རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་ཅེས་པ་གཏན་ འཁེལ་བྱས་ཏེ་ ༢༠༡༨་ལོའི་ཟླ་༩་པའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱས་ཡོད། དོན་ཚན་བཞི་བཅུ་ཡོད་པའི་སྲོལ་ཡིག་དེའི་ནང་དུ།རྔ་བ་རང་སྐྱོང་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས་བོད་སྐད་ཡིག་ཇི་ལྟར་ཚད་ལྡན་དུ་བཀོལ་སྤྱོད་བྱེད་པ་ལ་ལམ་སྟོན་རང་བཞིན་ཅན་གྱི་གཏན་དབབ་བྱས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས། རྔ་བ་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གཞིར་བཞག་སྟེ་གཏན་ འཁེལ་བྱས་པའི་སྲོལ་ཡིག་དེའི་རྩ་དོན་གྱི་ནང་དུ།བོད་

སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་བ་ནི་རང་སྐྱོང་ཁུལ་གྱི་དབང་ཆ་གལ་ཆེན་ཞིག་ཡིན་པ་ངོས་ལེན་བྱས་ཏེ། རང་སྐྱོང་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བོད་སྐད་ཡིག་བཀོལ་སྤྱོད་དར་སྤེལ་ལ་འགན་ཁུར་དགོས་ཞེས་གཏན་འཁེལ་བྱས་ཤིང་། སྲོལ་ཡིག་དེའི་ལེའུ་གཉིས་པ་ཡི་ནང་དུ།རྔ་བ་རང་སྐྱོང་ཁུལ་གྱི་བོད་རིགས་མང་བའི་སློབ་གྲྭ་ཆུང་འབྲིང་དག་གིས་བོད་སྐད་ཡིག་གིས་

བོད་སྐད་ཡིག་སྲོལ་ཡིག་བཅས་པའི་ཚོགས་འདུ། 

སློབ་ཁྲིད་བྱེད་དགོས་པ་མ་ཟད། སློབ་གྲྭ་གཞན་དག་ནང་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སློབ་ཚན་བཀོད་སྒྲིག་བྱེད་དགོས་ཞེས་གཏན་ལ་བབས། སྲོལ་ཡིག་དེའི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ལེའུའི་ནང་ དུ། བོད་སྐད་ཡིག་ཁྱབ་གདལ་དང་ཚད་ལྡན་དུ་བཀོལ་སྤྱོད་བྱེད་པའི་འགན་ཁུར་དེ་སྲིད་གཞུང་ལ་ཡོད་པ་བསྟན་ཏེ། དོ་བདག་གིས་ཁྲིམས་ཁང་སོགས་སུ་བོད་སྐད་ཡིག་ལ་བརྟེན་ནས་ཞུ་གཏུག་བྱས་ཆོག་པ་དང་། སྡོད་དམངས་ཐོབ་ཐང་ལག་ཁྱེར་དང་། ལས་གཉེར་ལག་ཁྱེར་སོགས་སུ་ངེས་པར་དུ་བོད་ཡིག་ཡོད་དགོས་པའི་གཏན་འཁེལ་བྱས། དེས་མི་ཚད་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་སྦྲག་སྲིད་དང་། འཕྲིན་སྐྱེལ། དངུལ་རྩ།  སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་རང་བཞིན་གྱི་ལས་ཁུངས། འགྲུལ་སྐྱེལ་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། མེ་འཁོར་འབབ་ཚིགས་སོགས་མི་ཚོགས་འདུ་སའི་ཞབས་ཞུའི་སྒེའུ་ཁུང་དུ་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེར་བྱང་ཆ་ཡོད་པའི་ལས་སྒྲུབ་པ་བཀོད་སྒྲིག་བྱ་དགོས་པའི་གཏན་འཁེལ་ཀྱང་བྱས་ཏེ། སྲོལ་ཡིག་དང་འགལ་མཁན་བྱུང་ན་མི་དམངས་སྲིད་གཞུང་གིས་འགལ་མཁན་ལ་སྲིད་འཛིན་ཆད་པ་བཅད་ཆོག་ཅེས་བོད་སྐད་ཡིག་ལ་ཕན་པའི་གཏན་འཁེལ་མི་ཉུང་བ་བྱས་ཡོད།

