ཉེས་དོན་གོང་གཏུག་ཅེས་པ་ནི་ཁྲིམས་ཁང་ཐོག་མའི་ཁྲིམས་བཅད་ལ་གྱོད་ཡ་མ་འཐད་པར་དེའི་ཁྲིམས་ཁང་གོང་མས་ཁྲིམས་བཤེར་བྱེད་པར་ཞུ་གཏུག་བྱེད་པའི་ལམ་ལུགས་ཤིག་ལ་ཟེར། གལ་ཏེ། ཁྲིམས་ཁང་ཐོག་མའམ་དང་བོས་གྱོད་ཡ་གང་ཞིག་ཉེས་ཅན་ཡིན་པའམ་གྱོད་ཡར་མི་ཕན་པའི་ཁྲིམས་བཅད་སོགས་བྱས་ཚེ། གྱོད་ཡ་དང་དེའི་ཁྲིམས་ཀྱི་ཚབ་གཉེར་བས་དུས་ངེས་ཅན་ཞིག་གི་ནང་དུ་ཐོག་མའི་ཁྲིམས་ཁང་གི་ཁྲིམས་ཁང་གོང་མ་དེ་ལ་གོང་གཏུག་ཞུ་ཆོག ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་བཅས་པ་ལྟར་ན། གྱོད་ཡས་ཡིག་ངག་གང་རུང་གི་ཐོག་ནས་གོང་གཏུག་ཞུ་བའི་ཐོབ་ཐང་ཡོད། དཔེར་ན། གཞི་རིམ་མམ་རྫོང་རིམ་པའི་ཁྲིམས་ཁང་གིས་གྱོད་ཡར་ཉེས་ལྡན་གྱི་ཁྲིམས་ཆད་བཅད་ཚེ། གལ་ཏེ་གྱོད་ཡ་དེས་ཁྲིམས་བཅད་དྲང་བདེན་མིན་པར་སྙམ་ན་ཁུལ་རིམ་པའི་འབྲིང་རིམ་ཁྲིམས་ཁང་ལ་གོང་གཏུག་བྱས་ཏེ་ཞུ་སྦྱོར་བྱེད་པ་ལྟ་བུ།

གོང་གཏུག་ལ་རྩ་དོན་ཞིག་ཡོད། དེ་ནི་ཁྲིམས་ཁང་གོང་མས་གོང་གཏུག་གྱོད་གཞི་དེར་ཁྲིམས་བཤེར་བྱས་རྗེས་གྱོད་ཡ་ལ་ཉེས་ཆད་སྔ་མ་ལས་ལྗིད་པ་ཐག་གཅོད་མི་ཆོག་པ་དེ་ཡིན། དཔེར་ན། བཀྲ་ཤིས་དབང་ཕྱུག་ལ་ཡུལ་ཤུལ་ཁྲིམས་ཁང་གིས་ལོ་ལྔའི་བཙོན་འཇུག་གི་ཉེས་ཆད་བཅད་པ་དེ་ལ་བཀྲ་ཤིས་དབང་ཕྱུག་མ་འཐད་པར་མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱས་པ་ཡིན་ན། མཐོ་རིམ་ཁྲིམས་ཁང་གིས་ཡུལ་ཤུལ་ཁྲིམས་ཁང་ལས་ལྗིད་པའི་བཅད་ཁྲ་འབེབས་མི་ཆོག་པ་བཞིན་ནོ། རྩ་དོན་འདི་ནི་གྱོད་ཡའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཞིག་ཡིན་པས། དེས་གྱོད་ཡ་གང་ཞིག་གིས་བཅད་ཁྲ་དྲང་བདེན་མིན་པར་མཐོང་ན། དོགས་སྐྲག་གང་ཡང་མེད་པར་གོང་རིམ་ཁྲིམས་ཁང་ལ་ཞུ་སྦྱོར་བྱེད་པར་སྲུང་སྐྱོབ་དང་སྐུལ་སློང་གི་ནུས་པ་ཐོན་ཐུབ་ལ། ཁྲིམས་ཁང་ཐོག་མའི་བཅད་ཁྲ་དེ་ཡང་རེ་ཞིག་ནུས་མེད་དུ་གཏོང་ཐུབ་པའི་དགེ་མཚན་ཡང་ཡོད། བཀྲ་ཤིས་དབང་ཕྱུག་གིས་རྒྱལ་ཁབ་དང་མི་དམངས་ལ་གནོད་པའི་ནག་ཉེས་ཅི་གང་བྱས་མེད་པ་ཁོང་གིས་གོང་གཏུག་ཞུས་པའི་བྱ་སྤྱོད་ལས་མཚོན་ཐུབ་པ་ཡིན། སྲིད་གཞུང་གིས་དེའི་སྤྱི་དམངས་ཤིག་མ་ཉེས་ཁག་གཡོགས་བྱས་ཏེ་ཁྲིམས་ལུགས་ཀྱི་མིང་ཐོག་ནས་བཙོན་འཇུག་བྱས་ན། དེ་བཟློག་ཐབས་ཉག་ཅིག་ཡོད་པ་ནི་གྱོད་ཡས་གོང་གཏུག་བྱེད་པ་འདི་ཡིན། གོང་གཏུག་མ་བྱས་པ་ཡིན་ན། གྱོད་ཡས་སྲིད་གཞུང་གི་ཉེས་འཛུགས་དེ་ངོས་ལེན་བྱས་པ་དང་གཅིག་མཚུངས་ཡིན། དེའི་རྒྱུ་མཚན་གྱིས་བཀྲ་ཤིས་དབང་ཕྱུག་གིས་གོང་གཏུག་བྱས་པ་དེས་ཡུལ་ཤུལ་ཞིབ་དཔྱོད་ཕྱོགས་ཀྱི་ཉེས་འཛུགས་ལ་གཞི་འཛིན་བྱ་ཡུལ་མེད་པ་སྟོན་གྱི་ཡོད་པ་དང་། ཁོང་གི་ལས་དོན་ནི་དྲང་བདེན་ཡིན་པ་མཚོན་གྱི་ཡོད། ད་ནས་རྩིས་པའི་ཟླ་བ་གཉིས་སམ་ཟླ་བ་བཞི་ཡི་ནང་ཚུན་ལ་མཚོ་སྔོན་མཐོ་རིམ་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་ལ་མཐར་ཐུག་གི་ཐག་གཅོད་ཅིག་བྱེད་དགོས། ཐག་གཅོད་དེའི་རྗེས་སུ་ཁོང་ལ་གོང་གཏུག་གི་གོ་སྐབས་མེད། ཡིན་ནའང་། ཁོང་གིས་ཁྲིམས་ལྟར་ཆེས་མཐོ་ཁྲིམས་ཁང་གིས་ཡང་བཤེར་བྱེད་དགོས་པའི་རེ་འདུན་ཞུ་བའི་གོ་སྐབས་ཤིག་ཡོད། དེའི་སྐོར་སྐབས་སུ་བབས་པའི་དུས་ལ་འགྲེལ་བརྗོད་བྱེད་གིན་ཡིན།