ཆེས་མཐོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་། གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པར་ཁྲིམས་ལུགས་ལུང་འདྲེན་ཐད་ཀྱི་གནད་དོན་རེ་འགའི་གསེད་བཀྲོལ།

(ཁྲིམས་གླེང་གིས་བསྒྱུར།)

༢༠༡༦་ལོའི་ཟླ་༩་པའི་ཚེས་༢༦་ཉིན་གྱིཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་༡༦༩༤་ཡི་ཚོགས་འདུ་དང་། ༢༠༡༦་ལོའི་ཟླ་༡༡་པའི་ཚེས་༤་ཉིན་གྱི་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྐབས་བཅུ་གཉིས་པའི་ཞིབ་དཔྱོད་ཨུ་ཡོན་ཚོགས་འདུའི་ཐེངས་༥༧་པའི་ཚོགས་འདུའི་སྟེང་གྲོས་ཆོད་བྱུང་ཞིང་། ༢༠༡༦་ལོའི་ཟླ་༡་པའི་ཚེས་༡་ཉིན་ནས་བཟུང་ལག་བསྟར་བྱེད་པ།

ཁྲིམས་ལུགས་ཀྱི་བཅས་པ་ལྟར་ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ཉེས་བྱས་ལ་ཁྲིམས་ལྟར་ཆད་པ་གཅོད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་གཞིར་བཟུང་སྟེ། འདིའི་ཐད་ཀྱི་ཉེས་དོན་གྱོད་རྩ་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་ལུང་འདྲེན་ཐད་ཀྱི་གནད་དོན་རེ་འགར་གསེལ་བཀྲོལ་བྱས་པ་གཤམ་གསལ་ལྟར།

 དོན་ཚན་དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རྫས་ཐོན་ཁུངས་ཀྱི་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཁྲིམས་ལ་སོགས་པའི་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ། གཏེར་རྫས་ཐོན་ཁུངས་འདོན་པ་དང་བཀོལ་སྤྱོད། སྲུང་སྐྱོབ་དང་དོ་དམ་བཅས་ཀྱི་གཏན་དབབ་ལ་འགལ་ན། དེ་ནི་ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོའི་ནང་དུ་གཏེར་རྫས་ཐོན་ཁུངས་ཀྱི་ཁྲིམས་ཀྱི་གཏན་དབབ་དང་འགལ་དེ་ཞེས་པར་ངོས་འཛིན་བྱེད་དགོས།

 དོན་ཚན་གཉིས་པ། གཤམ་གྱི་གནས་ཚུལ་དང་རྣམ་པ་ལྡན་ན། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གསུམ་གྱི་ཚན་པ་དང་པོའི་གཏན་འཁེལ་གྱི་གཏེར་བསྔོག་ཆོག་མཆན་མ་བླངས་པས་ཞེས་པར་ངེས་པར་དུ་ངོས་འཛིན་བྱེད་དགོས།

༡ ཆོག་མཆན་ཡི་གེ་མེད་པ།

༢ ཆོག་མཆན་ཡི་གེ་ཕྱིར་བསྡུ་བྱས་པའམ། ནུས་མེད་དུ་བཏང་བ། གཞུང་སྡུད་བྱས་པ།

༣ ཆོག་མཆན་ཡི་གེའི་ནང་གཏན་འཁེལ་བྱས་པའི་གཏེར་ཁུལ་དང་གཏེར་ཁོངས་ཀྱི་ཚད་ལས་བརྒལ་ཏེ་གཏེར་བསྔོགས་པ།

༤ ཆོག་མཆན་ཡི་གེའི་ནང་གཏན་འཁེལ་བྱས་པའི་གཏེར་རིགས་ཀྱི་ཚད་ལས་བརྒལ་ནས་གཏེར་བསྔོགས་པ།

༥ ཆོག་མཆན་ཡི་གེ་མ་བླངས་པའི་རྣམ་པ་གཞན་གྱི་རིགས།

དོན་ཚན་གསུམ་པ། ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་སྦྱོར་བ་མཆིས་ཤིང་། གཤམ་གྱི་རྣམ་པ་གང་རུང་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོར་་གཏན་འབེབས་བྱས་ཡོད་པའི་༼གནས་ཚུལ་་ཛ་དྲག་༽གི་ཁོངས་སུ་ངེས་པར་དུ་ངོས་འཛིན་བྱེད་དགོས།

