ཨ་རིན་གྱིས་བསྒྱུར། ནམ་མཁས་མཚམས་སྦྱོར་བྱས།

བརྒྱ་ལོ་སྔོན་མའི་ལོ་རབས་དགུ་བཅུའི་དཀྱིལ་དུ། བར་སྐབས་ཤིག་ལ་ཁྲིམས་བརྟེན་ཁབ་སྐྱོང་དང་ཁྲིམས་སྐྱོང་གཉིས་ཀྱི་སྐོར་ནས་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་བྱས་མྱོང་ཡང་། འོན་ཀྱང་ཕྱིས་སུ་ཅི་ཡིན་འདི་ཡིན་མེད་པར་གྱུར། དེ་ཡང་ལོ་བཅུ་ཕྲག་ལྷག་གི་ཞི་འཇམ་བརྒྱུད།

Image result for ཁྲིམས

དུས་ད་ལྟ་ཡང་བསྐྱར་ཁྲིམས་བརྟེན་ཁབ་སྐྱོང་སྐོར་གྱི་སྐད་ཆ་ཚ་ཚ་འུར་འུར་གྱིས་གླེང་བྱུང་བ་དང་། ཁྲིམས་སྐྱོང་གི་དོན་སྙིང་ལའང་བསྐྱར་དུ་དོ་སྣང་བྱུང་། འོ་ན་ཁྲིམས་སྐྱོང་ཞེས་པ་ཅི་ཞིག་ཡིན་ཞེ་ན། དེ་ནི་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བ་ཞིག་ལས། མི་ཡི་དབང་སྒྱུར་མིན་ཞིང་དབང་སྒྱུར་བས་ཁྲིམས་ལ་བརྟེན་ནས་དབང་སྒྱུར་བྱས་པ་ཞིག་ཀྱང་ཁྱོན་ནས་མིན་པ་དེ་ཡིན། ཁྲིམས་སྐྱོང་གི་སྔོན་འགྲོའི་རིན་ཐང་ནི། ཁྲིམས་སྐྱོང་གིས་འགྲོ་མིའི་གཞི་རྩའི་ཐོབ་ཐང་དང་། ལྷག་པར་སྤྱི་དམངས་སྒེར་གྱི་རྒྱུ་ནོར་ཐོབ་ཐང་དང་རང་དབང་ཐོབ་ཐང་། ཚེ་སྲོག་ཐོབ་ཐང་ལ་བརྩི་བཀུར་བྱེད་པ་དང་ཆབས་ཅིག  ཚུལ་མཐུན་གྱི་ཁྲིམས་ལུགས་འགྲོ་རིམ་ངོས་ནས་ཀྱང་ལོགས་སུ་བསྐྱུར་དུ་མེད་པའི་འགྲོ་མིའི་གཞི་རྩའི་ཐོབ་ཐང་འདི་དག་འཕྲོག་པ་དང་གནོད་འཚེ་མི་བྱ་བར་འགན་སྲུང་བྱེད་དགོས།

དེ་བཞིན་ཁྲིམས་འཛུགས་སྡེ་ཁག་ཡིན་ནའང་། མི་མང་ཤོས་སམ་ཡང་ན་སྲིད་འཛིན་ཚོགས་པའི་འདོད་བློ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལུང་རིག་གམ་གཞན་པའི་རྒྱུ་མཚན་གང་རུང་ལ་གཞི་བཅོལ་ནས་འགྲོ་མིའི་གཞི་རྩའི་ཐོབ་ཐང་འདི་དག་འཕྲོག་པར་བྱ་མི་རུང་།འདིས་བསྟན་པ་ནི། རྩ་ཁྲིམས་དང་ཁྲིམས་ལུགས་བཟོ་བཅོས་བྱས་ཆོག་མོད། འོན་ཀྱང་འགྲོ་མིའི་གཞི་རྩའི་ཐོབ་ཐང་ཡེ་ནས་འཕྲོག་མི་རུང་བ་དང་། ཐོབ་ཐང་འདི་ལ་འགན་སྲུང་བྱེད་པའི་གཞི་རྩའི་ལམ་ལུགས་ཀྱི་རྩ་བའི་རིགས་པ་དེ་དང་ཡང་འགལ་བ་ལྟག་སྤྲོད་དུ་འགྲོ་མི་རུང་བ་དེ་རེད། རྒྱལ་ཁབ་གང་དེའི་ཁྲིམས་སྐྱོང་གི་ཚད་ཐིག་གཞལ་བྱེད་ཀྱི་ཐབས་ལམ་ཆེས་གོ་ཆོད་པ་གཅིག་ནི། རྒྱལ་ཁབ་དེའི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཞིབ་བཤེར་གནང་རྒྱུ་དེ་ཡིན། ཁྲིམས་སྐྱོང་ཞེས་པས་ཁྲིམས་ཀྱི་གོང་ན་ཁྲིམས་ཏེ། ཁྲིམས་ལུགས་བླ་ན་མེད་པ་མཚོན། ཁྲིམས་སྐྱོང་གི་ཁྲིམས་དེ་གང་ཞིག་གི་འདོད་བློ་མངོན་པའི་ཁྲིམས་ནི་མིན་པས། ཁྲིམས་སྐྱོང་དང་མཐུན་པའི་ཁྲིམས་ལུགས་འོག་ཏུ། སྐྱེས་བུ་སྒེར་དེ་གཞན་པའི་སྒེར་གཅོད་ཀྱི་འདོད་བློ་མངོན་པའི་ཁྲིམས་ལུགས་དབང་དུ་ཚུད་མི་དགོས་ལ། ཁྲིམས་སྐྱོང་འོག་དབང་ཆ་གང་རུང་དང་སྐྱེས་བུ་སྒེར་ཡང་ཁྲིམས་ལུགས་ཀྱི་བཅས་མཚམས་ལས་འདའ་མི་ཆོག དེ་ཡང་ཁྲིམས་ལུགས་བླ་ན་མེད་ཟེར་བ་ནི། ཁྲིམས་འཛུགས་མཁན་གྱི་འདོད་བློ་བླ་ན་མེད་པའི་དོན་མིན་པར། རང་དབང་བླ་ན་མེད་པའི་དོན་ལ་འཇུག  ཀུན་ལ་སྤྱི་བསྒྲགས་མ་བྱས་པའི་ལྐོག་ཁྲིམས་སམ་ཡང་ན་ཁྱབ་བསྒྲགས་ཟིན་པའི་ཁྲིམས་ལུགས་ཀྱི་ཚབ་བྱེད་པའི་སྲིད་ཇུས་ཅི་ཡོད། ཁྲིམས་སྐྱོང་དང་འགལ་བ་ལྟག་སྤྲོད་དུ་སོང་བ་ཤ་སྟག་སྟེ། གང་ལྟར་ཁྲིམས་ཀྱིས་བསྩལ་བའི་སྤྱི་དམངས་ཀྱི་ཐོབ་ཐང་དེ། ཁྱབ་བསྒྲགས་མི་བྱེད་པའམ་ཡང་ན་ལྐོག་གི་སྲིད་ཇུས་ཀྱིས་གཏན་ནས་འཕྲོག་མི་རུང་། གལ་ཏེ་ལྐོག་ཏུ་ལག་བསྟར་བྱས་པའི་ཡིག་ཆ་དེ་ཁྱབ་བསྒྲགས་བྱས་པའི་ཁྲིམས་ལུགས་དང་རྒྱབ་འགལ་དུ་གྱུར་ན། སྤྱི་དམངས་ལ་མཐའ་གཅིག་ཏུ་ལྐོག་གི་ཡིག་ཆ་དེའི་རིགས་ཁྲིམས་མཐུན་མིན་པའི་ངོ་རྒོལ་གྱི་ཐོབ་ཐང་གཙང་མ་བདོག

