ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་པ་དང་ངལ་རྩོལ་པ་བཀོལ་སྤྱོད་བྱེད་མཁན་དབར་ལ་ཕན་ཚུན་གྱི་ཐོབ་ཐང་དང་འགན་ཁུར་གསལ་བར་བྱེད་པའི་ཡིག་ཐོག་གི་གྲོས་ཆོད་ཅིག་ལ་གོ ངལ་རྩོལ་གན་རྒྱ་ལ་ངལ་རྩོལ་པ་དང་ལས་བདག་གམ་ངལ་རྩོལ་བཀོལ་མཁན་གྱི་དབར་ན་ངལ་རྩོལ་གྱི་འབྲེལ་བ་ཡོད་པ་དང་། ཕན་ཚུན་གྱི་ཐོབ་ཐང་དང་འགན་ཁུར་གསལ་འདེབས་བྱེད་པའི་ནུས་པ་ཡོད། ངལ་རྩོལ་པ་བཀོལ་སྤྱོད་བྱེད་མཁན་གྱིས་ངལ་རྩོལ་པ་བཀོལ་སྤྱོད་བྱས་པའི་ཉིན་མོ་ནས་བཟུང་ངལ་རྩོལ་པ་དང་ངལ་རྩོལ་འབྲེལ་བ་ཆགསཤིང་། ངལ་རྩོལ་པ་བཀོལ་སྤྱོད་བྱེད་མཁན་གྱིས་ལས་མིའི་མིང་ཐོ་གསར་བཟོ་བྱས་དང་ཉར་ཚགས་བྱས་ཏེ་། ངལ་རྩོལ་སྲིད་འཛིན་ལས་ཁུངས་སོགས་ཀྱིས་ཞིབ་བཤེར་བྱེད་སྐབས་མཁོ་སྤྲོད་བྱེད་དགོས། ངལ་རྩོལ་དུ་བཀོལ་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་ངལ་རྩོལ་པ་བཀོལ་སྤྱོད་བྱེད་པའི་ཉིན་ནས་བཟུང་ངལ་རྩོལ་པ་དང་ངལ་རྩོལ་གན་རྒྱ་འཇོག་དགོས། ངལ་རྩོལ་

འབྲེལ་བ་ཆགས་ཀྱང་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་མ་བཞག་ན། ངལ་རྩོལ་པ་བཀོལ་མཁན་གྱིས་ཟླ་གཅིག་གི་ནང་ཚུན་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་འཇོག་དགོས། གལ་ཏེ། ངལ་རྩོལ་གན་རྒྱ་་སྔོན་ལ་བཞག་པ་ཡིན་ན། ངལ་རྩོལ་པ་དང་ལས་བདག་བར་གྱི་ངལ་རྩོལ་འབྲེལ་བ་ནི་ལས་ཀར་དངོས་སུ་བཀོལ་བའི་ཉིན་ནས་མགོ་རྩོམ་གི་ཡོད། གལ་ཏེ། ལས་བདག་གིས་ངལ་རྩོལ་པ་བཀོལ་སྤྱོད་བྱས་ནས་ལོ་གཅིག་གི་ནང་ཚུན་ངལ་རྩོལ་གན་རྒྱ་མ་བཞག་པ་ཡིན་ན། ངལ་རྩོལ་བ་དེར་ལོ་དེའི་ནང་གི་ཟླ་རེར་ངལ་རྩོལ་་གླ་ཆ་ལྡབ་གཅིག་གི་འཐོལ་བ་སྤྲོད་དགོས།

ངལ་རྩོལ་གན་རྒྱའི་་ཁྲིམས་ཀྱི་དོན་ཙན་༡༧་ལྟར་ན། ངལ་རྩོལ་གན་རྒྱ་ཡི་ནང་དུ་གཤམ་གྱི་ནང་དོན་འདི་དག་འདུས་དགོས།

༡ ངལ་རྩོལ་པ་བཀོལ་མཁན་གྱི་མིང་དང་ས་གནས། ངལ་རྩོལ་པ་བཀོལ་མཁན་ལས་ཁང་ངམ་ཚོགས་པ་ཞིག་ཡིན་ན་དེའི་འགན་འཛིན་གྱི་གནས་ཚུལ།

༢ ངལ་རྩོལ་པའི་མིང་དང་སྡོད་གནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།

༣ ངལ་རྩོལ་གན་རྒྱའི་དུས་ཡུན།

༤ ལས་ཀའི་ངོ་བོ་དང་ས་གནས།

༥ ལས་ཡུན་དང་ངལ་གསོ་དུས་ཚུགས།

༦ ལས་གླ།

༧ སྤྱི་ཚོགས་འགན་སྲུང་།

༨ ངལ་རྩོལ་གན་རྒྱ་ འཇོག་དུས་ངེས་པར་དུ་ཡིག་ཐོག་ནས་འཇོག་དགོས་ཤིང་།

ངག་ཐོག་ནས་བཞག་ན་ཕྱིས་སུ་ངལ་རྩོལ་གན་རྒྱ་ཡོད་མེད་ཀྱི་རྩོད་གཞི་བྱུང་ཚེ་ངག་ཐོག་གི་གན་རྒྱ་ཡིས་བདེན་དཔང་བྱེད་པའི་ནུས་པ་ཆུང་། གལ་ཏེ། ཡི་གེ་མི་ཤེས་པའམ་སྐད་བརྡ་མི་གོ་བའི་དབང་གིས་ངག་ཐོག་ནས་གན་རྒྱ་འཇོག་དགོས་བྱུང་ན། ངལ་རྩོལ་བས་ངག་ཐོག་གི་གན་རྒྱ་སྒྲར་བླངས་ཏེ་ཉར་ཚགས་བྱས་ནས་ཕྱིས་སུ་ངལ་རྩོལ་པ་བཀོལ་མཁན་གྱིས་གན་རྒྱ་ཡིག་ཐོག་ཏུ་ཕབ་དགོས་པ་དང་། དེ་མིན་གན་རྒྱ་ངག་ཐོག་ནས་བཞག་པ་ཡིན་ན་ངག་ཐོག་ནས་བཤད་པ་དེ་དག་སྒྲར་ཕབ་ལེན་བྱས་ཏེ་ཉར་ཚགས་བྱས་ན་བཟང་།

གན་རྒྱ་ཡི་ནང་དུ་མི་རིགས་མཐོང་ཆུང་དང་། མི་རིགས་ཁྱད་གསོད་དང་མཐོང་ཆུང་སོགས་ཀྱི་དོན་ཚན་ཡོད་ན་དེ་དག་ངོས་ལེན་མི་བྱེད་པར་ངལ་རྩོལ་སྲིད་འཛིན་དོ་དམ་ལས་ཁུངས་སོགས་ལ་གཏུགས་ནས་སུན་འབྱིན་བྱས་ཆོག།

གན་རྒྱ་ཡི་དོན་ཚན་ནང་དུ་ལས་ཀ་ལས་སྐབས་ངལ་རྩོལ་པར་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་ན་ལས་བདག་གམ་ངལ་རྩོལ་པ་བཀོལ་མཁན་གྱིས་འགན་མི་ཁུར་ཞེས་པའི་དོན་ཚན་སོགས་ཡོད་ན། དེ་ནི་ཁྲིམས་དང་འགལ་ཡོད་པས། དེ་ལ་བློ་རྟོན་དང་ཡིད་ཆེས་མི་བྱེད་པར་ལས་རྨས་སོགས་བྱུང་ན་ཁྲིམས་ལྟར་སྨན་ཁང་སོགས་སུ་བརྟག་དཔྱད་སྨན་བཅོས་བྱས་རྗེས། སྨན་རིན་སོགས་ལས་བདག་ལ་འདེད་དགོས་པ་ལས། ལས་ཀའི་གན་རྒྱའི་ཁྲིམས་འགལ་གྱི་དོན་ཚན་སོགས་ལ་འཛེམ་ནས་བག་ལ་ཞ་བའི་སྒོ་ནས་འདུག་མི་རུང་།