༡ བསྔོགས་ཟིན་པའི་གཏེར་རྫས་ཀྱི་རིན་ཐང་སྒོར་ འབུམ་གཅིག་ཡན་ཟིན་པའམ། གཏེར་བསྔོགས་པས་གཏེར་རྫས་ཐོན་ཁུངས་ལ་གཏོར་བརླག་གི་རིན་ཐང་སྒོར་འབུམ་གསུམ་ཡན་བརྒལ་བ།

༢ རྒྱལ་ཁབ་ཀྱིས་ཇུས་འགོད་བྱས་པའི་གཏེར་ཁོངས་དང་། རྒྱལ་དམངས་དཔལ་འབྱོར་ལ་རིན་ཐང་གལ་ཆེན་ཡོད་པའི་གཏེར་ཁོངས་བཅས་སུ། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རང་བཞིན་ལྡན་པའི་སྒོ་ནས་གཏེར་འདོན་བྱེད་པའི་དམིགས་བསལ་གཏེར་རིགས་བསྔོགས་པ། ཡང་ན། གཏེར་བསྔོག་བཀག་སྡོམ་བྱས་པའི་ས་ཁུལ་དང་དུས་ཚིགས་སུ་གཏེར་བསྔོགས་ཤིང་། གཏེར་རྫས་རིན་ཐང་སྒོར་ཁྲི་ལྔ་ལོངས་པའམ་གཏེར་རྫས་ཐོན་ཁུངས་གཏོར་བརླག་བྱས་པའི་རིན་ཐང་སྒོར་འབུམ་གཅིག་དང་ཁྲི་ལྔ་ཚང་བ།

༣ ལོ་གཉིས་ཀྱི་ནང་ཚུན་དུ་ཁྲིམས་འགལ་གྱིས་གཏེར་བསྔོགས་པས་རྐྱེན་བྱས་ཏེ་སྲིད་འཛིན་ཆད་པ་ཐེངས་གཉིས་ཡན་ལ་ཐོབ་སྟེ་ཡང་བསྐྱར་ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་སྦྱོར་བ་ལྡན་པ།

༤ སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པ།

༥ གནས་ཚུལ་ཚབས་ཆེན་ཡིན་པའི་རྣམ་པ་གཞན།

ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་སྦྱོར་བ་མཆིས་ཤིང་། གཤམ་གྱི་རྣམ་པ་གང་རུང་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོའི་གཏན་འབེབས་བྱས་པའི་༼གནས་ཚུལ་ཤིན་ཏུ་ཛ་དྲག་༽གི་ཁོངས་སུ་ངེས་པར་དུ་ངོས་འཛིན་བྱེད་དགོས།

༡ རིན་ཐང་དང་སྒོར་གྲངས་ཚན་པ་དང་པོ་དང་གཉིས་པའི་གཏན་འཁེལ་གྱི་ལྡེབ་ལྔ་ལས་བརྒལ་བ།

༢ སྐྱེ་ཁམས་ཁོར་ཡུག་ལ་གཏེར་བརླག་ཤིན་ཏུ་ཚབས་ཆེན་བཟོས་པ།
༣ ཤིན་ཏུ་ཛ་དྲག་གི་གནས་ཚུལ་གཞན་གྱི་རིགས།

དོན་ཚན་བཞི་པ། གྲམ་གཞུང་ནས་བྱེ་མ་བརྐོས་ཏེ། གཤམ་གྱི་རྣམ་པ་མཆིས་ཤིང་། ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོ་དང་གསེད་བཀྲོལ་འདིའི་དོན་ཚན་གཉིས་པ། གསུམ་པ་བཅས་ཀྱི་ཆ་རྐྱེན་ཚང་ན། ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་ཉེས་བྱས་ལྟར་ཉེས་ཆད་གཅོད་དགོས།

