སྲིད་གཞུང་གི་ཆ་འཕྲིན་གསལ་བསྒྲགས་ཀྱི་ལམ་ལུགས་ནི་༢༠༠༨་ཀྱི་ལོ་ནས་བཟུང་མགོ་ཚུགས་པ་རེད། ལོ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼སྲིད་གཞུང་ཆ་འཕྲིན་གསལ་བསྒྲགས་ཀྱི་སྲོལ་ཡིག་༽(政府信息公开条例)བཅས་ནས་ལག་བསྟར་བྱས། སྲོལ་ཡིག་དེའི་གཏན་འཁེལ་ལྟར་ན། སྤྱི་དམངས་དང་འབྲེལ་ཡོད་ཚོགས་པ་ཡིས་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བ། ཚན་རིག་ཞིབ་འཇུག་ལ་སོགས་པའི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁང་དང་། རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་སྲིད་གཞུང་ལ་སྙན་ཞུ་

ཕུལ་ཏེ་རང་ཉིད་ལ་མཁོ་བའི་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ཆ་འཕྲིན་བླངས་ན་ཆོག་པའི་གཏན་དབབ་བྱས། སྲིད་གཞུང་ཆ་འཕྲིན་ཞེས་པ་ནི་སྲིད་འཛིན་ལས་ཁུངས་ཀྱིས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་དུ་གཏན་དབབ་བྱས་པའམ། རྙེད་སོན་བྱུང་བའི་གདེགས་བྱེད་ཀྱི་རྣམ་པ་ཡོད་པ་དང་གསོག་ཉར་བྱས་པའི་རྒྱུ་ཆའམ་ཆ་འཕྲིན་ལ་གོ  དཔེར་ན་ལོར་རེར་ས་གནས་ཀྱི་གཞུང་གིས་བཀོད་འདོམས་བྱས་པའི་རྣམ་གྲངས་ཀྱི་གནས་ཚུལ་དང་། རྒྱལ་ཁབ་ཀྱིས་སློབ་གསོའི་ལས་དོན་ཐད་ལ་ སྤྲད་པའི་དངུལ་འབོར་དང་ས་གནས་སྲིད་གཞུང་གིས་བཏང་བའི་འགྲོ་གྲོན་ལ་སོགས་པ་ནི་སྲིད་གཞུང་གི་ཆ་འཕྲིན་ཡིན་ལ། སྤྱི་དམངས་རང་ཉིད་ཀྱིས་སྤྲད་པའི་གློག་རིན་ཆུ་རིན་དང་། མཉམ་ལས་སྨན་བཅོས་དང་སྤྱི་ཚོགས་ཉེན་ཡོལ་ལ་སོགས་པའི་གནས་ཚུལ་ཀྱང་སྲིད་གཞུང་ཆ་འཕྲིན་གྱི་ཁོངས་སུ་གཏོགས།

ཆ་འཕྲིན་གསལ་བསྒྲགས་ཀྱི་ནང་དོན།

སྲིད་གཞུང་གི་ཆ་འཕྲིན་གསལ་བསྒྲགས་བྱས་ན། སྤྱི་དམངས་ཀྱིས་ཆབ་སྲིད་གནས་ཚུལ་ཤེས་ཚོར་གྱི་ཐོབ་ཐང་དང་མཉམ་ཞུགས་ཀྱི་ཐོབ་ཐང་། སུན་འབྱིན་དག་ཐེར་གྱི་ཐོབ་ཐང་བཅས་ལ་ཕན་པ་དང་རམ་འདེགས་ཀྱི་ནུས་པ་བསྐྲུན་ཐུབ། རྒྱལ་ཁབ་ཀྱི་དབང་ཆ་ཡོད་དོ་ཅོག་མི་དམངས་ལ་དབང་བ་ཡིན་ཕྱིན། མི་དམངས་ཀྱིས་རྣམ་པ་