Image result for ཁྲིམས

ཁྲིམས་སྐྱོང་ལག་བསྟར་བྱེད་པ་ལ། ཐོག་མར་དམངས་གཙོའི་དགོངས་པ་དང་མཐུན་པའི་རྩ་ཁྲིམས་ཤིག་ཡོད་དགོས། དམངས་གཙོའི་ཆབ་སྲིད་འོག་ཏུ། སྲིད་འཛིན་ཚོགས་པའི་དབང་ཆ་དེ་ངེས་པར་དུ་སྤྱི་དམངས་མོས་མཐུན་བྱུང་བའི་རྨང་གཞིའི་སྟེང་གྲུབ་དགོས་ཤིང་། སྤྱི་ཕན་གྱི་ལས་དོན་ཡོད་ཚད་དྲང་སྙོམས་ཀྱི་ཁྲིམས་ལུགས་འགྲོ་རིམ་ལ་གཞི་བཅོལ་ནས་སྒྲུབ་དགོས། རྩ་ཁྲིམས་ནི་ཏག་ཏག་འགྲོ་མིའི་གཞི་རྩའི་ཐོབ་ཐང་གི་ཆབ་སྲིད་ཕུགས་བསམ་འདི་དག་མངོན་འགྱུར་ཡོང་ཆེད་བཟོས་ཤིང་གཏན་ལ་ཕབ་པ་ཞིག་སྟེ། རྩ་ཁྲིམས་ཀྱིས་སྲིད་གཞུང་གི་དབང་ཆར་ཚོད་འཛིན་དྲག་པོ་བྱེད་པའི་རེ་བ་འདོན་པར་མ་ཟད། དམངས་ཀྱིས་འདེམ་པའི་ཁྲིམས་འཛུགས་སྡེ་ཚན་ཡིན་ནའང་དམིགས་བསལ་མེད། དམངས་གཙོའི་ཆབ་སྲིད་ཀྱི་དགོངས་པ་དང་མི་མཐུན་པའི་རྩ་ཁྲིམས་དེ་ལག་བསྟར་བྱེད་རིན་མེད་པ་ཙམ་མིན་པར། གཏན་ནས་ལག་བསྟར་བྱེད་མི་འོས་པ་དེ་ཡིན། འདིས་ཀྱང་ཁྲིམས་སྐྱོང་ནི་རྒྱུ་འབྲས་བློ་མིག་དང་མཐུན་པའི་ཁྲིམས་ཤིག་ཡིན་པ་མཚོན་ཞིང་། སྡིག་ཁྲིམས་ལ་བརྟེན་པའི་ཁྲིམས་ནི། ལག་བསྟར་བྱེད་དུས་ཅི་འདྲའི་ནན་མོ་ཡིན་ཀྱང་། སྔར་བཞིན་ཁྲིམས་སྐྱོང་མིན་པ་དེ་མཚོན།

ཁྲིམས་སྐྱོང་ཀྱིས་ཁྲིམས་ལུགས་ཡོད་ཚད་དམངས་གཙོའི་ཆབ་སྲིད་འོག་གི་རྩ་ཁྲིམས་དང་འགལ་མི་རུང་བའི་རེ་བ་འདོན་ལ། རྩ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་ཐོབ་ཐང་དང་རང་དབང་ལའང་གནོད་འཚེ་བྱ་མི་རུང་བའི་རེ་བ་འདོན། དེ་བཞིན་རྩ་ཁྲིམས་དེ་ཡང་འགྲོ་མིའི་ཐོབ་ཐང་འགན་སྲུང་དང་དམངས་གཙོའི་ཆབ་སྲིད་ཀྱི་རྩ་བའི་རིགས་ལམ་དང་འགལ་མི་རུང་། འོན་ཀྱང་ཁྲིམས་འགལ་ཞིབ་བཤེར་མེད་ན། ཁྲིམས་སྐྱོང་དང་དམངས་གཙོའི་ཆབ་སྲིད། ཚད་ཡོད་སྲིད་གཞུང་ཡང་ཡོད་མི་སྲིད། དེ་བས་ཁྲིམས་འགལ་ཞིབ་བཤེར་གྱི་ཁ་གཏོད་ཡུལ་ནི། རྩ་ཁྲིམས་དང་རྒྱབ་འགལ་དུ་འགྱུར་སྲིད་པའི་ཁྲིམས་ལུགས་ཡིན་ལ། དེའི་ནང་ད་དུང་ཁྲིམས་འགལ་གྱི་ཆབ་སྲིད་སྦྱོར་བ་དང་སྲིད་ཇུས་ཀྱང་ཐེ། གལ་ཏེ་བྱེ་བྲག་གི་སྒྲིག་འཛུགས་སྡེ་ཚན་གྱིས་རྩ་ཁྲིམས་ལག་བསྟར་བྱེད་པར་ལྟ་རྟོག་མི་གནང་ཞིང་། སྲིད་གཞུང་དང་ཆབ་སྲིད་ཚོགས་པ། འགོ་འཛིན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་མ་བྱས་ཚེ། དམངས་གཙོའི་ཆབ་སྲིད་དང་ཁྲིམས་སྐྱོང་ཞེས་པ་སྟོང་གཏམ་འབའ་ཞིག་ཡིན་ལ། རྩ་ཁྲིམས་ཀྱང་ཤོག་བུ་སྟོང་བ་ཞིག་ལས་མ་འདས།

