ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལས་འཕྲོས་པ།

ཚོགས་ཆེན་༡༩་མཇུག་སྒྲིལ་བའི་རྗེས་སུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གིས་དེ་མ་ཐག་ཏུ་རོང་འབྲོག་མང་ཚོགས་ཀྱི་ཞིང་ས་དང་རྩྭ་སའི་བདག་དབང་གི་ཐོབ་ཐང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་༼ས་ཞིང་འགན་གཙང་ལེན་གྱི་ཁྲིམས་༽ལ་བཟོ་བཅོས་བྱས་ཤིང་། བཟོ་བཅོས་བྱས་པའི་ཟིན་བྲིས་ཁྱབ་བསྒྲགས་བྱས་ཏེ་མི་དམངས་ལ་བསམ་འཆར་བསྡུ་བའི་འགོ་བརྩམས། ༢༠༠༣་གྱི་ལོར་བཟོས་པའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ས་ཞིང་བདག་དབང་ཐོབ་ཐང་དམ་འཛིན་དང་དཔལ་འབྱོར་འདུ་འགོད་འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཏང་གི་ཚོགས་ཆེན་༡༨་པ་ནས་བཟུང་། ཞིང་ལས་ལས་དོན་བརྟན་བརླིང་ཡོང་ཆེད། རྩྭ་ས་ཞིང་སའི་ཁེ་གཉེར་གྱི་ཐབས་ལམ་ཕུན་སུམ་ཇེ་ཚོགས་དང་གཏིང་ཟབ་ཏུ་བཏང་ཞིང་། ཚོགས་ཆེན་༡༩་ཡི་སྟེང་དུའང་འགན་གཙང་ལེན་གྱི་རེས་

སྐོར་གཉིས་པ་མཇུག་རྫོགས་པའི་རྗེས་སུ། ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་ཡང་བསྐྱར་ཉུང་མཐར་ལོ་སུམ་ཅུར་ཕར་འགྱངས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད། ༢༠༡༥་ལོ་ནས་བཟུང་། སྐབས་༡༢་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཆེད་མཁས་པ་ཁག་ཞིང་ཆེན་སོ་སོར་བརྩད་ཞིབ་ཏུ་སོང་ནས་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ལ་བཟོ་བཅོས་ཀྱི་འཆར་ཟིན་འདི་གྲུབ་སྟེ། ད་ཆར་ཟིན་བྲིས་འདིའི་ཐད་ལ་མི་དམངས་ཀྱི་ཁྲོད་དུ་བསམ་འཆར་བསྡུད་ལེན་བྱེད་བཞིན་ཡོད། ། བཟོ་བཅོས་བྱ་རྒྱུ་ཡིན་པའི་ནང་དོན་ནི་གཤམ་དུ་གསལ་བ་ལྟར།

