དེང་སང་བོད་མི་མང་པོ་གྲོང་ཁྱེར་དང་ནང་ལོགས་སུ་ཕྱིན་ཏེ་བཟོ་གྲྭ་དང་ཚོང་ཁང་ལ་སོགས་པའི་ནང་དུ་ལས་ཀ་ལས་བཞིན་པ་རེད། ཁོང་ཚོས་རང་གི་ཐོབ་ཐང་དང་ཁེ་ཕན་ལ་གཞན་གྱིས་གནོད་པ་བྱས་ཚེ་རྒྱལ་ཁབ་ཀྱི་ངལ་རྩོལ་ཁྲིམས་ལུགས་སོགས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ་གཤམ་དུ་ངལ་རྩོལ་ཁྲིམས་ལུགས་ཀྱིས་གཏན་དབབ་བྱས་པའི་ངལ་རྩོལ་པའི་ཐོབ་ཐང་ཁག་མཚམས་སྦྱོར་རགས་ཙམ་བྱེད་རྒྱུ་ཡིན།
༡   ངལ་རྩོལ་པར་ལས་ཀའི་གོ་སྐབས་ཐོབ་པའི་ཐོབ་ཐང་དང་ལས་ཞུགས་ཐོབ་ཐང་འདྲ་མཉམ་ཡིན་པ། ལས་གནས་ཀྱི་ཆུ་ཚད་ལྡན་པའི་ངལ་རྩོལ་པར་འདྲ་མཉམ་གྱི་སྒོ་ནས་ལས་གནས་ཐོབ་པའི་ཐོབ་ཐང་དེ་ཤིན་ཏུ་གལ་ཆེ། རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་ལས་ཀའི་གོ་སྐབས་མཁོ་སྤྲོད་བྱེད་དགོས་ཤིང་། ལས་བདག་གིས་ལས་མི་བསྡུ་ལེན་བྱེད་དུས་ངལ་རྩོལ་པའི་མི་རིགས་དང་ཆོས་དད་དང་ཕོ་མོ་སོགས་ལ་གཞིགས་ཏེ་དབྱེ་འབྱེད་དང་འདོར་ལེན་བྱས་མི་ཆོག དཔེར་ན། ལས་བདག་གང་ཞིག་གིས་བོད་རིགས་ཡིན་ན་ལས་ཀའི་གོ་སྐབས་མི་སྤྲོད་པའམ་དང་ རྒྱ་རིགས་ལས་གླ་ཆ་ ཉུང་བ་སྤྲོད་པ། ལག་རྩལ་དང་ཆུ་ཚད་སོགས་ཚད་མཉམ་ཡིན་པའི་ཆ་རྐྱེན་འོག་ཏུ་ལས་ཀའི་གོ་གནས་བཟང་པོ་བོད་རིགས་ལ་མི་སྤྲོད་པར་རྒྱ་རིགས་ལ་སྤྲོད་པ་ལ་སོགས་ནི་ངལ་རྩོལ་པའི་འདྲ་མཉམ་གྱི་ལས་ཞུགས་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་རེད། ངལ་རྩོལ་ཁྲིམས་ཀྱི་དོན་ཚན་གསུམ་པ་དང་དོན་ཚན་བཅུ་གཉིས་པའི་ནང་དུ་ངལ་རྩོལ་པར་འདྲ་མཉམ་གྱི་ལས་ཞུགས་ཐོབ་ཐང་དང་ལས་གདམ་ཐོབ་ཐང་ཡོད་པ་མ་ཟད། ངལ་རྩོལ་པའི་ལས་ཞུགས་ཀྱི་ཐད་ལ་མི་རིགས་དང་ཆོས་ལུགས་དད་མོས་དང་ཕོ་མོ་སོགས་ལ་ཁག་བཞག་སྟེ་དབྱེ་འབྱེད་མཐོང་ཆུང་བྱས་མི་ཆོག་ཅེས་གཏན་དབབ་བྱས་ཡོད། དེས་ན། ལས་བདག་དང་ལས་མི་བཀོལ་སྤྱོད་བྱེད་མཁན་(用人单位)གྱིས་ཁྱེད་ཉིད་བོད་རིགས་ཡིན་པའམ་བུད་མེད་ཡིན་པ་སོགས་ལ་ཁག་བཞག་སྟེ་ཁྱེད་ལ་ལས་ཀ་མི་སྤྲོད་པའམ་ལས་གླ་མི་སྤྲོད་པ། ལས་གླ་གཞན་ལས་ཉུང་བ་སྤྲོད་པ། ལས་གནས་མི་འཕར་བ་སོགས་བྱུང་ན་དེ་ནི་ཁྲིམས་དང་འགལ་ཡོད་པ་ཤེས་དགོས།