ཁྲིམས་སྐྱོང་གི་བྱེད་ནུས་གཙོ་བོ་ནི། སྒེར་གཅོད་ཀྱི་ཆབ་སྲིད་དབང་ཆ་སྔོན་འགོག་དང་སྡོམ་གཅུན་བྱེད་པ་དེ་ཡིན། དབང་ཆ་གང་ཞིག་ཡིན་རུང་སྒེར་གཅོད་དུ་འགྱུར་ཉེན་ཆེ་བས། དབང་འཛིན་པས་དབང་ཆ་སྒེར་གཅོད་བྱེད་དུས་ཀྱི་ཐོག་མའི་ཀུན་སློང་ཅི་འདྲའི་རླབས་ཆེན་ཞིག་ཡིན་ནའང་། གང་ལྟར་སྲིད་གཞུང་གི་ལག་པ་འཆང་སའི་ཡུལ་དུ་སྒེར་གཅོད་ཀྱི་ཐག་གཅོད་འབྱུང་སྲིད། དེ་ནི་སྲིད་དབང་སྒེར་གཅོད་པའི་དབང་ཆ་དེ་འདྲ་ཡིན་ལ། ཐ་ན་དམངས་གཙོའི་ལམ་གྱིས་གྲུབ་པའི་མི་མང་ཤོས་ཀྱི་དབང་ཆ་ཡང་དེ་འདྲ་ཡིན། དེར་བརྟེན། ཁྲིམས་སྐྱོང་གིས་སྲིད་གཞུང་གི་དབང་ཆ་ལ་ནན་མོ་སྒོས་ཁྲིམས་ལུགས་ཀྱིས་ཚོད་འཛིན་བྱེད་པ་དང་། སྲིད་གཞུང་གི་བྱ་སྤྱོད་དེ་ཁྲིམས་སྐྱོང་གིས་ཁས་ལེན་ཐོབ་པའི་སྔོན་འགྲོའི་རིན་ཐང་དང་འགལ་མི་ཆོག་པའི་རེ་བ་འདོན། གང་ལྟར་འགྲོ་མིའི་ཐོབ་ཐང་ལ་སྒེར་གཅོད་ཀྱི་དབང་ཆས་རྡོག་རྫིས་མི་ཐེབས་པའི་ཆེད་དུ། ཁྲིམས་སྐྱོང་འོག་གི་ཁྲིམས་ལུགས་ཀྱིས་ངེས་པར་དུ་སྲིད་གཞུང་གི་དབང་ཆར་ཚོད་འཛིན་ནན་མོ་བྱེད་དགོས། ཁྲིམས་སྐྱོང་འོག་ཏུ། ཁྲིམས་སྒོ་རང་བཙན་ངེས་པར་བྱེད་དགོས། དེ་ནི་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་འཛིན་དབང་ཆ་བེད་སྤྱོད་གཏོང་དུས་རང་མགོ་ཐོན་པར་བྱས་ནས། སྡེ་ཁག་གཞན་དང་ཚོགས་པ། ཡང་ན་མི་སྒེར་གྱི་ཐེ་གཏོགས་མི་ཐེབས་པར་བྱེད་དགོས་པ་དེ་ཡིན་ཞིང་། འདི་ནི་ཁྲིམས་སྐྱོང་གི་ལམ་ལུགས་རང་བཞིན་གྱི་སྔོན་འགྲོ་དེ་ཡིན། དེ་ཡང་ཁྲིམས་འཛིན་སྡེ་ཁག་རང་མགོ་ཐོན་པར་བྱས་པ་དེས། གང་རུང་གི་ཆབ་སྲིད་ཚོགས་པ་དང་མི་སྒེར་གྱིས་སྒེར་བཙུགས་ཁྲིམས་ཁང་བཙུགས་མི་ཆོག་པ་དང་། ཁྲིམས་འཛིན་དབང་ཆ་མེད་པའི་ཏང་སྲིད་སྒྲིག་འཛུགས་ཀྱིས་ཀྱང་ཁྲིམས་འཛིན་དབང་ཆ་བེད་སྤྱོད་བཏང་མི་ཆོག་པ་སྟེ། ཁྲིམས་འཛིན་སྡེ་ཁག་ཁྲོད་རང་གི་ལག་པ་འཆང་མི་འོས་པ་དེ་མཚོན།