༡ ཐོབ་ཐང་རྣམ་པ་གསུམ་དུ་བཞག་པ། གཙོ་འཛིན་ཞི་ཅིན་ཕུན་གྱིས་༼ཞིང་ས་དང་རྩྭ་སའི་བདག་དབང་དེ་ཐུན་མོང་ངམ་སྡེ་བ་ལ་དབང་བའི་ལམ་ལུགས་གཞི་རྩ་བྱས་ནས། ས་ཞིང་འགན་གཙང་ལེན་དང་བདག་གཉེར་གྱི་ཐོབ་ཐང་སོ་སོར་ཕྱེ་སྟེ། ས་ཞིང་གི་བདག་དབང་གི་ཐོབ་ཐང་། འགན་གཙང་ལེན་གྱི་ཐོབ་ཐང་། བདག་གཉེར་གྱི་ཐོབ་ཐང་ཞེས་ཐོབ་ཐང་རིགས་གསུམ་དུ་དབྱེ་ནས། བདག་གཉེར་ཐོབ་ཐང་འཁོར་བསྐྱོད་བྱེད་ཐུབ་པའི་རྣམ་པ་གསར་བ་ཞིག་བཟོ་བསྐྲུན་བྱེད་དགོས།༽ཞེས་ལམ་སྟོན་རང་བཞིན་ཅན་གྱི་གཏམ་བཤད་འདི་ལས་བྱུང་བའི་ཐོབ་ཐང་གསུམ་དུ་རྣམ་པ་གསུམ་དུ་བཞག་པའི་ལམ་ལུགས་དེ་ནི་ས་ཞིང་འགན་གཙང་ལེན་གྱི་ལམ་ལུགས་གསར་བཏོད་བྱས་པའི་རྗེས་ཀྱི་ཞིང་ལས་ལམ་ལུགས་གསར་བཏོད་ཅིག་ཡིན། མིག་སྔར་རྒྱལ་ཁབ་ཀྱི་ཞིང་པ་སུམ་ཆ་གཅིག་ཟིན་པ་ཙམ་གྱིས་ས་ཞིང་གི་ཐོབ་ཐང་འཁོར་བསྐྱོད་བྱེད་བཞིན་ཡོད་ལ། ས་ཞིང་ས་མུའུ་དུང་ཕྱུར་༥་མ་ཟིན་ཙམ་ཞིག་གི་བདག་དབང་འཁོར་བསྐྱོད་བྱེད་བཞིན་ཡོད། དེའི་རྒྱུ་མཚན་གྱིས་ཁྲིམས་དེའི་བཟོ་བཅོས་འཆར་ཟིན་གྱི་ནང་དུ་ཞིང་པ་དང་འབྲོག་པའི་ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་ཐོབ་ཐང་དེ་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དང་ས་ཞིང་བདག་གཉེར་ཐོབ་ཐང་ཞེས་གཉིས་སུ་དབྱེ་ནས། འགན་གཙང་ལེན་གན་རྒྱ་སྤྲོད་མཁན་དང་འགན་གཙང་ལེན་གན་རྒྱ་ལེན་མཁན་གཉིས་ཀྱི་འབྲེལ་བ་སྔར་མུས་བཞིན་སོར་འཇོག་བྱས་པ་མ་ཟད། འགན་གཙང་ལེན་གན་རྒྱ་ལེན་མཁན་གྱི་བདག་དབང་དང་ཐོབ་ཐང་ལ་འགྱུར་བ་མི་གཏོང་ཞེས་གཏན་འབེབས་བྱས་ཡོད་པ་འཆར་ཟིན་གྱི་དོན་ཚན་༣་པ་དང་༢༢་བཅས་ཀྱི་ནང་དུ་གསལ། འགན་གཙང་ལེན་གན་རྒྱ་ལེན་མཁན་གྱིས་ལོ་གཉིས་ལ་བསྟུད་མར་ཞིང་ས་དང་རྩྭ་སའི་སྟེང་དུ་སོ་ནམ་མི་བྱེད་པའི་གནས་ཚུལ་བྱུང་ན། སྤྲོད་མཁན་གྱིས་ལེན་མཁན་གྱི་ལག་ནས་ངེས་ཅན་གྱི་དོ་དམ་གླ་ཆ་བླངས་ནས་སོ་ནམ་བྱས་ན་ཆོག་པ་དང་། ལེན་མཁན་གྱིས་བསྟུད་མར་ལོ་གསུམ་ལ་སོ་ནམ་མ་བྱས་ན། སྤྲོད་མཁན་གྱིས་ཞིང་ས་ཕྱིར་བསྡུ་བྱས་ཏེ་གཞན་ལ་བསྐྱར་དུ་འགན་གཙང་ལེན་གྱི་བགོ་བཤའ་བྱས་ན་ཆོག དེ་བཞིན་དུ་འགན་གཙང་ལེན་བརྒྱུད་ནས་བདག་གཉེར་ཐོབ་ཐང་ཐོབ་པའི་གང་ཟག་གསུམ་པ་དེས་ཀྱང་ཞིང་སའི་ངོ་བོ་བསྒྱུར་བའམ། གན་གྱའི་གཏན་འཁེལ་ལྟར་ཞིང་ས་བེད་སྤྱོད་མ་བྱས་པའམ། ཞིང་ས་ཐོག་ཏུ་སོ་ནམ་མི་བྱེད་པར་ལོ་གཉིས་ཡན་ལ་བསྐྱུར་བ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་སོགས་ཀྱི་གནད་དོན་ལྷག་ན། འགན་གཙང་ལེན་གན་རྒྱ་སྤྲོད་མཁན་དང་ལེན་མཁན་གཉིས་ཀྱིས་གང་ཟག་གསུམ་པའི་ལག་ནས་ས་ཞིང་གི་བདག་གཉེར་ཐོབ་ཐང་ཕྱིར་བསྡུ་བྱས་ན་ཆོག་པ་འཆར་ཟིན་དེའི་དོན་ཚན་༢༢་དང་༢༩་བཅས་ཀྱི་ནང་དུ་གསལ། ན་ནིང་གི་ཞིང་ལས་བཅོས་བསྒྱུར་ཚོགས་འདུའི་སྟེང་དུ། གཙོ་འཛིན་ཞི་ཞིན་ཕུན་གྱིས་༼ས་ཞིང་འགན་གཙང་ལེན་བདག་གཉེར་བདག་དབང་གི་ཐོབ་ཐང་ཐོ་འགོད་ལམ་ལུགས་གསར་འཛུགས་བྱེད་དགོས་༽ཞེས་པའི་གཏམ་བཤད་ཀྱི་སྙིང་དོན་དང་། དམངས་ཁྲིམས་སྤྱིའི་རྩ་དོན་དང་དངོས་ཟོག་ཐོབ་ཐང་གི་ཁྲིམས། ཞིང་ལས་བཅའ་ཁྲིམས་བཅས་ཀྱི་གཏན་འབེབས་དང་སྟབས་བསྟུན་ཡོང་ཆེད། འཆར་ཟིན་ཀྱིས་ས་ཞིང་འགན་གཙང་ལེན་གྱི་ཐ་སྙད་དམ་མཚན་ཉིད་སོར་བཞག་བྱས། ཐུན་མོང་གི་ས་ཞིང་བདག་དབང་གི་ཐོབ་ཐང་དང་ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་ཐོབ་ཐང་ནི་འགན་གཙང་ལེན་གྱི་ས་ཞིང་འཁོར་བསྐྱོད་མ་ཡིན་པའི་སྐབས་ཀྱི་ཐོབ་ཐང་གི་རིགས་གཅིག་ཡིན་པ་དང་། དེ་ལ་ཐོབ་ཐང་རྣམ་པ་གཉིས་སུ་དབྱེ་བ་ཟེར་ཞིང་། ཐུན་མོང་གི་ས་ཞིང་བདག་དབང་གི་ཐོབ་ཐང་དང་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་། ས་ཞིང་བདག་གཉེར་ཐོབ་ཐང་བཅས་ནི་འགན་གཙང་ལེན་གྱི་ས་ཞིང་འཁོར་བསྐྱོད་སྐབས་ཀྱི་ཐོབ་ཐང་གི་རིགས་གཅིག་ཡིན། དེ་ལ་ཐོབ་ཐང་རྣམ་པ་གསུམ་དུ་བཞག་པ་འི་ལམ་ལུགས་ཟེར།  