སྣ་ཚོགས་སྒོས་ཁྲིམས་ཀྱི་བཅས་པ་ལྟར་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་མཉམ་ཞུགས་བྱེད་པའི་དབང་ཐང་ཡོད། དབང་ཐང་འདི་དག་མངོན་གྱུར་འབྱུང་ཆེད་སྤྱི་དམངས་ཀྱིས་སྲིད་གཞུང་གི་གནས་ཚུལ་དང་ཆ་འཕྲིན་ལ་ངེས་ཟིན་དང་ཤེས་ཚོར་བྱུང་དགོས་པ་ནི་ཆ་རྐྱེན་ཡིན་པས། སྲིད་གཞུང་གིས་མི་དམངས་ཀྱིས་་སྲིད་དོན་ཤེས་ཚོར་འབྱུང་བའི་ཐད་ལ་ཆ་རྐྱེན་བསྐྲུན་པ་ནི་རང་བཞིན་གྱིས་གྲུབ་པའི་འོས་འགན་ཞིག་ཏུ་ཆགས། དེ་ནས་ཕྱི་གསལ་ནང་གསལ་གྱི་སྲིད་འཛིན་ལམ་ལུགས་ཤིག་བྱུང་དགོས་ན། སྲིད་གཞུང་གིས་ཅི་ཞིག་བསྒྲུབས་པ་དང་གང་ཞིག་བསྒྲུབ་འཆར། ཇི་ལྟར་བསྒྲུབ་པ་ལ་སོགས་པའི་སྲིད་དོན་ཐམས་ཅད་གསལ་བསྒྲགས་བྱས་ན། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། དཔོན་ངན་རྩིང་སྤྱོད་ཅན་གྱི་གནད་དོན་གཙང་སེལ་བྱེད་པ་ལ་ཕན་པ་མ་ཟད། ལྐོག་ཟ་རུལ་སུངས་དང་སྲིད་དབང་ལོག་སྤྱོད། སྒྱིད་ལུག་ངང་རིང་ལ་སོགས་པའི་ཆབ་སྲིད་འཛིན་སྐྱོང་ཁྲོད་ཀྱི་ནད་རྙིང་འདི་དག་བཅོས་བསྒྱུར་བྱེད་པ་ལ་ཕན། ནུབ་ཕྱོགས་པས་ཆབ་སྲིད་ཀྱི་གཏན་ཚིགས་སུ་ཉི་འོད་ནི་ས་སྟེང་གི་རུལ་སུངས་འཇོམས་པའི་སྨན་མཆོག་ཡིན་(Sunlight is said to be the best of disinfectants; )(阳光是最好的防腐剂,)ཞེས་པའང་དེའི་སྟབས་ཀྱིས་ཡིན། དཔེར་ན། ས་གནས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་དང་དགོན་པ་དོ་དོམ་ལྷན་ཁང་གིས་རྒྱལ་ཁབ་ཀྱིས་དགོན་པ་ཞིག་གསོའི་ཆེད་དུ་བྱིན་པའི་རོགས་དངུལ་དང་། དད་ལྡན་མང་ཚོགས་ཀྱིས་དགོན་པ་དང་དགེ་འདུན་པ་ལ་ཕུལ་བའི་བསྔོ་རྟེན་དང་རྒྱུ་ནོར་ལ་སོགས་པ་ལ་དོ་དམ་དང་བཀོལ་སྤྱོད་ཇི་ལྟར་བྱེད་ཀྱིན་ཡོད་པ་སྐྱ་སེར་མང་ཚོགས་ལ་ཕྱི་གསལ་ནང་གསལ་གྱིས་རྩིས་ཁྲ་ཡོད་པའི་སྒོ་ནས་གསལ་བཤད་རྒྱུན་ཆད་མེད་པར་བྱས་ན། ཆོས་ལུགས་དོ་དམ་བྱེད་པའི་སྲིད་གཞུང་གི་མི་སྣ་དང་དགོན་པ་དོ་དམ་ལྷན་ཁང་གི་འགན་འཛིན་མི་སྣ་བཅས་ཀྱིས་དངུལ་སྒོར་དང་རྒྱུ་ནོར་དེ་དག་ལྐོག