༡ འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་གྲམ་གཞུང་ནས་བྱེ་མ་བརྐོ་བར་ཆོག་མཆན་ངེས་པར་དུ་ལེན་དགོས་ཤིང་བྱེ་བརྐོ་ཆོག་མཆན་ལག་དུ་མ་རག་པ།

༢ འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་གྲམ་གཞུང་ནས་བྱེ་མ་དང་གཏེར་བརྐོ་བར་ཆོག་མཆན་ངེས་པར་དུ་ལེན་དགོས་ཤིང་བྱེ་བརྐོ་དང་གཏེར་བསྔོག་ཆོག་མཆན་གང་རུང་ཞིག་ལག་ཏུ་མ་རག་པ།

གོང་འཁོད་ཀྱི་གཏན་འཁེལ་བྱས་པའི་སྦྱོར་བ་ཡོད་ཀྱང་གསེད་བཀྲོལ་འདིའི་དོན་ཚན་གསུམ་པའི་རྣམ་པ་མེད་ན་ཡང་། ཆུ་བོའི་གཏན་འཇགས་བཞུར་རྒྱུན་ ལ་ཤན་ཤུགས་ཚབས་ཆེན་ཐེབས་ཏེ་ཆུ་ལོག་འགོག་པའི་བདེ་འཇགས་ལ་ཉེན་ཁ་དང་གནོད་པ་བཟོས་པ་ཡིན་ན། དེ་ལ་ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོའི་༼གནས་ཚུལ་ཚབས་ཆེན༽ལ་ངོས་འཛིན་ངེས་པར་དུ་བྱེད་དགོས།

དོན་ཚན་ལྔ་པ། མཚོ་འོག་ཏུ་བྱེ་མ་བརྐོ་ཆོག་པའི་མཚོ་ཡུལ་བཀོལ་སྤྱོད་ཀྱི་ཐོབ་ཐང་ཡི་གེ་མ་བླངས་ཤིང་། གཏེར་བསྔོགས་ཆོག་མཆན་ཡི་གེ་མ་ཐོབ་པར་མཚོ་ཡི་བྱེ་མ་བསྔོགས་ན། དེ་ལ་ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོ་དང་། གསེད་བཀྲོལ་འདིའི་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འཁེལ་དང་མཚུངས་པས། ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་ཉེས་བྱས་ལྟར་ཉེས་ཆད་བཅད་ཆོག

གོང་འཁོད་ཀྱི་སྦྱོར་བ་ལྡན་ཞིང་གསེད་བཀྲོལ་འདིའི་དོན་ཚན་གསུམ་པའི་ཚན་པ་དང་པོའི་རྣམ་པ་མེད་ན་ཡང་། མཚོ་ངོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ན་དེ་ལ་ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་དང་པོའི་གནས་ཚུལ་ཚབས་ཆེན་ཀྱི་གྲས་སུ་ངེས་གཏན་བྱེད་དགོས།

དོན་ཚན་དྲུག་པ གཏེར་རྫས་ཐོན་ཁུངས་གཏེར་བརླགས་བྱས་པའི་རིན་ཐང་སྒོར་འབུམ་ལྔ་དང་ས་ཡ་གཅིག་གི་ཡན་ལ་སླེབས་པའམ། ཡང་ན། རྒྱལ་ཁབ་ཀྱིས་བཀོད་འདོམས་བྱེད་པའི་གཏེར་ཁུལ་དང་། རྒྱལ་དམངས་དཔལ་འབྱོར་ལ་ཤིན་ཏུ་རིན་ཐང་ལྡན་པའི་གཏེར་ཁུལ་དང་། རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་སྲུང་སྐྱོབ་རང་བཞིན་ལྡན་པའི་སྒོ་ནས་གཏེར་སྔོག་བྱེད་དགོས་པའི་དམིགས་བསལ་གཏེར་རྫས་ཀྱི་ཐོན་ཁུངས་གཏོར་བརླགས་བྱས་པའི་རིན་ཐང་སྒོར་འབུམ་གཉིས་ཁྲི་ལྔ་དང་འབུམ་ལྔ་ཡན་ལ་སོན་ན། ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཚན་པ་གཉིས་པས་གཏན་འཁེལ་བྱས་པའི་གཏེར་རྫས་ཐོན་ཁུངས་གཏོར་བརླགས་ཚབས་ཆེན་ཐེབས་པའི་རྣམ་པའམ་ཆ་རྐྱེན་ལ་ངེས་པར་དུ་ངོས་འཛིན་བྱེད་དགོས།

