ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔ་ཡི་བཙོན་འཇུག་གི་ཉེས་ཆད་བཅད་པ་དེ་ལ་བཀྲ་ཤིས་དབང་ཕྱུག་གིས་གོང་གཏུག་ཞུ་དགོས། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། བཀྲ་ཤིས་དབང་ཕྱུག་དང་ཁོང་གི་དག་སེལ་ཁྲིམས་རྩོད་པ་སོགས་ཀྱིས་ཁྲིམས་བཤེར་ཐོག་མའི་བཅད་ཁྲ་ལག་ཏུ་སོན་པའི་ཉིན་བཅུ་ཡི་ནང་ཚུན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱེད་པའི་ཐོབ་ཐང་ཡོད།

ཁྲིམས་བཤེར་གཉིས་པའི་སྐབས་སུ་བཀྲ་ཤིས་དབང་ཕྱུག་ལ་ཉེས་ཆད་སྔ་མ་ལས་ལྗིད་པ་གཅོད་མི་ཆོག་པ་ནི་ཉེས་དོན་གཏུག་བཤེར་གྱི་རྩ་དོན་ཡིན།(上诉不加刑) འོན་ཀྱང་བཀྲ་ཤིས་དབང་ཕྱུག་ལ་ཡུལ་ཤུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་བཅས་ཀྱིས་ཁོང་གིས་གོང་གཏུག་བྱས་ན་ཞིབ་དཔྱོད་ཀྱིས་ཀྱང་རྒོལ་གཏུག་(抗诉)བྱས་ཏེ་ཁོང་གི་ཉེས་ཆད་ལྗི་རུ་གཏོང་གི་ཡིན་ཞེས་འཇིགས་སྐུལ་བྱས་ནས་སེམས་ལ་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པ་སྨྲོས་མ་དགོས་པ་རེད།
ངས་བལྟས་ན། བཀྲ་ཤིས་དབང་ཕྱུག་གིས་གོང་གཏུག་ཞུས་ན་དགེ་མཚན་ཆེ། གང་ཡིན་ཞེ་ན། ཐོག་མར་ཁོང་གིས་ཉེས་ཁྲིམས་དང་འགལ་བའི་ཉེས་སྤྱོད་ཅི་ཡང་ལས་མེད། ད་ལྟ་ཁོང་ལ་ཉེས་ཆད་བཅད་ཡོད་པ་ནི་མ་ཉེས་ཁག་གཡོག་གི་ཉེས་ཆད་ཅིག་ཡིན། གལ་ཏེ། ཁྲིམས་བཤེར་ཐོག་མའི་ཉེས་ཆད་དེ་གོང་གཏུག་མ་བྱས་པ་ཡིན་ན། ཁོང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་སྤྱོད་བསགས་ཡོད་པ་རང་ངོས་ནས་ཁས་ལེན་བྱས་པ་མཚོན་པས་དོན་དངོས་དང་བསྙོན་པ་ཞིག་ཆགས་ཡོད། གཉིས་པ་ནི། ཁོང་གིས་གོང་གཏུག་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཤེར་གཉིས་པའི་མགོ་བརྩམ་པ་ཡིན་ན། དེའི་སྐབས་སུ་བཀྲ་ཤིས་དབང་ཕྱུག་ལ་གཏའ་གྲོལ་དང་སྡོད་གནས་ལྟ་རྟོག་སོགས་ཀྱི་མིང་ཐོག་ནས་གློད་གྲོལ་ཐོབ་པའི་གོ་སྐབས་ཡོད་པ་ཡིན།  གོང་གཏུག་མ་བྱས་ན། ཁོང་ནི་ཉེས་ཅན་དུ་གྱུར་ཟིན་པས་བཙོན་ཁང་ནས་ཉེས་ཆད་ཀྱི་དུས་ཚོད་མ་ལོང་བར་དུ་འདུག་དགོས་པས་དེ་མིན་གྱི་ཐབས་ཤེས་གཞན་ཞིག་གིས་ཕྱི་རོལ་ཏུ་འདོན་དཀའ། གསུམ་པ་ནི། ཞིབ་དཔྱོད་ཀྱིས་རྒོལ་གཏུག་བྱས་ནའང་ལོ་ལྔའི་བཅས་མཚམས་དང་བརྒལ་ན་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་རྙོག་འཛིང་དུ་ཚུད་དེ་རྒྱལ་སྤྱིའི་སྟེང་གླེང་སློང་ཤུགས་དྲགས་འབྱུང་བ་ལ་ཁྲིམས་ཁང་གོང་འོག་དང་སྲིད་གཞུང་གིས་སེམས་འཚབ་བྱེད་པས། ཞིབ་དཔྱོད་ཀྱིས་རྒོལ་གཏུག་དངོས་སུ་བྱེད་མི་ཕོད་པའམ་བྱས་ཀྱང་ཁྲིམས་ཁང་གིས་བཅས་མཚམས་ལས་བརྒལ་ནས་ཉེས་ཆད་སྔ་མ་ལས་ལྗིད་པར་གཅོད་མི་ཕོད་པས། ཁོང་ཚོས་འཇིགས་སྐུལ་བྱེད་པ་ཙམ་མ་གཏོགས་དོན་དངོས་སུ་རྒོལ་གཏུག་བྱེད་མི་ཕོད་པར་སྙམ།

མདོར་ན། གོང་གཏུག་བྱེད་མིན་དེ་ནི་བཀྲ་ཤིས་དབང་ཕྱུག་གིས་རང་ཉིད་ཉེས་ཅན་ཡིན་མིན་རང་ངོས་ནས་ཁས་ལེན་བྱེད་མིན་གྱི་ས་མཚམས་ཤིག་ཡིན། ཁོང་གིས་གོང་གཏུག་མ་བྱས་ན། སྲིད་གཞུང་ལ་བདེན་པ་ཡོད་པའི་སྲོལ་ཤུགས་ཀྱིས་བསྟན་པ་ཞིག་ཆགས་འགྲོ་བ་ཡིན། ཁོང་གིས་གོང་གཏུག་བྱས་པ་ཡིན་ན། ཁོང་ལ་མ་ཉེས་ཁག་གཡོགས་བྱས་སོང་ཞེས་པའི་བདེན་པའི་རྒྱུན་དེ་རྒྱུན་འཁྱོངས་བྱེད་ཐུབ། དེའི་ཕྱིར་ངས་བལྟས་ན་ཁོང་གིས་ངེས་པར་དུ་གོང་གཏུག་བྱེད་དགོས། དེ་ནས་བཅད་ཁྲ་ལག་ཏུ་སོན་པའི་ཉིན་བཅུའི་ནང་ཚུན་ལ་བཀྲ་ཤིས་དབང་ཕྱུག་གིས་ངེས་པར་དུ་གོང་གཏུག་བྱེད་དགོས་ཤིང་། དུས་བཅད་ལས་འདས་པ་ཡིན་ན། གོང་གཏུག་ཞུ་མི་ཆོག་ལ་ཞུས་ཀྱང་ཁྲིམས་ཁང་གིས་ངོས་ལེན་མི་བྱེད་པ་ཡིན།  གནད་འདི་ལ་ཧ་ཅང་གཟབ་དགོས།