འཕར་བ་རྗེས་ཐོག 

སྤྱིར་བཏང་ཡིན་ན། བོད་སྐད་ཡིག་གི་དར་སྤེལ་ལ་འབྲེལ་བ་ཤུགས་ཆེན་ཡོད་པའི་སྲོལ་ཡིག་འདི་ལོ་༣༠་ཡར་སྔོན་ལ་བཟོ་དགོས་པ་ཞིག་ཡིན། གང་ཡིན་ཞེ་ན། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་བཟོས་པའི་རྗེས་སུ། རྔ་བ་ཁུལ་གྱི་སྲིད་གཞུང་དང་སློབ་གྲྭ་སོགས་ཀྱིས་རང་སྐྱོང་སྲོལ་ཡིག་ནང་གི་སྐད་ཡིག་རང་སྐྱོང་གི་དོན་ཚན་ཞིབ་ཚགས་སུ་ལག་བསྟར་བྱེད་པར་རྔ་བ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དུས་ལྟར་སྐད་ཡིག་ལས་དོན་སྲོལ་ཡིག་བཟོས་ཏེ་དེ་དག་ལམ་སྟོན་དང་བཀོད་འཆར་བྱེད་དགོས་པས། དེ་མེད་པས་་རྔ་བ་ཁུལ་གྱི་སྲིད་གཞུང་དང་སློབ་གྲྭ་སོགས་ཀྱིས་བོད་སྐད་ཡིག་དར་སྤེལ་གྱི་ལས་དོན་ཇི་ལྟར་ལག་བསྟར་བྱེད་པ་ལ་གཞི་འཛིན་ས་མེད་པར་གྱུར་ཡོད། རྔ་བ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ན་ནིང་བར་དུ་ནར་འགྱང་བྱས་ཏེ་བོད་སྐད་ཡིག་སྲོལ་ཡིག་མ་བཟོས་པ་དེ་ནི་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གཞུང་གིས་བོད་སྐད་ཡིག་གི་ཐོབ་ཐང་དང་ལས་དོན་ལ་དོ་སྣང་མ་བྱས་པའི་དཔང་རྟགས་ཡིན་པ་མ་ཟད། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་གི་སློབ་གསོ་དང་བཀོལ་སྤྱོད་གྱི་གནས་བབ་ཤིན་ཏུ་ཉམས་ཐག་པའི་གནས་སུ་ལྷུང་ཡོད་པའི་རྒྱུ་རྐྱེན་ཡང་ཡིན། དཔེར་ན།  རྒྱལ་རོང་ས་ཆ་ན་བོད་སྐད་ཡིག་སྦྱོང་སའི་སློབ་གྲྭ་གཅིག་ཀྱང་མེད་པས་ས་དེའི་གཞོན་སྐྱེས་མི་ཉུང་བ་ཞིག་བོད་སྐད་ཡིག་གི་སློབ་གྲྭར་འགྲོ་ས་མེད་པར་ད་སྐབས་བོད་སྐད་ཡིག་མ་ཤེས་པར་ལུས་ཡོད་པའི་གནད་དོན་ལྟ་བུ་ཡིན། ཕྱི་གླིང་བས། ཕྱིས་པའི་བདེན་པ་ནི་བདེན་པ་མིན་(justice delayed is justice denied. 迟来的正义不是正义)ཟེར་བ་ལྟར་སྲིད་གཞུང་གིས་ཕྱི་བཤོལ་ལས་བོད་མི་མང་པོ་ཞིག་གིས་བོད་སྐད་ཡིག་མ་ཤེས་པའི་གནད་དོན་དེ་ལ་སྲོལ་ཡིག་ཅིག་བཟོས་ནས་ཕྱིར་བཅོས་དང་གུན་གསབ་འཇལ་ཐུབ་པ་ཞིག་མིན་པས། དེ་ནི་རྔ་བ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འདུས་པའི་སྲིད་གཞུང་གི་ནག་ཐིག་ཅིག་ཡིན་པ་གོར་མ་ཆག གང་ལྟར། འདས་ཟིན་པའི་ལས་དོན་འཐུས་ཤོར་ལས་ང་ཚོས་ཉམས་མྱོང་བླངས་ཏེ་ཕྱི་རབས་པ་རྣམས་ལ་བོད་སྐད་ཡིག་སྦྱོང་སའི་མཐུན་རྐྱེན་ཅི་ནས་ཀྱང་སྤྲོད་ཐུབ་པའི་ཆེད་དུ། ང་ཚོས་ངེས་པར་དུ་ལྟ་རྟོག་དང་སྐུལ་འདེད་བྱས་ཏེ་རྔ་བ་རང་སྐྱོང་ཁུལ་སྲིད་གཞུང་གིས་སྲོལ་ཡིག་འདི་་ལག་བསྟར་དཔྱིས་ཕྱིན་པ་བྱེད་དུ་འཇུག་དགོས།