་ཟ་དང་ལྐོག་སྤྱོད་བྱེད་པའི་གླགས་མི་རྙེད་པ་དང་། གལ་ཏེ་ལྐོག་ཟ་བྱས་ཚེ་མང་ཚོགས་ཀྱིས་སྲིད་གཞུང་ཆ་འཕྲིན་གསལ་བསྒྲགས་ཀྱི་ལམ་ལུགས་ལ་བརྟེན་ནས་སུན་འབྱིན་ཐེར་འདོན་བྱེད་ཐུབ་པ། གལ་ཏེ་སྲིད་གཞུང་ཆ་འཕྲིན་གསལབསྒྲགས་ཀྱི་་ལམ་ལུགས་མེད་ན་སྲིད་གཞུང་གི་ཆོས་ལུགས་དོ་དམ་མི་སྣས་དགོན་པ་ལ་དབང་བའི་རྒྱུ་ནོར་ལྐོག་ཟ་བྱས་ན་དད་ལྡན་མང་ཚོགས་ཀྱིས་ཤེས་ཚོར་བྱུང་མི་ཐུབ་པ་ལྟ་བུའོ།། དེའི་སྟབས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་གསལ་བསྒྲགས་བྱེད་པ་ནི་ཁྲིམས་སྐྱོང་རྒྱལ་ཁབ་གང་ཡང་རུང་བ་ཞིག་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་རྩ་དོན་དུ་གྱུར་ཡོད།

སྲིད་གཞུང་གི་ཆ་འཕྲིན་དང་གནས་ཚུལ་གསལ་བསྒྲགས་བྱེད་དགོས་ན། སྲིད་གཞུང་རང་ངོས་ནས་གསལ་བསྒྲགས་བྱེད་དགོས་པ་དང་། སྤྱི་དམངས་ཀྱིས་རེ་འདུན་བཏོན་ནས་གསལ་བསྒྲགས་བྱེད་དགོས་པ་དང་ཆ་འཕྲིན་གསལ་བསྒྲགས་མི་ཆོག་པ་བཅས་རིགས་གསུམ་ཡོད། སྲིད་གཞུང་རང་ངོས་ནས་གསལ་བསྒྲགས་བྱེད་དགོས་པའི་ཆ་འཕྲིན་ནི་དཔེར་ན། སྲིད་འཛིན་ཁྲིམས་སྲོལ་དང་ཡིག་ཆ། ནོར་སྲིད་ཀྱི་སྔོན་རྩིས་དང་རྩིས་ཞིབ། དབུལ་སྐྱོབ་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་ཉེན་ཡོལ་གྱི་གནས་ཚུལ་དང་། ཁོར་ཡུག་སྲུང་སྐྱོབ། ཟས་རིགས་དང་སྨན་རིགས་བདེ་འཇགས་ཐད་ཀྱི་ལྟ་རྟོག་ལས་དོན་ལ་སོགསཔ་ཡིན། ཞིབ་ཏུ་ཤེས་འདོད་ན་སྲོལ་ཡིག་དེ་ན་གསལ། དེ་ཡིས་མི་ཚད་པར་ས་ཞིང་གཞུང་སྡུད་དང་སྤོ་བསྣུར་བཅས་ཀྱི་གུན་གསབ། རང་བྱུང་གོད་ཆག་བྱུང་བའི་རོགས་དངུལ་དང་ཆུ་ལོག་སྔོན་འགོག་ལ་སོགས་པའི་ཆེད་དངུལ་གྱི་འགྲོ་སོང་སོགས་ཀྱི་ཆ་འཕྲིན་ནི་སྲིད་གཞུང་གིས་རང་སྟོབས་ཀྱིས་གསལ་བསྒྲགས་བྱེད་དགོས་པ་ཞིག་ཡིན། སྤྱི་དམངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་དེ་དག་རང་ཉིད་ཀྱི་འཚོ་བ་དང་ཞིབ་འཇུག་སོགས་ལ་དགོས་མཁོ་ཡོད་པར་མཐོང་ཞིང་སྲིད་གཞུང་གིས་ཆ་འཕྲིན་དེ་དག་གསལ་བསྒྲགས་བྱས་མེད་ཚེ། སྤྱི་དམངས་ཀྱིས་སྲིད་གཞུང་གིས་གསལ་བསྒྲགས་བྱེད་དགོས་པའི་རེ་འདུན་བཤད་དེ་གསལ་བསྒྲགས་བྱེད་དུ་འཇུག་ཆོག རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་ཞི་འཇགས་ཀྱི་ཆ་འཕྲིན་དང་། རྒྱལ་ཁབ་ཀྱི་གསང་བ། ཚོང་དོན་གྱི་གསང་བ། གང་ཟག་སྒེར་གྱི་གསང་བ་བཅས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གསལ་བསྒྲགས་བྱས་མི་ཆོག་པ་ནི་རིགས་གསུམ་པ་ཡིན།

སྤྱི་དམངས་ཀྱིས་སྲིད་གཞུང་གིས་གསལ་བསྒྲགས་མ་བྱས་པའི་ཆ་འཕྲིན་ཞིག་ལག་ཏུ་རག་འདོད་ན། སྲིད་གཞུང་ལ་སྙན་ཞུ་བྱས་ཏེ་གསལ་བསྒྲགས་བྱེད་དགོས་པའི་རེ་བ་བཤད་ན། སྲིད་གཞུང་གི་སྤྱི་དམངས་ཀྱི་རེ་ཞུ་རྒྱུ་མཚན་ལྡན་པར་མཐོང་ཚེ། རེ་ཞུ་ཞུས་པའི་ཉིན་བཅོ་ལྔའམ་རིང་ན་ཟླ་གཅིག་གི་ནང་ཚུན་ཆ་འཕྲིན་དེ་གསལ་བསྒྲགས་བྱེད་དགོས། གལ་ཏེ་སྲིད་གཞུང་གིས་སྒྱིད་ལུག་དང་ངང་སྒུག་བྱས་ཏེ་ཞུ་མཁན་ལ་ལན་མི་སྤྲོད་པའམ་དང་ལེན་མི་བྱེད་པ་ལ་སོགས་པའི་གནས་ཚུལ་བྱུང་ན། དེ་ནི་མི་རྩོལ་བའི་རྣམ་པ་ཅན་གྱི་སྲིད་འཛིན་བྱ་རྩོལ་དམིགས་བསལ་བ་ཡིན་པས། སྤྱི་དམངས་ཀྱིས་སྲིད་འཛིན་བྱ་རྩོལ་དེ་ལ་གཏུག་བཤེར་དང་བསྐྱར་གྲོས་སོགས་བྱས་ཏེ་ཐོབ་ཐང་སོར་ཆུད་བྱས་ཆོག

སྲིད་གཞུང་གི་ཆ་འཕྲིན་གསལ་བསྒྲགས་ཀྱི་འཁོར་བསྐྱོད་བྱེད་སྟངས་འདི་ང་ཚོས་དངོས་བྱུང་གི་དཔེ་དོན་ཞིག་དང་སྦྱར་ནས་བཤད་ན་གོ་བདེ། དཔེར་ན་༡༩༩༧་ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟི་ལང་གྲོང་ཁྱེར་སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་ཟི་ལིང་གྲོང་ཁྱེར་ནས་འོས་འགན་སློབ་གསོ་ལོ་དགུ་ཅན་གྱི་བོད་སོག་སློབ་གྲྭ་ཞིག་་འཛུགས་དགོས་ཞེས་པའི་བཀའ་བསྒོ་ཡིག་ཆ་ཞིག་བཟོས་ཡོད་པ་དེ་ད་བར་ཡུལ་དུས་ཀྱི་དབང་གིས་རྙེད་དཀའ་བའི་གནས་སུ་གྱུར་ཡོད་པས། ཟི་ལིང་ནས་བོད་རིགས་སློབ་གྲྭ་འཛུགས་པར་དོ་སྣང་དང་ལས་འགུལ་སྤེལ་མཁན་གང་ཞིག་གིས་ཡིག་ཆ་དེ་མ་རྙེད་པར་སྡུག་བསྔལ་བར་ལུས་ན། གང་ཟག་དེས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འཕྲིན་ནམ་དྲྭ་བརྒྱུད་ནས་ཡིག་ཆ་དེ་གསལ་བསྒྲགས་བྱེད་དགོས་ཞེས་སྙན་ཞུ་ཕུལ་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་དེ་གསལ་བསྒྲགས་བྱེད་དགོས། དེ་བཞིན་དུ་འབྲེལ་བ་ལྡན་པའི་ གང་ཟག་གང་ཞིག་གིས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ལ་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འོས་འགན་སློབ་གསོའི་ལས་དོན་ཐད་རྒྱལ་ཁབ་ནས་རོགས་དངུལ་ག་ཚོད་ལེན་གྱི་ཡོད་པ་དང་། རོགས་དངུལ་དེ་དག་ཟི་ལིང་གི་གྲངས་ཉུང་མི་རིགས་ཀྱི་འོས་འགན་སློབ་གསོ་ལ་བགོ་བཤའ་ཇི་ལྟར་བྱེད་ཀྱིན་ཡོད་པའི་གནས་ཚུལ་དང་ཆ་འཕྲིན་གསལ་བསྒྲགས་བྱེད་དགོས་ཞེས་རེ་འདུན་ཞུས་ན། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནས་ཚུལ་དེ་དག་གསལ་བསྒྲགས་བྱས་མེད་ན་སྙན་ཞུ་འབུལ་མཁན་གྱི་རེ་འདོད་ལྟར་གསལ་བསྒྲགས་བྱེད་དགོས། དེ་མིན། ཁོར་ཡུག་སྲུང་སྐྱོབ་དང་། ས་ཞིང་གཞུང་སྡུད་ལས་འཕྲོས་པའི་གུན་གསབ་དང་ཁ་གསབ་ལ་སོགས་པའི་གནས་ཚུལ་དང་ཆ་འཕྲིན་ཐམས་ཅད་སྲིད་གཞུང་གི་གསལ་བསྒྲགས་ཁྱབ་ཁོངས་ཡིན་པས་གསལ་བསྒྲགས་བྱས་མེད་ན་སྤྱི་དམངས་ཀྱིས་གསལ་བསྒྲགས་བྱེད་དགོས་པའི་རེ་སྐུལ་ཞུས་ནས་ཡོངས་ཀྱིས་ཤེས་ཚོར་བྱུང་དུ་བཅུག་ན་ཆོག

མདོར་ན། སྲིད་གཞུང་གིས་སྲིད་དོན་ཕྱི་གསལ་ནང་གསལ་བྱེད་པ་ནི་ཁྲིམས་ལྟར་ཆབ་སྲིད་འཛིན་སྐྱོང་བྱེད་པའི་ཆ་རྐྱེན་ནམ་ཡན་ལག་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། སྤྱི་དམངས་ཀྱིས་ཆབ་སྲིད་ལས་དོན་ཤེས་ཚོར་དང་མཉམྱ་ཞུགས་བྱེད་པའི་ཐོབ་ཐང་གི་གཞི་རྩའི་དགོས་མཁོ་ཡང་ཡིན། དེས་མི་ཚད་ལྐོག་ཟ་རུལ་སུངས་དང་དཔོན་ངན་སྒྱིད་ལུག་གྱི་ངན་སྤྱོད་ཚར་གཅོད་བྱེད་དགོས་ན། སྲིད་དོན་ཆ་འཕྲིན་གསལ་བསྒྲགས་བྱེད་པ་ནི་མེད་དུ་མི་རུང་བའི་འབུར་འཇོམས་ཐོ་བ་ཞིག་ཡིན་པས་དེ་ནི་ང་ཚོས་ཤེས་དགོས་པའི་ལམ་ལུགས་གལ་ཆེན་ཞིག་ཏུ་གྱུར།