Image result for environmental issues in tibet

༢༠༠༨་ལོའི་ཟླ་༧་པ་ནང་། ཞིས་ཀྲུའུ་ཅུན་དང་གཏེར་བསྔོགས་མཁན་མི་གསུམ་བཅས་ཀྱིས་ཧྥུ་ཅན་ཞིང་ཆེན་ནན་ཕུན་ས་ཆའི་ཧྭོ་ལོ་རི་ངོ་ཡི་ནགས་སའི་བདག་དབང་དང་གཏེར་བསྔོག་གི་ཆོག་མཆན་བླངས་ནས་གཏེར་རྡོ་བསྔོགས་སྐབས། ས་རྡོ་མང་བོ་རི་འདེབས་སུ་སྤུངས་ནས། ཉེ་འདེབས་ཀྱི་ནགས་ཚུལ་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་མ་ཟད།སའི་བཅུད་ཀྱང་ཉམས་པར་གྱུར། སྣོད་བཅུད་ཀྱི་སྡོང་གྲོགས་(自然之友)དང་ཧྥུ་ཅན་སྔོ་གཞིས་(福建绿家园)ཞེས་བའི་ཚོགས་པ་གཉིས་ཀྱིས་འཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་དམངས་དོན་གཏུག་བཤེར་ཞུས་ནས། གཏེར་བསྔོག་མཁན་ལ་དམངས་དོན་གྱི་ཁ་མཆུ་བཙུགས། ཁོང་ཚོས་གཏེར་སྔོག་མཁན་ལ་ཧྭོ་ལོ་རི་འདེབས་ནས་རྡོ་ཆག་དང་གཤིན་ས་སྤུངས་བའི་ཆོག་མཆན་མེད་པ་དང་། དེས་ས་ཆ་དེའི་སྐྱེས་ཁམས་དང་ས་བཅུད་ལ་གནོད་ཡོད་ཅེས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས། 

༢༠༡༥་ལོར་བཟོ་བཅོས་བྱས་རྗེས་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཀྱི་དོན་ཚན་༦་པ་ནང་དུ། ཚོགས་པ་དང་གང་ཟག་སྒེར་ལ་འཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་། ས་གནས་སྲིད་གཞུང་གིས་རང་གི་དབང་འོག་གི་ས་གནས་ཀྱི་འཁོར་ཡུག་སྤུས་ཚད་འགན་འཁུར་དགོས་ལ། ཁེ་ལས་སོགས་ཀྱིས་ཚོང་རྫས་བཟོ་སྐབས་འཁོར་ཡུག་ལ་གཏོར་བརླག་བྱས་ན་དེའི་སླར་གསོའི་འགན་འཁུར་དགོས་ཞེས་གཏན་ལ་བབས་ཡོད། དམངས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༥༥་ནང་དུ། འཁོར་ཡུག་གནོད་འཚེ་ཐད་ཀར་ཐེབས་མེད་པའི་གང་ཟག་དང་ཚོགས་པ་ཁག་གིས་ཁྲིམས་ལྟར་འཁོར་ཡུག་འབག་བཙོག་བྱེད་མཁན་ལ་དམངས་དོན་གྱི་གཏུག་བཤེར་ཞུ་ཆོག་ཅེས་འཁོད་ཡོད། འདི་ནི་སྤྱི་ཕན་གཏུག་བཤེར་གྱི་དམངས་ཁྲིམས་ཀྱི་རྨང་གཞི་ཡིན། འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཀྱི་དོན་ཚན་༥༨་ནང་དུ། འཁོར་ཡུག་འབག་བཙོག་དང་གཏོར་བརླག་བཏང་ནས། སྤྱི་ཚོགས་ཀྱི་བདེ་ཐང་ལ་གནོད་པ་ཕོག་ན། གཤམ་གྱི་ཆ་རྐྱེན་ཚང་བའི་ཚོགས་པས་མི་དམངས་ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་ཞུ་ན་ཆོག ༡༽གྲོང་ཁྱེར་རིམ་པའི་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ན་དེབ་བསྐྱལ་ཐོ་འགོད་བྱས་ཡོད་པ། ༢༽ཆེད་དུ་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གཉེར་ནས། འདས་བའི་ལོ་ལྔ་ཡི་ནང་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མེད་པའི་ཚོགས་པ་ཡིན་པ། ནན་ཕུན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་༢༠༡༥་ལོའི་ཟླ་དང་བོའི་ཚེས་༡་གི་ཉིན་ལ་གྱོད་གཏུག་དང་ལེན་བྱས་ཤིང་། ཟླ་༡༠་བ་ནང་དུ་ཁྲིམས་ཐག་བཅད། ཁྲིམས་བཅད་ཀྱི་ནང་དོན་ནི། ༡༽གཏེར་རྡོ་སྔོག་མཁན་གྱིས་འཁོར་ཡུག་འབག་བཙོག་བྱས་པ་དེ་ཟླ་བ་གསུམ་གྱི་ནང་དུ་གཙང་བཟོ་བྱ་དགོས་པ་དང་། ལོ་གསུམ་ལ་རྒྱུན་འཁྱོངས་བྱེད་པའམ་ཡང་ན་རྒྱ་སྒོར་ས་ཡ་གཅིག་དང་འབུམ་གཅིག་སྤྲོད་པ། ༢༽འཁོར་ཡུག་སླར་གསོའི་གུན་ཚབ་ལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་སྤྲོད་པ། ༣༽ཚོགས་པ་གཉིས་ཀྱིས་གཏུག་བཤེར་གྱི་ཆེད་དུ་བཏང་བའི་ཁྲིམས་ལུགས་ཀྱི་འགྲོ་སོང་ཚང་མ་འགན་འཁུར་བ། ཆེས་མཐོ་ཁྲིམས་ཁང་གིས་༢༠༡༥་ལོར་སྤེལ་བའི་ཁྲིམས་འཛིན་འགྲེལ་བཤད་ལྟར་ན། སྤྱི་ཚོགས་ཚོགས་པ་དང་། ཁེ་གཉེར་མིན་པའི་མི་སྒེར་གྱི་ཚོགས་པ། ཐེབས་རྩ་ཚོགས་པ་བཅས་ནི་སྤྱི་ཕན་འཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཏུག་བཤེར་ཞུ་ཆོག་པའི་ཚོགས་པ་ཡིན། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་སྡོམ་བརྩིས་ལྟར་ན། རྒྱ་ནག་ན་འཁོར་ཡུག་སྲུང་སྐྱོབ་ཀྱི་གཏུག་བཤེར་ཞུ་ཆོག་པའི་ཚོགས་པ་༧༠༠་ལྷག་ཡོད་ཟེར། འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་རྙིང་བ་ལྟར་ན། འཁོར་ཡུག་འབག་བཙོག་བྱེད་མཁན་ལ་སྒོར་ཆད་ཀྱི་གྲངས་ཀ་ལྟོས་འཇོག་གིས་ཉུང་བས། འབག་བཙོག་བྱེད་མཁན་རྣམས་ཀྱིས་སྒོར་ཆད་སྤྲད་ནས་འཁོར་ཡུག་མུ་མཐུད་ནས་འབག་བཙོག་བྱས། ཡིན་ནའང་ཁྲིམས་གསར་བས་སྒོར་ཆད་ཀྱི་གྲངས་ཀ་བླ་ལྷག་ཏུ་མཐོར་འདེགས་བྱས་ཡོད་པས། སྲིད་གཞུང་གིས་འཁོར་ཡུག་འབག་བཙོག་བྱེད་མཁན་ལ་གྲངས་འབོར་ཧ་ཅང་མཐོ་བའི་ཆད་པ་གཅོད་ཆོག་པའི་དབང་ཐང་སྤྲད་ཡོད། འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་གསར་བ་ནང་དུ། བཟོ་གྲྭ་བསྐྲུན་མཁན་དང་གཏེར་ཁ་སྔོག་མཁན་སོགས་ཀྱིས་ངེས་བར་དུ་འཁོར་ཡུག་ཕོག་ཐུག་གི་གདེང་འཇོག་ཡི་གེ་ཕུལ་དགོས་ཤིང་། འབྲེལ་ཡོད་ས་གནས་ཀྱི་མང་ཚོགས་ནས་བསམ་ཚུལ་ངེས་བར་དུ་བསྡུ་ལེན་བྱེད་དགོས་ཞེས་གཏན་འཁེལ་བྱས་ཤིང་། འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལག་བསྟར་མི་བྱེད་པའི་སྲིད་གཞུང་གི་ལས་བྱེད་པ་ལ་ཉེན་བརྡ་དང་གནས་དཕྱུངས། ཉེས་དོན་གྱི་འགན་འཁུར་འདེད་པ་བཅས་ཀྱི་ཆད་པ་གཅོད་སྲིད་ཅེས་གཏན་ལ་བབས་ཡོད།