རང་སྐྱོང་ཐ་སི་ཐིའི་རྙི་རུ་ཚུད་པའི་རིམ་པ།

ཀྲུང་ཧྭ་མི་རིགས་ཅེས་པའི་མིང་བཟུང་སྟེ་ཀྲུང་གོ་རྒྱལ་ཁབ་དུ་ཚུད་པའི་མི་རིགས་གྲངས་ཉུང་ལ་གཉའ་གནོན་དང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་པའི་གོ་མིན་ཏང་སྲིད་དབང་དང་ཅང་ཅེ་ཧྲིའི་སྲིད་གཞུང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་སྐྱོན་བརྗོད་དང་སུན་འབྱིན་ཤུགས་དྲག་བྱས་ཏེ། ཀྲུང་གོའི་ནང་མི་རིགས་ཐམས་ཅད་འདྲ་མཉམ་དང་མི་རིགས་སོ་སོར་རང་ཐག་རང་གཅོད་ཀྱི་དབང་ཐང་ཡོད་པའི་སྲིད་ཇུས་གཏན་འབེབས་ཀྱིས་ལག་བསྟར་བྱས་ཏེ། བོད་ཀྱི་རྔ་བ་དང་རྒྱལ་རོང་ས་ཁུལ་དུ་བོད་པའི་སྤྱི་མཐུན་རྒྱལ་ཁབ་རེ་ཟུང་ཞིག་ཀྱང་བཙུགས། གུ་ཡངས་བའི་མི་རིགས་སྲིད་ཇུས་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་བློ་སེམས་བཀུག་སྟེ་གུང་ཁྲན་ཏང་ལ་རོགས་རམ་བྱས་ནས་རྒྱལ་ཡོངས་ཀྱི་སྲིད་དབང་གོ་མིན་ཏང་གི་ལག་ནས་བླངས། འོན་ཀྱང་སྲིད་དབང་བཟུང་བའི་རྗེས་སུ་ཏང་གིས་གྲངས་ཉུང་མི་རིགས་ཀྱིས་རང་ཐག་རང་གཅོད་དང་སོ་སོའི་སྤྱི་མཐུན་རྒྱལ་ཁབ་འཛུགས་པའི་དབང་ཐང་རིམ་གྱིས་ཕྱིར་བསྡུ་བྱས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་ལམ་ལུགས་ཕུང་གསུམ་པ་ཞིག་གཏན་འཁེལ་བྱས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་དེ་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་(初心)ནང་ཁས་བླངས་བའི་མི་རིགས་རང་སྲིད་རང་སྐྱོང་དང་དེང་རབས་རྒྱལ་སྤྱིའི་སྟེང་གི་མི་རིགས་རང་སྐྱོང་། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རང་སྐྱོང་ཚད་མཐོ་ཅན་བཅས་དང་བསྡུར་ན་གནམ་སའི་ཁྱད་པར་ཤོར་འདུག་བས། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་མིང་གི་ལྷག་མ་ཙམ་ལས་དོན་ལ་གནས་པའི་རང་སྐྱོང་ཞིག་མིན། 

ངེས་པ་དོན་གྱི་རང་སྐྱོང་ནི་རང་སྐྱོང་ས་ཁུལ་ལ་ཁྲིམས་བཟོ་དང་ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་དབང་ཐང་ཡོངས་སུ་ཡོད་པ་ཞིག་ཡིན་དགོས། ཞང་ཀང་ལྟ་བུར་མཚོན་ན་དམག་དོན་དང་ཕྱི་འབྲེལ་ལས་དོན་ཕུད་རང་རྐྱ་ཐུབ་པའི་ཁྲིམས་བཟོ་དང་ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་དབང་ཐང་ཚང་མ་ཡོད་པས་ཚད་ལྡན་རང་སྐྱོང་གི་གྲལ་ཡིན་མོད་ཀྱང་། མི་རིགས་གྲངས་ཉུང་ལ་ལག་བསྟར་བྱེད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་ཙམ་པོ་བའི་ནང་དུ་དབང་ཐང་དེ་དག་ཁ་ཚང་བ་གཅིག་ཀྱང་མེད། 

མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་གྱི་ཁྲིམས་འཛིན་ཡན་ལག་ལ་རང་སྐྱོང་མེད་པ་མ་ཟད། ཁྲིམས་བཟོ་དང་སྲིད་འཛིན་ཡན་ལག་ལ་རང་སྐྱོང་གི་ཆ་ཤས་ཡོད་ཀྱང་དབང་ཐང་དེ་དག་ཏང་གི་ལས་ཁུངས་དང་གོང་རིམ་སྲིད་གཞུང་གིས་ཚད་བཀག་ཇུས་གཏོགས་ཀྱིས་མིང་གི་ལྷག་མར་བཏང་། དཔེར་ན། བོད་རང་སྐྱོང་ལྗོངས་དང་ནང་སོག་རང་སྐྱོང་ལྗོངས་ལ་སོགས་པའི་ཞིང་ཆེན་རིམ་པའི་རང་སྐྱོང་ལྗོངས་ལྔ་བོའི་གྲོས་ཚོགས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་ནས་བཟུང་སྟེ་རང་རང་སོ་སོའི་རང་སྐྱོང་ལྗོངས་ཀྱི་རྩ་འཛིན་རང་བཞིན་ཅན་གྱི་ཁྲིམས་ཡིག་སྟེ་རང་སྐྱོང་ལྗོངས་སྲོལ་ཡིག་བཅའ་བར་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་འབད་བརྩོན་བྱས་ཀྱང་། གོང་རིམ་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོག་རྐྱེན་ལས་དུས་ད་ལྟའི་བར་དུ་ལྗོངས་རིམ་པའི་རང་སྐྱོང་སྲོལ་ཡིག་གཅིག་ཀྱང་བཅའ་མ་ཐུབ་པར་ལུས། རང་སྐྱོང་ལྗོངས་ལ་རྩ་ཁྲིམས་རང་བཞིན་ཅན་གྱི་རང་སྐྱོང་སྲོལ་ཡིག་མེད་ན་རང་སྐྱོང་ལྗོངས་ཞེས་པའི་རང་སྐྱོང་གི་བྱེད་ནུས་རང་བཞིན་གྱིས་མེད་པར་འགྱུར། དཔེར་ན། ཞང་ཀང་ལ་ཞང་ཀང་རྨང་གཞིའི་ཁྲིམས་ཞེས་པ་དེ་མེད་ན་ཞང་ཀང་གི་རང་སྐྱོང་ཡོང་ཐབས་བྲལ་བ་དང་གཅིག་མཚུངས་སུ་སྣང་། གྲོང་ཁྱེར་ལྷ་སའི་མི་དམངས་སྲིད་གཞུང་གི་གྲོང་སྤྱི་དེ་རྒྱ་རིགས་བསྐོ་འཇོག་བྱས་ན་རྩ་ཁྲིམས་ལ་འགལ་ཡོད་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་མེད་པའི་རྐྱེན་གྱིས་སྣང་ཚུལ་དེ་རིགས་མ་དག་རྒྱུན་འབྱམས་སུ་འཇོག་པ་ལས་ཁྲིམས་ཐོག་ནས་ཡོ་བསྲང་བྱ་ཐབས་བྲལ། རང་སྐྱོང་ཁུལ་སུམ་ཅུ་ཐམ་པ་ལ་རང་སྐྱོང་སྲོལ་ཡིག་ཡོད་ཀྱང་ཁུལ་དེ་དག་གི་གོང་རིམ་པའི་ཞིང་ཆེན་སྲིད་གཞུང་གིས་ཐད་ཀར་རང་སྐྱོང་སྲིད་ཇུས་ལ་བར་ཆད་དང་བཀག་སྡོམ་སོགས་བྱས་པས་རང་སྐྱོང་ཁུལ་རྣམས་ཀྱིས་ཀྱང་མིང་ཙམ་གྱི་རང་སྐྱོང་དབང་ཐང་དེ་ལ་ཡང་ལོངས་སུ་སྤྱོད་ཐབས་བྲལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སློབ་གསོ་ཐིན་གྱིས་མཚོ་ལྷོ་དང་རྨ་ལྷོ་ལ་སོགས་པའི་རང་སྐྱོང་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཇུས་གཏོགས་དང་བཀག་སྡོམ་བྱས་ཏེ་རང་སྐྱོང་ས་ཁུལ་དེ་དག་གི་མི་རིགས་སློབ་གསོ་ལ་བཙན་གྱིས་འགྱུར་བ་གཏོང་དུ་བཅུག་པ་ལྟ་བུའི་དོན་དངོས་ཀྱི་དཔེ་མཚོན་མང་། 

གོང་རིམ་སྲིད་གཞུང་གིས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་དོན་ལ་ཇུས་གཏོགས་དང་བཀོད་འདོམས་བྱས་ན་རྩ་ཁྲིམས་ལ་འགལ་ཡང་། ཡོ་བསྲང་གི་དབང་ཆ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནད་དོན་དེ་རིགས་ཡོ་བསྲང་མི་བྱེད་པར། རང་སྐྱོང་སྲོལ་ཡིག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་དགོས་ཞེས་པའི་དོན་ཚན་དེ་དག་རྩ་ཁྲིམས་དང་འགལ་སོང་ཞེས་པའི་རྩ་ཁྲིམས་ལོག་འགྲེལ་ལོ་དུ་མར་བསྒྲགས་ནས་དུས་ད་ལྟར་མི་རིགས་གྲངས་ཉུང་ས་ཁུལ་ན་ཐབས་ལམ་དང་པོའི་སློབ་གསོ་ཉིན་སྐར་ཙམ་དུ་བཏང་། 