གཉིས་པ། ཞིང་འབྲོག་པའི་ས་ཞིང་འགན་གཙང་ལེན་གྱི་སྲ་བརྟན་གྱི་རང་བཞིན་དེ་རྒྱུན་འཁྱོངས་བྱེད་དགོས། ཞིང་པའི་འགན་གཙང་ལེན་གྱི་འབྲེལ་བ་སྔར་མུས་བཞིན་རྒྱུན་འཁྱོངས་བྱེད་དོན་ནི་རོང་འབྲོག་པའི་ས་ཞིང་གི་ཁེ་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་ཆེད་ཡིན་པས། འཆར་ཟིན་གྱི་ནང་དུ་ཞིང་འབྲོག་པའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་ཡུན་ཏུ་གནས་པར་རྒྱལ་ཁབ་ཀྱིས་ཁག་ཐེག་བྱེད་ཀྱི་ཡིན་ཞེས་གཏན་ལ་ཕབ་ཡོད། རོང་འབྲོག་པས་ས་ཞིང་བེད་སྤྱོད་དང་བདག་དབང་ལོངས་སྤྱོད་དུས་ཡུན་གྱི་ཚོད་དཔག་དེ་ཡང་ངེས་བརྟན་ཡོང་བའི་ཆེད་དུ་ཡིན། དེའི་ཕྱིར་འཆར་ཟིན་གྱི་ནང་དུ་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་རྫོགས་པའི་རྗེས་སུ་ཡང་བསྐྱར་ལོ་༣༠་ལ་ཕར་འགྱངས་བྱེད་ཀྱི་་ཡིན་ཞེས་འཁོད་ཡོད། དེའི་སྐོར་འཆར་ཟིན་གྱི་དོན་ཚན་དང་པོ་དང་༦་པ་བཅས་སུ་གསལ།

