Image result for land disputes

ས་རྩོད།

རྒྱལ་པོ་ས་དང་བཙུན་མོ་ཆུ་ཟེར་བ་ལྟར། རོང་འབྲོག་ས་ཁུལ་ནས་ནམ་རྒྱུན་ས་ཆུ་ཡི་བདག་དབང་སོགས་ཀྱི་ཆེད་དུ་ཁེ་ཕན་གྱི་རྩོད་གཞི་སྣ་ཚོགས་བྱུང་གི་ཡོད། དེས་ན་ཁྲིམས་ལུགས་ཀྱི་སྒོ་ནས་རྩོད་གཞི་འདི་དག་ཇི་ལྟར་སེལ་དགོས་སམ་ཞེ་ན། ཐབས་ལམ་དང་པོ་ནི་ཕན་ཚུན་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་རྒྱུ་དེ་ཡིན།རྒྱལ་ཁབ་ཀྱི་༼ས་ཞིང་དོ་དམ་གྱི་ཁྲིམས་༽ཀྱི་དོན་ཚན་༡༦་པ་ལྟར་ན། ས་རྩོད་བྱུང་བའི་སྡེ་བ་དང་གང་ཟག་ཕན་ཚུན་བར་རང་མོས་དང་ཁྲིམས་མཐུན་གྱི་སྒོ་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། གལ་ཏེ་ཕན་ཚུན་གྲོས་མཐུན་བྱུང་ན་རྩོད་གཞིར་གྱུར་བའི་ས་ཞིང་གི་བདག་དབང་དང་ས་མཚམས་སོགས་འདུས་པའི་གྲོས་ཆོད་ཡི་གེ་ཞིག་བྲིས་ཏེ། ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་ས་ཞིང་ཐོན་ཁུངས་དོ་དམ་ལས་ཁུངས་ལ་བསྐྱལ་ནས་དཔང་རྟགས་ཀྱི་ཚུལ་ཏུ་གསོག་ཉར་བྱེད་དུ་འཇུག་དགོས།

ཐབས་ལམ་གཉིས་པ་ནི་སྲིད་འཛིན་ལས་ཁུངས་ཀྱིས་བར་འདུམ་བྱེད་པ་དེ་ཡིན། དོ་བདག་གི་བར་ནས་རྩོད་གཞི་ལ་ཞི་མཐུན་གྱི་སྒོ་ནས་གྲོས་ཆོད་མ་བྱུང་ཚེ། མི་དམངས་སྲིད་གཞུང་གི་ས་ཞིང་ཐོན་ཁུངས་དོ་དམ་ལས་ཁུངས་ཀྱིས་སྲིད་འཛིན་རང་བཞིན་ཅན་གྱི་བར་འདུམ་བྱེད་དགོས། དེས་ཀྱང་མ་ཕན་ན་རྩོད་གཞི་དེ་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། ས་ཞིང་དོ་དམ་གྱི་ཁྲིམས་ལྟར་ན། སྡེ་བ་དང་སྡེ་བ་བར་གྱི་ས་ཞིང་བདག་དབང་གི་རྩོད་གཞི་དེ་རྫོང་རིམ་པ་དང་དེའི་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། གང་ཟག་བར་གྱི་ས་ཞིང་བདག་དབང་གི་རྩོད་གཞི་དེ་ཞང་དང་གྲོང་བརྡལ་རིམ་པའི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། ས་ཞིང་གི་བདག་དབང་ཐད་ཀྱི་རྩོད་གཞི་དེ་ངེས་བར་དུ་མི་དམངས་སྲིད་གཞུང་གི་ཐག་གཅོད་བརྒྱུད་དགོས། མི་དམངས་སྲིད་གཞུང་གི་ཐག་བཅད་ལ་མོས་མཐུན་མེད་ན། ཐབས་ལམ་གསུམ་པ་སྟེ་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་པ་དང་ཡང་ན་གོང་རིམ་སྲིད་གཞུང་ལ་སྲིད་འཛིན་བསྐྱར་ཞིབ་ཞུ་བ་དེ་ཡིན། མི་དམངས་སྲིད་གཞུང་གིས་ས་ཞིང་བདག་དབང་གི་རྩོད་གཞི་ལ་ཐག་བཅད་པའི་འབྲས་བུ་ལ་ཡིད་འཐད་མ་བྱུང་ཚེ། དོ་བདག་གིས་སྲིད་གཞུང་གི་ཐག་བཅད་ཡི་གེ་ལག་ཏུ་སོན་པའི་ཉིན་ནས་བརྩིས་པའི་ཉིན་༣༠་ཡི་ཚུན་དུ་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་གྱི་ཁ་མཆུ་བཙུགས་ནས་ཐག་གཅོད་བྱེད་དུ་འཇུག་པའམ། ཡང་ན་ཉིན་༦༠་ཡི་ཚུན་དུ་སྲིད་གཞུང་དེའི་གོང་རིམ་སྲིད་གཞུང་ལ་སྲིད་འཛིན་ཐག་གཅོད་བསྐྱར་ཞིབ་གྱི་རེ་འདུན་ཞུ་ནས་ཐག་གཅོད་བྱེད་དུ་འཇུག་དགོས།  དོ་བདག་གིས་ས་ཞིང་བདག་དབང་ལ་འབྲེལ་བ་ཡོད་པའི་རྩོད་གཞི་མི་དམངས་སྲིད་གཞུང་གི་ཐག་གཅོད་ཀྱི་གོ་རིམ་མ་བརྒྱུད་པར་ཐད་ཀར་ཁྲིམས་ཁང་ལ་བསྐྱལ་མི་ཆོག ཡིན་ནའང་ས་ཞིང་གི་བདག་དབང་ལ་རྩོད་པ་མེད་པའི་ས་ཞིང་གི་གན་རྒྱ་དང་ཐོབ་ཐང་ལ་གནོད་འཚེ་བཏང་བ་སོགས་ཀྱི་དམངས་དོན་རྩོད་གཞི་ཡིན་ན། དོ་བདག་གིས་ཐད་ཀར་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་གྱི་ཞུ་གཏུག་བྱས་ན་ཆོག

གལ་ཏེ་སྲིད་གཞུང་གི་འགོ་ཁྲིད་དང་གཞུང་ཞབས་པས་རྩོད་གཞི་སྣང་མེད་དུ་བཏང་ནས་འདུམ་འགྲིག་མ་བྱས་པའམ། ཡང་ན་ལྐོག་ཟ་རུལ་སུངས་ཀྱི་དབང་གིས་རྒྱུ་འབྲས་མ་བསྲུངས་པར་ཐག་གཅོད་བྱས་ཏེ་གནད་དོན་ཆེ་རུ་བཟོས་པ། ཡང་ན་མང་ཚོགས་ཀྱིས་དཔུང་སྒྲིག་ནས་འཛིང་རེས་བྱེད་པའི་དོན་རྐྱེན་ལ་སྔོན་འགོག་དང་ཚོད་འཛིན་མ་བྱས་པར་གནད་དོན་ཚབས་ཆེ་རུ་བཏང་བ་ཡིན་ན། སྲིད་གཞུང་གི་འབྲེལ་ཡོད་འགན་འཛིན་ལའང་ལས་འཛོལ་གྱི་ཉེས་འགན་ཡོད་པས། མང་ཚོགས་ཀྱིས་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལྟར་མི་དམངས་ཞིབ་དཔྱོད་ཁང་ལ་བརྩད་ཞིབ་དང་ཐེར་འདོན་བྱེད་དགོས་པའི་རེ་འདུན་ཞུས་ཆོག