ཏང་གིས་རྒྱལ་ཡོངས་ཀྱི་སྲིད་དབང་བཟུང་རྗེས་མི་རིགས་རང་སྐྱོང་གི་ལམ་ལུགས་ལ་སྔར་གྱི་དམ་ཚིག་དང་འགལ་བའི་འགྱུར་བ་ཆེན་པོ་བཏང་ཞིང་། རིག་གནས་གསར་བརྗེ་ཆེན་མོ་ལ་སོགས་ལས་འགུལ་ཆེ་ཆུང་གི་སྐབས་སུ་ཚད་ལྡན་མིན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་དེ་ཡང་མེད་པར་བཏང་། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་སུ་མི་རིགས་རང་སྐྱོང་གི་སྲིད་ཇུས་སླར་གསོས་ཏེ་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཤིག་བཅས་ན་ཡང་། ཁྲིམས་དེ་ཁྱབ་བསྒྲགས་ཙམ་གྱི་སར་བཞག་སྟེ་ཉེས་ཁྲིམས་དང་དམངས་ཁྲིམས་བཞིན་ལག་བསྟར་དཔྱིས་ཕྱིན་པ་མ་བྱས་པའི་རྐྱེན་གྱིས། མིང་ཙམ་གྱི་རང་སྐྱོང་ལམ་ལུགས་དེ་ཡང་རང་སྐྱོང་ས་ཁུལ་དུ་ཁྲིམས་ཀྱི་བསྟན་དོན་བཞིན་མངོན་འགྱུར་མ་བྱུང་། 

སྐྱོ་མ་སྔ་བཙན་དང་བཀའ་ཤོག་རྗེས་བཙན་ལྟར། ཁྲིམས་གསར་བའི་ནུས་ཤུགས་ཁྲིམས་རྙིང་བ་ལས་བཙན་པས། ཏང་གིས་གཏན་འཁེལ་བའི་་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གསར་བ་འདིས་མུ་གེ་སྟེང་ལ་ཟླ་ལྷག་བཞིན་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་རིམ་གྱིས་ནུས་མེད་དུ་བཏང་དང་གཏོང་ངེས་ཡིན། དམ་པ་རྣམས་ཀྱིས་ཁས་འཆེ་མི་བྱ་ཞིང་།། གལ་ཏེ་དཀའ་བའི་ཁས་ཆེ་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ།། ཤི་ཡང་གཞན་དུ་འགྱུར་བར་མི་བྱའོ་ཞེས་གསུངས་བ་ལྟར། རྒྱལ་ཁབ་ཅིག་གི་རྩ་བའི་ཁྲིམས་དེ་དག་ཀྱང་དམ་པ་རྣམས་ཀྱི་དམ་བཅའ་དང་མཚུངས་བས་སྲིད་འཛིན་པ་རྣམས་ཀྱིས་དེ་ལ་འགྱུར་ལྡོག་གང་འདོད་དུ་བཏང་ན་མི་དམངས་ཀྱིས་ཡིད་ཆེས་མི་བྱེད་པ་ནི་ཆོས་ཉིད་དུ་གྲུབ། གྲངས་ཉུང་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་དེ་དང་འདྲ་ཞིང་། སྲིད་གཞུང་རྒྱུན་ཏུ་ཚིག་ཐོག་ཏུ་མ་བསྡད་པར་མི་རིགས་གྲངས་ཉུང་ལ་མི་ཕན་པའི་སྲིད་ཇུས་ཡང་ཡང་གཏན་འཁེལ་ལག་བསྟར་བྱས་རྐྱེན་མི་རིགས་གྲངས་ཉུང་གིས་སྲིད་གཞུང་གིས་གང་བཤད་གང་ལས་ཐམས་ཅད་གཏིང་ནས་ཡིད་ཆེས་མི་བྱེད་པའི་ཐ་སི་ཐིའི་རྙིའི་ནང་ལ་ཚུད། 