༣ ས་ཞིང་བསྐྱར་དུ་བཀོད་སྒྲིག་གམ་བགོ་བཤའ་བྱེདདགོས་བྱུང་ཚེ། ཐུན་མོང་དཔལ་འབྱོར་ཚོགས་པའི་ཚོགས་མིའི་ཚོགས་འདུའི་སྟེང་སུམ་ཆ་གཉིས་ཀྱི་མང་མོས་བྱུང་ཞིང་། ཡང་ན། སྡེ་མིའི་ངོ་ཚབ་ཀྱི་སུམ་ཆ་གཉིས་ཡན་གྱིས་མང་མོས་བྱུང་སྟེ། ཞང་ངམ་གྲོང་བརྡལ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བཅས་ཀྱི་ཆ་རྐྱེན་འོག་ནས། འགན་གཙང་ལེན་གྱི་གན་རྒྱ་ལ་བསྐྱར་བཅོས་བྱས་ཆོག དེ་ལྟར་མ་ཡིན་པར་ཞིང་འབྲོག་མང་ཚོགས་ཀྱི་འགན་གཙང་ལེན་གྱི་གཏན་འཇགས་རང་བཞིན་ལ་གང་ཟག་དང་ཚོགས་པ་གང་རུང་གིས་རང་གར་གཏོར་བཤིག་བཏང་མི་ཆོག

༤ གང་ཟག་གསུམ་པར་སྤྲད་ཆོག་པའི་ས་ཞིང་བདག་གཉེར་ཐོབ་ཐང་ནི་ཞིང་ལས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། འཆར་ཟིན་ཀྱི་ནང་དུ་ས་ཞིང་བདག་གཉེར་ཐོབ་ཐང་གཞན་ལ་གླ་བའམ་མ་རྐང་དུ་བཙུགས་ནས་འཁོར་བསྐྱོད་བྱེད་དུ་བཅུག་་ཆོག་ལ། གང་ཟག་གསུམ་པས་ས་ཞིང་འཁོར་བསྐྱོད་ལ་བརྟེན་ནས་ཐོབ་པའི་ས་ཞིང་བདག་གཉེར་ཐོབ་ཐང་དེ་ཡང་འགན་གཙང་ལེན་གན་རྒྱ་་ལེན་མཁན་གྱི་མོས་མཐུན་ཐོབ་པའི་རྗེས་དང་སྡེ་དམངས་ལྷན་ཁང་ནས་ཐོ་འགོད་བྱས་པའི་རྗེས་སུ་ཡང་བསྐྱར་འཁོར་བསྐྱོད་བྱས་ན་ཆོག་ཅེས་འཆར་ཟིན་གྱི་དོན་ཚན་༡༦་དང་༡༨་བཅས་སུ་གསལ། ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་ཐོབ་ཐང་དང་ས་ཞིང་བདག་གཉེར་གྱི་ཐོབ་ཐང་གཉིས་དངུལ་ཁང་སོགས་ལ་དངུལ་རྩའི་གཏའ་མར་འཇོག་ཆོག་པ་དང་། བརྟན་གཏའ་དང་གཡོ་གཏའ་གང་རུང་བཞག་སྟེ་ཏེ་རོང་འབྲོག་པས་དངུལ་ཁང་སོགས་སུ་བུན་ལེན་པར་ཁག་ཐེག་གི་ནུས་པའང་ཐོན་ཐུབ། གང་ཟག་གསུམ་པས་འགན་གཙང་ལེན་གན་རྒྱ་ལེན་མཁན་གྱི་ཡིག་ཐོག་གི་མོས་མཐུན་ཐོབ་པའི་ཆ་རྐྱེན་འོག་ཏུ་དངུལ་ཁང་སོགས་སུ་ས་ཞིང་བདག་གཉེར་གྱི་ཐོབ་ཐང་བརྟན་གཡོའི་གཏའ་མ་གང་རུང་ལ་བཞག་ཆོག དེའི་སྐོར་འཆར་ཟིན་གྱི་དོན་ཚན་༢༤་ཡི་ནང་དུ་གསལ།