སྲོལ་ཡིག་ནང་གི་དོན་ཚན་གལ་ཆེན་འགའ། 

དོན་ཚན་གསུམ་པ། བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་དབང་ཆ་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ཁུལ་གྱི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུར་ཁྲིམས་ལྟར་འགན་སྲུང་བྱེད་ཅིང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་དེ་གོང་དུ་སྤེལ་ཏེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས། 

བོད་སྐད་ཡིག་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་བསྡུར་བྱེད་པ།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་ལ་ཤུགས་བསྣན་དགོས་ཤིང་། སློབ་སྔོན་སློབ་གསོའི་སྐབས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་བོད་སྐད་ཀྱིས་སྐད་ཆ་དང་། སྒྱུ་རྩལ། བདེ་ཐང་། སྤྱི་ཚོགས། ཚན་རིག་བཅས་ཀྱི་སྐད་གཉིས་སློབ་གསོ་སྤེལ་ཆོག བོད་རིགས་འདུས་སྡོད་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དག་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྐད་དང་བོད་སྐད་གཞི་རྩའི་སློབ་ཁྲིད་བྱེད་སྤྱད་དུ་བཀོལ་དགོས་ལ། སློབ་གྲྭ་ཆུང་འབྲིང་གཞན་དག་གིས་དགོས་མཁོ་ལྟར་བོད་ཀྱི་སྐད་དང་ཡི་གེའི་སློབ་ཚན་བཀོད་སྒྲིག་བྱས་ཆོག

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་ཚད་ལྡན་བྱ་དགོས། ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འགན་ནུས་སྡེ་ཁག་གིས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་འགན་འཁུར་དགོས།

བོད་སྐད་ཡིག་གི་ཆེད་དུ་འཐུས་མིས་སྐད་ཆ་བཤད་དགོས།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱིས་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་བསྒྲགས་ཡིག་དང་། གྲོས་ཆོད། ཆོད་དོན། བཀའ་ཡིག་གལ་ཆེན་སོགས་ཁྱབ་བསྒྲགས་བྱེད་པའི་སྐབས་སུ། ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་སྤྱི་དམངས་ཀྱིས་བོད་ཡིག་གིས་ཞུ་ཡིག་དང་རེ་འདུན་ཞུ་ཡིག་བྲིས་ཆོག་ལ། ཐོ་འགོད་རེའུ་མིག་སྣ་ཚོགས་ཀྱང་བོད་ཡིག་གིས་བསྐངས་ཆོག རང་སྐྱོང་ཁུལ་མངའ་ཁོངས་ཀྱི་སྦྲག་སྲིད་དང་། འཕྲིན་སྐྱེལ། དངུལ་རྩ། འགྲིམ་འགྲུལ། ཁྲལ་དོན། ཉེན་འགོག་འགན་བཅོལ། མེ་སྐྱོན་འགོག་གསོད། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་རང་བཞིན་གྱི་ལས་ཁུངས་དང་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། མེ་འཁོར་འབབ་ཚིགས་སོགས་མི་ཚོགས་འདུ་སའི་དྲན་སྐུལ་དང་། ཉེན་བརྡ། བསྒྲགས་ཡིག ལམ་སྟོན། ཕྱོགས་སྟོན་ཡི་གེ་དང་། ཞབས་ཞུའི་བྱང་བུ་སོགས་སུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་ཆོག ཚོང་མགྲོན་ཞབས་ཞུའི་དྲན་སྐུལ་ལ་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྐད་གཉིས་ཀྱིས་ཞབས་ཞུ་བྱ་དགོས།

ཁ་བཤད་ཆུ་ཡི་ཝི་བ། ལག་ལེན་མེད་པའི་རྔ་བ། 

དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་མི་བྱེད་པར། མཇུག་འབྲས་ཚབས་ཆེན་བཟོས་ན། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་དེའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མཁན་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།