ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔ་ཡི་བཙོན་འཇུག་གི་ཉེས་ཆད་བཅད། ཁྲིམས་ཁང་གི་བཅད་ཁྲ་འདི་ནི་ཁྲིམས་དངོས་གཞི་དང་ཁྲིམས་བརྒྱུད་རིམ་གང་གི་ཐད་ནས་བལྟས་ནའང་དྲང་བདེན་མིན། ཉེས་ཁྲིམས་ནང་གི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ནག་ཉེས་ཤིག་ཡིན་དགོས་ཚེ། ཉེས་པ་བསྐྱེད་པའི་ཡན་ལག་བཞི་ངེས་པར་དུ་ཚང་དགོས། དེ་ནི་སྦྱོར་བ་བོ་ནི་རང་ལོ་༡༦་ལ་སོན་པའི་གང་ཟག་ཡིན་པ་གང་ཞིག་སེམས་རང་བཞིན་དུ་གནས་པ། རྒྱལ་ཁབ་ཁ་ཕྲལ་བར་བྱེད་པའི་ཆེད་དུ་ཡིག་ངག་གང་རུང་གིས་སྒོ་ནས་གཞན་ལ་ངན་སྐུལ་བྱས་པའི་སྦྱོར་བ་དངོས་སུ་ལྡན་པ། བསམ་པ་དང་ཀུན་སློང་ནི་ཤེས་བཞིན་དུ་རྒྱལ་ཁབ་ཁ་ཕྲལ་བར་མངོན་ཞིང་འདོད་པ། མཐར་ཐུག་སྦྱོར་བ་བོས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་སྦྱོར་བ་ལས་གནོད་འཚེ་ཐེབས་པ་བཅས་་ཡན་ལག་འདི་བཞི་ངེས་པར་དུ་ཚང་དགོས། ཡན་ལག་གང་རུང་མ་ཚང་ན་ཉེས་པ་འདི་མི་བསྐྱེད་པ་ཉེས་ཁྲིམས་ཀྱི་དོན་ཙན་༡༠༣་ཡི་ཚན་པ་༢་ཡི་ནང་དུ་གསལ་ཡོད།

བཀྲ་ཤིས་དབང་ཕྱུག་གི་མངོན་འདོད་དང་སྦྱོར་བ་ནི་དེ་ལས་ལྡོག་སྟེ་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་མི་རིགས་འདྲ་མཉམ་གོང་འཕེལ་དུ་གཏོང་ཆེད་ས་གནས་སྲིད་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སུན་འབྱིན་དག་ཐེར་བྱས་པའི་སྤྱི་དམངས་ཀྱི་བྱ་སྤྱོད་ཅིག་ཡིན། དེ་ནི་རྒྱལ་ཁབ་ཀྱིས་ཉེས་ཆད་གཅོད་པ་ལས་ལྡོག་སྟེ་གཏང་རག་སྤྲོད་འོས་པའི་གནས་ཡིན། མི་རིགས་ཀྱི་གནད་དོན་དང་ལྐོག་ཟ་རུལ་ཟུངས་ཀྱི་གནད་དོན་ལ་འདྲ་མཚུངས་ཀྱི་གནད་མང་བོ་ཡོད། དེ་ནི་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཇི་མི་སྙམ་པར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་བཏང་སྟེ་ད་རུང་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཁ་ནས་ཡ་ང་མེད་པར་བཤད་པ་དེ་དང་། སྲིད་གཞུང་གི་དཔོན་ཆེན་གྱིས་རྒྱ་སྒོར་ཐེར་འབུམ་ལྷག་ལྐོག་ཟ་བྱས་ནས་ད་དུང་ལྐོག་ཟ་རུལ་ཟུངས་ལ་དྲག་རྡུང་བྱེད་དགོས་ཞེས་ཁྲི་སྟེགས་མཐོན་པོ་ནས་མང་ཚོགས་ལ་འཛེམས་པ་མེད་པར་སྨྲ་བའི་གནས་ཚུལ་དེ་གཉིས་ངོ་བོ་གཅིག་ཡིན། དེས་ན། རྒྱལ་ཁབ་ཀྱིས་ལྐོག་ཟ་རུལ་ཟུངས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་རྡོག་རོལ་བྱེད་མཁན་རྣམས་ཐེར་འདོན་དང་སུན་འབྱིན་བྱེད་མཁན་ལ་ཁྲིམས་ཀྱིས་ཉེས་ཆད་ལྗིད་མོ་བཅད་ན། རྒྱལ་ཁབ་ལ་དྲང་བདེན་ཚུལ་མཐུན་དང་མི་རིགས་དབར་ལ་འདྲ་མཉམ་བདེ་སྐྱིད་ཀྱི་འབྲེལ་བ་ཞིག་ཡོང་སྲིད་དམ། དེ་ནི་མི་སྲིད་དོ། །

རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་མི་རིགས་འདྲ་མཉམ་གྱི་ཁྲིམས་དང་སྲིད་ཇུས་རྩིས་མེད་དུ་གཏོང་མཁན་ཆེ་ཤོས་ནི་ས་གནས་མི་དམངས་སྲིད་གཞུང་འདུས་པའི་དབང་འཛིན་ལས་ཁུངས་ཡིན་པ་དང་། དེ་དག་གིས་ཁྲིམས་ལྟར་མི་རིགས་རང་སྐྱོང་གི་ལས་དོན་སྒྲུབ་ཀྱིོན་ཡོད་མེད་ལ་ལྟ་རྟོག་ཞན་པའི་སྒྲིག་གཞིའི་དབང་གིས་རྒྱལ་ཡོངས་ཀྱི་མི་རྣམས་ཀྱིས་གནས་ཚུལ་དེ་དག་ལ་ཤེས་ཚོར་ཡོང་ཐུབ་ཀྱིན་མེད། ཟི་ལིང་གྲོང་ཁྱེར་ནི་བོད་རིགས་རང་སྐྱོང་ཁུལ་དྲུག་ལྡན་པའི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན། དེ་ན་སྲིད་གཞུང་གིས་བཙུགས་པའི་རྒྱ་རིགས་སློབ་ཆུང་དང་སློབ་འབྲིང་བརྒྱ་དང་སུམ་ཅུ་ལྷག་མཆིས་ཤིང་། ཁ་ཆེ་རིགས་ཀྱི་སློབ་འབྲིང་དང་སློབ་ཆུང་ལྔ་ཡོད། འོན་ཀྱང་། བོད་རིགས་སློབ་ཆུང་དང་སློབ་འབྲིང་གཅིག་ཀྱང་མེད། ས་དེའི་བོད་མི་རྣམས་ཀྱིས་ལོ་རབས་དྲུག་ཅུ་ནས་ད་བར་བོད་རིགས་སློབ་གྲྭ་ཞིག་འཛུགས་དགོས་པའི་རེ་ཞུ་ལན་མང་ཞུས་ཀྱང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་སྒོར་མོ་མེད་པར་ཁ་གཡར་ནས་ད་རག་བར་དུ་བཙུགས་མེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མི་གྲངས་སྤྱིའི་བརྒྱ་ཆ་དགུ་བཅུ་བོད་རིགས་ཡིན་ཡང་དེ་གའི་ཁྲིམས་ཁང་དང་སྲིད་གཞུང་ནས་བོད་ཡིག་གཏན་ནས་བཀོལ་སྤྱོད་མི་བྱེད་པའི་དབང་གིས་ས་ཆ་དེའི་བོད་རིགས་རྣམས་ལ་དཀའ་ངལ་བརྗོད་ལས་འདས་པ་བཟོས་ཡོད། བཀྲ་ཤིས་དབང་ཕྱུག་གིས་ཁྲིམས་བཤིག་གི་གནས་སྟངས་འདི་རིགས་རྒྱལ་ཡོངས་ཀྱི་མང་ཚོགས་ལ་ཤེས་སུ་བཅུག་པ་རེད། དེ་ལ་བཟང་ཆ་ལས་ཉེས་ཆ་ཅི་ཡོད། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་བོད་རིགས་སློབ་ཆུང་འཛུགས་པའི་སྒོར་མོ་མེད་ཟེར་ཞོར་དེའི་འགན་འཛིན་མའོ་ཞོ་པུན་(毛小兵)གྱིས་རྒྱ་སྒོར་དུང་ཕྱུར་གཅིག་ལྷག་ལྐོག་ཟ་བྱས་ཏེ་ན་ནིང་བཙོན་ཁང་དུ་བཅུག་པ་རེད།

སྐྱོན་བརྗོད་དང་རང་སྐྱོན་བརྗོད་པ་ནི་གུང་ཁྲན་ཏང་གི་རྩ་དོན་ཡིན། དེས་ན། དངོས་ཡོད་གནས་ཚུལ་སུན་འབྱིན་བྱེད་མཁན་ནི་སྐྱོན་བརྗོད་དང་རང་སྐྱོན་བརྗོད་མཁན་གྱི་གྲོགས་ཡིན་པས་དེ་ལ་སྲུང་སྐྱོབ་བྱ་དགོས་པ་ལས་འབུར་འཇོམས་བྱ་མི་རུང་། དེའི་རྒྱུ་མཚན་གྱིས་འབྲེལ་ཡོད་ཁྲིམས་ཁང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གནས་ལུགས་ཁྲིམས་ལུགས་གང་དང་ཡང་མི་མཐུན་པའི་བཅད་ཁྲ་དེ་ཟློག་དགོས།