༥ ཏང་གི་སྐབས་༡༨་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་༣་པའི་སྟེང་དུ་གསལ་འདོན་བྱས་པའི་ཞིང་བས་རང་གི་འགན་གཙང་ལེན་བདག་གཉེར་ཐོབ་ཐང་དེ་མ་རྐང་ལ་བཞག་སྟེ་ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་ན་རུང་བའི་འཆར་འགོད་མངོན་གསལ་བྱ་ཆེད། འཆར་ཟིན་ནང་དུ་ཞིང་ལས་ཐོན་ལས་རང་བཞིན་ཅན་དུ་བསྒྱུར་ཆེད་ས་ཞིང་བདག་གཉེར་ཐོབ་ཐང་མ་རྐང་དུ་བཞག་ན་ཆོག་པའི་གཏན་འཁེལ་བྱས་ཡོད་ཅིང་། ད་ལྟ་ལས་དོན་དེ་ད་དུང་འགོ་བརྩམས་པའི་གནས་སྐབས་ཡིན་པ་དང་ས་ཆ་སོ་སོ་ནས་ལས་ཀ་ལས་སྟངས་སྣ་ཚོགས་ཡོད་པས། འཆར་ཟིན་གྱིས་སྤྱི་ཁོག་གམ་ལམ་སྟོན་རང་བཞིན་ཅན་གྱི་གཏན་འབེབས་ཙམ་བྱས་ཡོད་ཅིང་། དེའི་ཞིབ་ཕྲའི་ལག་བསྟར་ཐབས་ལམ་ཕྱིས་སུ་སྲིད་འཛིན་ཁྲིམས་སྲོལ་སོགས་ཀྱིས་སྐབས་བསྟུན་གཏན་འཁེལ་དང་བཀོད་འདོམས་བྱས་ན་ཆོག་ཅེས་འཆར་ཟིན་གྱི་དོན་ཚན་༢༣་དུ་གསལ་བོར་བསྟན་ཡོད།  

༦ གྲོང་ཁྱེར་དུ་ལས་ཀ་སྒྲུབ་པ་དང་ཁྱིམ་ཐོ་གྲོང་ཁྱེར་དུ་སྤོར་ཟིན་པའི་རོང་འབྲོག་པའི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། ཏང་གི་སྐབས་༡༨་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་༥་བ་ཡི་སྟེང་དུ། གྲོང་ཁྱེར་དུ་སྤོར་བའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དང་། གཞིས་ས་བཀོལ་སྤྱོད་ཀྱི་ཐོབ་ཐང་དང་ཐུན་མོང་ཁེ་ཕན་བགོ་བཤའི་ཁེ་ཕན་ཐོབ་པའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་དང་ཁག་ཐེག་བྱེད་དགོས་ཤིང་། ཁོང་ཚོའི་འདོད་མོས་ལྟར་གུན་གསབ་ཡོད་པའི་སྒོ་ནས་གཞན་ལ་ཐོབ་ཐང་དེ་དག་ཕྱིར་སྤྲོད་བྱེད་པར་རྒྱབ་སྐྱོར་དང་ལམ་སྟོན་བྱེད་དགོས་ཞེས་པའི་པའི་གྲོས་ཆོད་ལྟར། འཆར་ཟིན་གྱིས་དེ་སྔོན་ཁྲིམས་ཡིག་གི་ནང་དུ་འགན་གཙང་ལེན་གྱི་ཁྱིམ་ཚང་ཡོངས་རྫོགས་ཁུལ་ཡོད་པའི་གྲོང་ཁྱེར་ལ་གནས་སྤོར་བྱས་ཏེ་ཁྱིམ་ཐོ་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་ལ་བསྒྱུར་ན། ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དེ་ཕྱིར་འགན་གཙང་ལེན་གན་རྒྱ་སྤྲོད་མཁན་ལ་ཕྱིར་སྤྲོད་བྱེད་དགོས་ཞེས་པའི་ཁྲིམས་ཡིག་དེ་འཕྲི་འཐེན་བྱས། ཞིང་པ་གྲོང་མིར་འགྱུར་བར་དུས་ཡུན་རིང་པོ་ཞིག་དགོས་པ་ལ་གཞིགས་ཏེ། ཀྲུང་དབྱང་གི་གྲོང་ཁྱེར་དུ་ལས་ཀ་སྒྲུབ་པའམ་ཁྱིམ་ཐོ་སྤོར་བའི་ཞིང་པ་རྣམས་གྲོང་མིར་བསྒྱུར་བའི་ཆ་རྐྱེན་ལྟར། གྲོང་ཁྱེར་ནང་དུ་ལས་ཀ་ལས་བཞིན་པའི་ཞིང་ལས་པ་རྣམས་གྲོང་ཁྱེར་དུ་ཁྱིམ་ཐོ་སྤོར་དགོས་ཚེ། དེ་དག་གིས་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་ཕྱིར་སྤྲོད་བྱེད་དགོས་པ་དེ་ཆ་རྐྱེན་དུ་འདྲེན་མི་རུང་ཞིང་། ས་ཞིང་འགན་གཙང་ལེན་གྱི་བདག་དབང་འདོར་ལེན་བྱེད་མིན་དེ་རོང་འབྲོག་པའི་ལག་ཏུ་ཡོད་པ་མ་གཏོགས་སྲིད་གཞུང་དང་ཐུན་མོང་གིས་ཇུས་གཏོགས་གདམས་གསེས་བྱེད་མི་རུང་། འགན་གཙང་ལེན་གྱི་ཁྱིམ་མི་ཡོངས་རྫོགས་གྲོང་ཁྱེར་དུ་གནས་སྤོར་བྱས་ཤིང་གྲོང་ཁྱེར་གྱི་ཁང་ཤག་དང་སྤྱི་ཚོགས་ཁག་ཐེག་གི་སྒྲོམ་གཞིའི་ནང་དུ་ཚུད་དེ་ཞིང་པའི་ཐུན་མོང་དཔལ་འབྱོར་ཚོགས་པའི་ཚོགས་མིའི་གོ་གནས་ཤོར་ཚེ། རྒྱལ་ཁབ་ཀྱི་ཁྲིམས་ལྟར་མི་དེ་དག་གིས་རང་གི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་གཞན་ལ་སྤྲོད་དགོས་པར་བསྐུལ་སློང་བྱེད་དགོས། དེའི་སྐོར་ཟིན་བྲིས་ཀྱི་དོན་ཚན་༩་པའི་ནང་དུ་གསལ།