༢   ངལ་རྩོལ་པར་གླ་ཆ་ལེན་པའི་ཐོབ་ཐང་ཡོད་པ། ལས་བདག་དང་ངལ་རྩོལ་པ་བཀོལ་སྤྱོད་བྱེད་མཁན་གྱིས་ངལ་རྩོལ་པར་དུས་ལྟར་གླ་ཆ་དང་ཕོགས་ཆ་ཚང་སྤྲོད་དགོས། གལ་ཏེ། ལས་བདག་དང་ངལ་རྩོལ་པ་བཀོལ་སྤྱོད་བྱེད་མཁན་གྱིས་ངལ་རྩོལ་པར་ལས་གླ་མ་སྤྲད་ན་དེ་ནི་ངལ་རྩོལ་པའི་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་ཅིག་ཡིན་པས་ངལ་རྩོལ་པས་ས་གནས་དེ་གའི་སྲིད་གཞུང་གི་ངལ་རྩོལ་འདུམ་འགྲིག་ལས་ཁུངས་(劳动争议仲裁委员会)དང་ཁྲིམས་ཁང་སོགས་བརྒྱུད་ནས་ལས་བདག་གི་འགན་ཁུར་འདེད་དུ་འཇུག་དགོས། གལ་ཏེ། ལས་བདག་གིས་བསམ་བཞིན་གྱི་སྒོ་ནས་ངལ་རྩོལ་གཅིག་ལ་ཟླ་བ་གསུམ་ཡན་གྱི་གླ་ཆ་མ་བྱིན་པའམ་གླ་ཆ་སྒོར་ལྔ་སྟོང་ཡན་ཆད་པ་ཡིན་ན། དེ་ནི་བསམ་ངན་གྱིས་གླ་ཆ་ཆད་ལ་བཞག་པའི་ཉེས་པ(恶意欠薪罪)་འགྲུབ་སྲིད་པས། ལས་བདག་ལ་ལོ་བདུན་མན་གྱི་བཙོན་འཇུག་གི་ཉེས་ཆད་སོགས་བཅད་ན་ཆོག་ཅེས་ཉེས་ཁྲིམས་སུ་གཏན་འཁེལ་བྱས་ཡོད། ལས་ཀ་བའི་ཉིན་རེར་ལས་ཀ་བྱེད་པའི་དུས་ཡུན་ནི་དུས་ཚོད་བརྒྱད་ལས་བརྒལ་མི་ཆོག་པ་དང་། ལས་ཀ་བ་གང་ཞིག་ཆ་སྙོམས་ གཟའ་འཁོར་རེར་ ཆུ་ཚོད་བཞི་བཅུ་ལས་བརྒལ་བའི་ལས་ཀར་བཀོལ་མི་ཆོག  གལ་སྲིད་གཟའ་འཁོར་རེའི་ནང་ཆ་སྙོམས་ཀྱི་དུས་ཚོད་ལས་བརྒལ་ཏེ་ལས་ཀ་བྱེད་དུ་བཅུག་པ་ཡིན་ན་ལས་དུས་འཕར་སྣོན་བྱས་པའི་དུས་ཚོད་ལྟར་གླ་ཆ་འཐོལ་བ་སྤྲོད་དགོས། རྒྱུན་ལྡན་གྱི་ལས་ཡུན་ལས་དུས་འཕར་སྣོན་བྱས་པ་ཡིན་ན་ལས་ཀ་བར་གླ་ཆ་བརྒྱ་ཆ་ལྔ་བཅུ་སྤྲོད་དགོས་པ་དང་། གཟའ་མཇུག་དང་ངལ་གསོའི་ཉིན་མོར་ལས་འཐོལ་(加班)ལ་བཀོལ་ན་བརྒྱ་ཆ་ཉིས་བརྒྱའི་གླ་ཆ་སྤྲོད་དགོས། རྒྱལ་ཁབ་ཀྱིས་གཏན་དབབ་བྱས་པའི་དུས་ཆེན་ལ་ལས་འཐོལ་བཀོལ་ན་བརྒྱ་ཆ་སུམ་བརྒྱའི་གླ་ཆ་སྤྲོད་དགོས།