ངལ་རྩོལ་གན་རྒྱའི་ཁྲིམས་ཀྱི་དོན་ཚན་༣༨་པ་ལྟར་ན། ལས་བདག་གམ་ངལ་རྩོལ་བཀོལ་སྤྱོད་ལས་ཁང་གིས་དུས་ལྟར་གླ་ཆ་ཆ་ཚང་དང་སྤྱི་ཚོགས་ཉེན་གཡོལ་གྱི་རིན་སྒོར་ཆ་ཚང་སྤྲོད་དགོས། གལ་ཏེ། ངལ་རྩོལ་གན་རྒྱ་ཡི་ནང་དུ་དོན་ཚན་དེ་དག་མེད་ན། ངལ་རྩོལ་པས་ལས་བདག་ལ་བསམ་འཆར་བཤད་དེ་ཁ་སྣོན་བྱེད་དགོས། ལས་བདག་གིས་ངལ་རྩོལ་པར་ལས་གླ་དེ་མ་མཐར་ཟླ་རེར་སྤྲོད་ཐབས་བྱེད་དགོས་ཤིང་། གུང་གསེང་དང་ངལ་གསོའི་དུས་ཡུན་ལ་ལས་ཀར་བསྒོས་ན་ལས་གླ་ཡང་150% དང་ 200% དང་300%བཅས་ཀྱི་བབ་བསྟུན་ལྟར་སྤྲོད་དགོས། ངལ་རྩོལ་པའི་འགན་འཁྲི་འཐུས་ཤོར་དུ་སོང་ནས་ལས་བདག་ལ་གྱོང་གུད་བཟོས་པའི་དབང་དུ་བཏང་ན་ཡང་། ལས་བདག་གིས་ངལ་རྩོལ་པའི་གླ་ཆའི་20% མན་ནས་གུན་གསབ་ལེན་ཆོག་པ་མ་གཏོགས་དེའི་ཡན་ནས་ལེན་མི་ཆོག གུན་གསབ་བཅག་པའི་ཟླ་ཕོགས་དེ་ཡང་ཆེས་དམའ་བའི་ཟླ་ཕོགས་ཀྱི་་ཚད་གཞིའི་མན་ལ་ཟགས་སུ་བཅུག་མི་ཆོག་པ་ཟླ་ཕོགས་སྟེར་བའི་སྲོལ་ཡིག་བཅས་སུ་གཏན་འཁེལ་གསལ་བོ་བྱས་ཡོད་པས། གལ་ཏེ། གན་རྒྱ་ཡི་ནང་དུ་ལས་ཀར་བཀོལ་མཁན་གྱིས་ངལ་རྩོལ་པའི་ཟླ་་ཕོགས་མནན་ནས་མ་བྱིན་ན་མི་ཆོག གནད་དོན་འདི་རིགས་འགྲིམ་འགྲུལ་དབོར་འདྲེན་ལས་རིགས་སུ་ཁྱབ་ཆེ་ཤིང་། ལས་ཀའི་བདག་པོས་ཁ་ལོ་བར་རླངས་འཁོར་གསར་པ་སྤྲད་དེ་ཁ་ལོ་བའི་ཟླ་ཕོགས་ནས་རླངས་འཁོར་གྱི་རིན་པ་ལེན་པ་ལ་སོགས་པ་ནི་ཁྲིམས་དང་མི་མཐུན་པའི་གནས་ཚུལ་ཡིན་པས། ངལ་རྩོལ་པས་གན་རྒྱ་དེ་རིགས་ལ་གཟབ་དགོས།

དེ་ནས་གན་རྒྱ་ཡི་ནང་དུ་གཉེན་སྒྲིག་བྱས་མི་ཆོག་པ་ལ་སོགས་པའི་མི་ཆོས་དང་མི་མཐུན་པའི་གཏན་འཁེལ་ཡོད་ན། གཏན་འཁེལ་དེ་དག་ནི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཁྲིམས་འགལ་གྱིས་ཚོད་འཛིན་བྱས་པའི་དོན་ཚན་ཡིན་པས་རྩིས་མེད་དུ་བཏང་ན་ཆོག

མདོར་ན། ངལ་རྩོལ་གན་རྒྱ་ཞིག་གི་ནང་དུ་ཚང་དགོས་པའི་ཆ་རྐྱེན་ནི་ལས་རིགས་ལ་བསྟུན་ནས་ཤིན་ཏུ་མང་ཡང་། ཐུན་མོང་གི་ཆ་རྐྱེན་འདི་དག་ཚང་བར་བྱས་ན། ངལ་རྩོལ་པ་དང་ངལ་རྩོལ་བཀོལ་མཁན་གྱི་རྩོད་རྙོག་ཞི་བ་ལ་ཕན་པ་མ་ཟད། ངལ་རྩོལ་པའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་ལའང་ཕན། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ངལ་རྩོལ་གན་རྒྱ་དང་དེ་ལ་ཚང་དགོས་པའི་དོན་ཚན་དག་ སྣང་མེད་དུ་མི་འཇོག་པར་དོ་སྣང་བྱེད་རྒྱུ་གལ་ཆེ།