༧ རོང་འབྲོག་ཕྱོགས་ཀྱི་བུད་མེད་ཀྱི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་ཁེ་ཕན་དང་ཐོབ་ཐང་སྲུང་སྐྱོབ་བྱེད་ཆེད། ཞིང་ས་དང་རྩྭ་སའི་བདག་དབང་གི་ཐོབ་ཐང་གཏན་འཁེལ་ཐོ་འགོད་བྱེད་སྐབས། ཐོབ་ཐང་ཡི་གེའི་ནང་དུ་ཐོབ་ཐང་བདོག་པའི་ཁྱིམ་མིའི་མིང་ཚངམ་ཚུད་པར་བྱས་ཏེ། བུད་མེད་ཀྱིས་ས་ཞིང་འགན་གཙང་ལེན་ལས་བྱུང་བའི་ཁེ་ཕན་དང་ཐོབ་ཐང་ཁ་གསལ་བར་ཁག་ཐེག་བྱས། དེའི་སྐོར་འཆར་ཟིན་གྱི་དོན་ཚན་༧་པ་ནང་དུ་གསལ། ས་ཆ་སོ་སོའི་སྲོལ་རྒྱུན་མི་འདྲ་བའི་དབང་གིས། ཞིང་འབྲོག་ཐུན་མོང་དཔལ་འབྱོར་ཚོགས་པའི་ཚོགས་མིའི་ཐོབ་ཐང་དང་གོ་གནས་ཇི་ལྟར་གཏན་འཁེལ་བྱེད་དགོས་པའི་སྐོར་ལ། ཁྲིམས་ལུགས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱེད་རྒྱུ་ཡིན་ཞེས་འཆར་ཟིན་གྱི་དོན་ཚན་༣༡་པའི་ནང་དུ་གསལ།

ཐ་སྙད་ཤན་སྒྱུར།

ས་ཞིང་འགན་གཙང་ལེན་གྱི་ཁྲིམས་འཕྲི་སྣོན་བཟོ་བཅོས་ཀྱི་འཆར་ཟིན། 农村土地承包法修正案(草案)

ས་ཞིང་འགན་གཙང་ལེན། 土地承包

ཐུན་མོང་བདག་དབང་ཐོབ་ཐང་།  集体所有权
བདག་གཉེར་ཐོབ་ཐང་། 经营权

འགན་གཙང་ལེན་གྱི་ཐོབ་ཐང་། 承包权

ཐོབ་ཐང་རྣམ་པ་གཉིས་སུ་དབྱེ་བ། 两权分离
ཐོབ་ཐང་རྣམ་པ་གསུམ་ལ་་བཞག་པ།  三权分置

གང་ཟག་གསུམ་པ། 第三人

བརྟན་གཏའ། 抵押

གཡོ་གཏའ།  质押

གཞིས་ས་བཀོལ་སྤྱོད་ཀྱི་ཐོབ་ཐང་། 宅基地使用权

ཐོབ་ཐང་གཏན་འཁེལ་ཐོ་འགོད། 确权登记