ཐ་སི་ཐིའི་རྙི་ལས་ཐར་ཐབས།

ཐ་སི་ཐིའི་རྙི་འཛུགས་མཁན་དེ་གཞན་སུ་གང་ཡང་མ་ཡིན་པར། ལོ་མང་རིང་མི་རིགས་སྲིད་ཇུས་ཡང་དག་པ་ཞིག་གཏན་འབེབས་མ་བྱས་ཤིང་། གཏན་འབེབས་བྱས་པའི་སྲིད་ཇུས་དེ་ཡང་མཐའ་འཁྱོལ་བར་ལག་བསྟར་མ་བྱས་པས་རིམ་གྱིས་གོམས་ཆགས་སུ་གྱུར་བ་ཞིག་ཡིན། སྲིད་གཞུང་གིས་མི་རིགས་གྲངས་ཉུང་གི་ཡིད་ཆེས་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་མཐོང་ན། རང་སྐྱོང་སྲིད་ཇུས་ཡང་དག་པ་ཞིག་གཏན་འབེབས་ལག་བསྟར་བྱས་ཏེ་གཤམ་གསལ་གྱི་བྱེད་ཐབས་སོགས་ཀྱིས་མི་རིགས་གྲངས་ཉུང་གི་ཡིད་ཆེས་སླར་ཡང་སླེབ་ཐུབ་ཐབས་འབད་རྒྱུ་སྟེ། 

དང་པོ། རྒྱལ་ཁབ་ཀྱིས་མི་རིགས་གྲངས་ཉུང་ལ་རང་གི་ས་ཁོངས་ཀྱི་སྲིད་འབྱོར་རིག་གསུམ་འཛིན་སྐྱོང་གི་ནུས་པ་དང་ཐོབ་ཐང་ཡོད་པ་ལ་ངོས་ལེན་དང་རྒྱབ་སྐྱོར། མི་རིགས་གྲངས་ཉུང་ལ་དོགས་ཟོན་དང་ཕྱོགས་རིས་མི་བྱེད་པར་སྤུན་ཟླའི་འདུ་ཤེས་བཟུང་ནས་བརྩི་བཀུར་དང་བྱམས་སྐྱོང་བྱེད་པ། 

གཉིས་པ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཀྱི་ནང་དུ་གཏན་ལ་ཕབས་ཡོད་པའི་རང་སྐྱོང་དབང་ཐང་ཇེ་ཆེར་བསྐྱེད་དེ། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་བཟོ་དང་ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་དབང་ཚད་ཁྱབ་ཆེ་རུ་བཏང་ནས་མ་མཐར་ཡང་ཞང་ཀང་དང་མཚུངས་བའི་རང་སྐྱོང་དབང་ཐང་ལོངས་སུ་སྤྱོད་དུ་འཇུག་པ། 

གསུམ་པ། མི་རིགས་གྲངས་ཉུང་གི་སྨྲ་བརྗོད་དང་ཆོས་དད། སྐད་ཡིག་དང་འགྲོ་འདུག་རང་དབང་ལ་སོགས་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་སྲིད་གཞུང་གོང་འོག་རིམ་པ་ཁག་གིས་ཚོད་འཛིན་བར་ཆད་མི་བྱེད་པ།

བཞི་བ། སྲིད་གཞུང་གོང་འོག་རིམ་པ་རེ་རེས་རྒྱལ་ཁབ་བཙུགས་ནས་ད་བར་དུ་གཏན་ལ་ཕབས་ཤིང་ལག་བསྟར་བྱས་པའི་ནོར་འཁྲུལ་ཅན་གྱི་མི་རིགས་སྲིད་ཇུས་སྐྱོན་ཅན་ཐམས་ཅད་མི་མང་ལ་འགྲེལ་བརྗོད་བྱས་ཏེ། དགོངས་དག་ཞུ་དགོས་ས་ནས་དགོངས་དག་ཞུ་བ་དང་། ཡོ་བསྲང་བྱེད་དགོས་ས་ནས་ཡོ་བསྲངས། གུན་ཚབ་འཇལ་དགོས་ས་ནས་གུན་ཚབ་སྤྲད་དེ་མི་རིགས་གྲངས་ཉུང་གི་སེམས་ཀྱི་རྨ་ཁ་གསོ་དགོས།

ལྔ་བ། སློབ་གསོའི་འགན་དབང་ཆ་ཚང་མི་རིགས་རང་ལ་སྤྲོད་དགོས་པ་སྟེ། མི་རིགས་སོ་སོའི་རིག་གཞུང་དང་ཐད་ཀར་འབྲེལ་བའི་བསླབ་གཞི་བཀོད་སྒྲིག་གི་དབང་ཆ་མི་རིགས་རང་ལ་སྤྲོད་པ་དང་། མི་རིགས་དེའི་རིག་གཞུང་གི་མ་ལག་གོ་རིམ་ལྟར་བསླབ་དེབ་སྒྲིག་དབང་དང་། བསླབ་གྲྭ་འཛིན་སྐྱོང་། སློབ་མ་བདག་སྐྱོང་གི་འགན་དབང་ཆ་ཚང་མི་རིགས་གང་དེར་སྤྲད་དེ་སློབ་གསོའི་ཐོབ་ཐང་ཆ་ཚང་མི་རིགས་དེར་སྤྲོད་དགོས་པ།