ཁྲིམས་སྒོ་རང་བཙན་བྱས་པའི་ཁྲིམས་འཛིན་དབང་ཆ་དེ་ཡང་། སྔར་བཞིན་ཚོད་འཛིན་མི་ཐེབས་པའི་དབང་ཆར་འགྱུར་སྲིད་པས། ཁྲིམས་ལུགས་དང་གཞན་པའི་དབང་ཆས་ཚོད་འཛིན་བྱེད་དགོས། གནད་དོན་འདིས་ཁྲིམས་འཛིན་སྡེ་ཁག་དང་ཁྲིམས་འཛུགས་སྡེ་ཁག   སྲིད་འཛིན་སྡེ་ཁག་གསུམ་དབང་ཆའི་གནང་བཀག་ཐད་ངེས་པར་སོ་སོར་དབྱེ་ཞིང་ཕན་ཚུན་སྙོམས་སྒྲིག་བྱེད་དགོས་པར་སྐུལ་ཡོད། གལ་ཏེ་དབང་ཆ་ཡོད་ཚད་མི་གཅིག་གི་ལག་ཏུ་བསྡུས་ཚེ། དེ་ནི་མི་གཅིག་གི་དབང་ཆ་སྒེར་འཛིན་ཡིན་པ་དང་། འདི་ལྟ་བུའི་དབང་ཆ་འདི་སྒེར་གཅོད་ཀྱི་དབང་ཆ་ཡིན་པ་སྨོས་ཅི་དགོས། དེ་བས། ཚོད་འཛིན་མི་ཐེབས་ཤིང་ལྟ་རྟོག་མེད་པའི་ཁྲིམས་འཛིན་དབང་ཆ་དེས་ཁྲིམས་འཛིན་རུལ་སུངས་ཅན་དུ་བསྐྱེད་པ་ངེས་གཏན་ཡིན།

ཁྲིམས་སྐྱོང་འོག་ཏུ། སྲིད་གཞུང་ནི་ཁྲིམས་ལུགས་བརྩི་སྲུང་བྱེད་པའི་སྲིད་གཞུང་ཞིག་ངེས་པར་ཡིན་སྲིད། ཁྲིམས་སྐྱོང་སྤྱི་ཚོགས་དང་ཁྲིམས་སྐྱོང་མིན་པའི་སྤྱི་ཚོགས་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། ཁྲིམས་སྐྱོང་མིན་པའི་སྤྱི་ཚོགས་ཁྲོད། དམངས་ཀྱིས་ངེས་པར་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་མོད། འོན་ཀྱང་སྲིད་གཞུང་གིས་ཁྲིམས་ལུགས་མ་རྩིས་ཀྱང་ཆོག  ཁྲིམས་སྐྱོང་སྤྱི་ཚོགས་སུ། དམངས་ཀྱིས་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་པས་མི་ཚད། སྲིད་གཞུང་གིས་དེ་བས་ཀྱང་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས། གནའ་ནས་ད་བར། སྲིད་གཞུང་གིས་ཁྲིམས་ལུགས་བརྩི་རྒྱུ་དེ་དམངས་ཀྱིས་ཁྲིམས་ལུགས་བརྩི་རྒྱུ་ལས་ཀྱང་དཀའ་སྟེ། གང་ལགས་ཞེ་ན། སྲིད་གཞུང་ལག་ཏུ་དབང་ཆ་བཟུང་ཡོད་པས་ཡིན། དེ་ལྟ་ནའང་། ཁྲིམས་ལུགས་ཞེས་པ་དབང་སྒྱུར་བའི་འདོད་བློ་ལས་ཀྱང་བླ་ན་མཐོ་བར་ཡོད་ཚེ། ཁྲིམས་སྐྱོང་གི་ཁོར་ཡུག་ཡོད་སྲིད་ཅིང་། དབང་འཛིན་པ་དང་སྲིད་གཞུང་གཉིས་ལ་ཁྲིམས་ལུགས་བརྩི་སྲུང་བྱེད་དུ་འཇུག་ཐུབ་ཚེ། ད་གཟོད་ཁྲིམས་སྐྱོང་གི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་པ་ཡིན་ནོ།།

མཆན།

རྩ་ཁྲིམས།    宪法ཞེས་པ་བསྒྱུར།

དམངས་གཙོའི་ཆབ་སྲིད།   宪政ཞེས་པ་བསྒྱུར།

ཁྲིམས་འགལ་ཞིབ་བཤེར།   违宪审查ཞེས་པ་བསྒྱུར།

ཁྲིམས་འཛིན་སྡེ་ཁག  司法部门ཞེས་པ་བསྒྱུར།

ཁྲིམས་འཛུགས་སྡེ་ཁག   立法部门ཞེས་པ་བསྒྱུར།

སྲིད་འཛིན་སྡེ་ཁག 行政部门ཞེས་པ་བསྒྱུར།