༣  ངལ་རྩོལ་པས་ངལ་རྩོལ་བྱེད་སྐབས་རང་ཉིད་ཀྱི་བདེ་འཇགས་དང་ལས་ཀའི་ཁྲོད་ཀྱི་འཕྲོད་བསྟེན་ཐད་ལ་ལས་བདག་དང་ལས་ཀ་བ་བཀོལ་སྤྱོད་བྱེད་མཁན་གྱིས་ཁག་ཐེག་དང་མཐུན་རྐྱེན་སྦྱོར་དགོས། ངལ་རྩོལ་པའི་བདེ་ཐང་ལ་ལས་བདག་གིས་ངེས་པར་དུ་མཐོང་ཆེན་བྱེད་དགོས། གལ་ཏེ། ལས་བདག་གིས་ངལ་རྩོལ་པ་གང་ཞིག་གཡང་གཟར་དང་ཆུ་ཆེན་དང་དུག་རླངས་སོགས་ཡོད་སར་ལས་ཀ་བཀོད་སྒྲིག་བྱས་པ་ཡིན་ན། ལས་བདག་གིས་ངལ་རྩོལ་པའི་ལུས་སྲོག་ལ་ཉེན་ཁ་ཡོད་ས་དེ་དག་ནས་སྲུང་སྐྱོབ་བྱེད་པའི་ཡོ་བྱད་དང་མཐུན་རྐྱེན་སོགས་སྦྱོར་དགོས། ངལ་རྩོལ་པར་ཉེན་ཁ་རང་བཞིན་ཅན་གྱི་ལས་ཀ་ལས་ནས་ལས་རྨས་བྱུང་བའམ་ལས་ཀའི་ཉེར་ལེན་ལས་ན་ཚ་དང་སེམས་ནད་སོགས་བྱུང་ཚེ་ལས་བདག་ལ་གུན་གསབ་སློང་བའི་ཐོབ་ཐང་ཡང་ཡོད།
༤   ངལ་རྩོལ་པར་ངལ་གསོ་བྱེད་པའི་ཐོབ་ཐང་ཡོད་པ་དང་། ངལ་རྩོལ་པར་ངལ་གསོ་བྱེད་པའི་ཐོབ་ཐང་ནི་རྩ་ཁྲིམས་ཀྱིས་ངོས་ལེན་བྱེད་པའི་ཐོབ་ཐང་ཡིན་པ་དང་། ངལ་རྩོལ་པས་ཉིན་རེར་ལས་ཀ་ལས་པའི་དུས་ཡུན་དུས་ཚོད་བརྒྱད་ལས་བརྒལ་མི་ཆོག་པ་དང་། གཟའ་འཁོར་རེར་ལས་ཀ་ལས་པའི་དུས་ཡུན་དུས་ཚོད་༤༠་ལས་འདའ་མི་ཆོག གཟའ་འཁོར་རེ་ལ་མ་མཐར་ཉི་མ་གཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱེད་དགོས། དུས་ཡུན་ལས་བརྒལ་བའི་ངལ་རྩོལ་བྱེད་དུ་བཅུག་ན་ངལ་རྩོལ་པར་ལས་འཐོལ་དང་དུས་འཐོལ་གྱི་གླ་ཆ་སྤྲོད་དགོས། དུས་འཐོལ་ཞེས་པ་ནི་ཉིན་རེར་ལས་ཀ་ཆུ་ཚོད་བརྒྱད་ལས་འཐོལ་བ་ལས་པའི་དུས་ཡུན་དེ་ལ་ཟེར་ཞིང་། ལས་འཐོལ་ཞེས་པ་ནི་ངལ་རྩོལ་པ་ངལ་གསོ་ཡིན་པའི་ཉིན་མོར་ལས་ཀར་བཀོལ་བ་ལ་ཟེར། ངལ་རྩོལ་པུའུ་ཡིས་༢༠༠༨་ལོར་ སྡོམ་རྩིས་བྱས་པ་ལྟར་ན། ལོ་རེའི་ཉིན་༣༦༥་ཡི་ནང་དུ་ངལ་རྩོལ་པར་ཁྱོན་བསྡོམས་ངལ་གསོའི་ཉིན་གྲངས་༡༠༤་ཡོད་པ་དང་ཟླ་རེར་ཉིན་བཅུ་ལྷག་ཡོད། ངལ་གསོའི་དུས་ཡུན་དེ་དག་ལས་བརྒལ་ན་ལས་བདག་གིས་ལས་གླ་འཕར་མ་སྤྲོད་དགོས། བུད་མེད་ངལ་རྩོལ་པ་ལ་མངལ་སྦྲུམ་དུས་དང་བུ་ཕྲུག་བཙའ་དུས་དང་ནུ་མ་བསྣུན་པའི་དུས་སྐབས་བཅས་སུ་ངལ་གསོའི་དུས་ཚོད་སྤྲོད་དགོས་པའི་དམིགས་བསལ་གྱི་ཐོབ་ཐང་ཡོད།
༥ ་ངལ་རྩོལ་པར་སྤྱི་ཚོགས་ཉེན་སྲུང་དང་ཁེ་བཟང་གི་ཐོབ་ཐང་ཡོད། ངལ་རྩོལ་པ་ལོ་ན་བགྲེས་པ་དང་ན་ཚ་ཕོག་པ། ལས་རྨས་བྱུང་བ། ལས་ཤོར་དང་བུ་ཕྲུག་བཙའ་བ་ལ་སོགས་པའི་སྐབས་སུ་དཀའ་ཁག་དང་འཕྲད་ཚེ། ཁོང་ལ་རྒྱལ་ཁབ་དང་ལས་བདག་སོགས་ཀྱི་ས་ནས་རོགས་དངུལ་ཐོབ་པའི་ཐོབ་ཐང་ཡོད། ངལ་རྩོལ་པ་གང་ཞིག་ལོ་དྲུག་ཅུར་སོན་པའམ། ཡང་ན། ན་ཚས་ཟིན་ཏེ་ལས་ཀ་བྱེད་མི་ཐུབ་པའི་དཀའ་ངལ་དང་འཕྲད་པ་ཡིན་ན་དེ་ལ་སྤྱི་ཚོགས་འགན་སྲུང་གིེ་རོགས་རམ་བྱས་ཏེ་དཀའ་ཁག་སེལ་རོགས་བྱེད་དགོས།
༦ ངལ་རྩོལ་པར་ཟབ་སྦྱོང་ཐོབ་པའི་ཐོབ་ཐང་ཡོད། ངལ་རྩོལ་པའི་ལས་ཀའི་ཆུ་ཚད་ཡར་རྒྱས་སུ་གཏོང་ཆེད། ལས་བདག་དང་ངལ་རྩོལ་པ་བཀོལ་མཁན་གྱིས་ངལ་རྩོལ་པར་དུས་ནས་དུས་སུ་ཟབ་སྦྱོང་སྤྲད་དེ་ངལ་རྩོལ་པར་ཐོབ་འོས་པའི་ལག་རྩལ་ཐོབ་ཐུབ་པ་བྱས་ཏེ་ངལ་རྩོལ་པས་འགན་ཁུར་བདེ་བླག་གིས་སྒྲུབ་ཐུབ་པ་ལ་མཐུན་རྐྱེན་སྦྱོར་དགོས།
༧  ངལ་རྩོལ་པར་ལས་བདག་དང་རྩོད་གཞི་བྱུང་ཚེ་འདུམ་འགྲིག་བྱེད་པའི་ཐོབ་ཐང་ཡོད། ངལ་རྩོལ་པས་གླ་ཆ་དང་། ལས་རྨས་ཀྱི་སྨན་ཡོན་དང་། དཔལ་འབྱོར་གུན་གསབ་དང་གུན་ཚབ་སློང་བའི་ཆེད། ལས་འཐོལ་དུས་འཐོལ་(加班加点)དང་ངལ་གསོའི་གུང་གསེང་། སྤྱི་ཚོགས་ཉེན་སྲུང་སོགས་ཀྱི་གནད་དོན་ཐད་ལས་བདག་དང་རྩོད་གཞི་བྱུང་ན། ངལ་རྩོལ་འདུམ་འགྲིག་ལས་ཁུངས་ལ་འདུམ་འགྲིག་གི་རེ་ཞུ་ཞུས་ཏེ་ཐག་གཅོད་བྱེད་དགོས་པ་དང་། དེའི་འདུམ་བཅད་ལ་མ་འཐད་ན་ངལ་རྩོལ་པས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག འོན་ཀྱང་། ངལ་རྩོལ་པར་ལས་བདག་གིས་ཟླ་ཕོགས་མ་བྱིན་པའི་ཆད་ཡིག་ཡོད་ན། ཟླ་ཁོ་ན་ལོན་པའི་ཆེད་དུ་ངལ་རྩོལ་པས་འདུམ་གཅོད་མ་བརྒྱུད་པར་ཐད་ཀར་ཁྲིམས་ཁང་ལ་གཏུག་བཤེར་བྱས་ན་ཆོག དེ་ནི་དམིགས་བསལ་ཡིན།