དོན་ཚན་བདུན་པ། ཉེས་བྱས་ལས་བྱུང་བའི་གཏེར་ལས་ཐོན་རྫས་དང་ཁེ་སྤོགས་ཡིན་པ་ཤེས་བཞིན་དུ། དངོས་རྫས་དེ་དག་འཆབ་པའམ། གཞན་ལ་བསྐྱེལ་བ། ཉོ་བསྡུ་བྱེད་པ། འཚོང་རོགས་བྱེད་པ། ཡང་ན་ཐབས་ལམ་གཞན་ གྱི་སྒོ་ནས་འཆབ་སྦེད་བྱས་ན། དེ་ལ་ཉེས་ཁྲིམས་ཀྱི་དོན་ཚན་༣༡༣་གྱི་གཏན་འཁེལ་ལས། ཉེས་བྱས་ལས་ཐོབ་པའི་དངོས་རྫས་དང་ཁེ་སྤོགས་འཆབ་སྦེད་བྱས་པའི་ཉེས་པ་ལྟར་ཉེས་ཆད་གཏན་དབབ་བྱེད་དགོས།

གོང་འཁོད་ཀྱི་སྦྱོར་བ་ལྡན་ཞིང་། སྦྱོར་བའི་སྔོན་ལ་ཉེས་བྱས་ཀྱི་གྲོས་བསྡུར་བྱུང་ན། མཉམ་དུ་ཉེས་བྱས་ཀྱི་གྲས་སུ་བཞག་སྟེ་ཉེས་ཆད་གཅོད་དགོས།

དོན་ཚན་བརྒྱད་པ། ཐེངས་མང་པོར་ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་། གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་ཏེ་ཉེས་བྱས་བསྐྱེད་ཅིང་ཁྲིམས་ཀྱི་བཅས་པ་ལྟར་ཉེས་འགན་འདེད་དགོས་ཚེ། ཡང་ན། ལོ་གཉིས་ཀྱི་ནང་དུ་ཐེངས་མང་པོར་ཁྲིམས་འགལ་གྱིས་གཏེར་བསྔོགས་པའམ་གཏོར་བརླགས་རང་བཞིན་གྱིས་གཏེར་བསྔོགས་པའི་སྦྱོར་བ་ལ་བརྡ་འདེད་བྱས་མེད་ཚེ། རིན་ཐང་གི་གྲངས་ཀ་བསྡོམ་སྟེ་བརྩི་དགོས།  

དོན་ཚན་དགུ་པ། ལས་ཚན་གྱིས་ཉེས་ཁྲིམས་ཀྱི་དོན་ཚན་༣༤༣་གྱི་ཉེས་བྱས་དེ་བསྐྱེད་ན། གསེད་བཀྲོལ་འདི་ཡི་གང་ཟག་ལ་ཉེས་ཆད་གཏན་དབབ་ཀྱི་ཚད་གཞི་ལྟར་ལས་ཚན་ལ་ཐད་ཀར་བདག་སྐྱོང་བྱེད་མཁན་དང་ཐད་ཀར་འགན་ཁུར་ ཡོད་པའི་འགན་འཛིན་གཞན་ལ་ཉེས་ཆད་གཅོད་དགོས། མ་ཟད་ལས་ཚན་ལ་སྒོར་ཆད་གཅོད་དགོས།   

དོན་ཚན་བཅུ་པ། ཁྲིམས་འགལ་གྱིས་གཏེར་བསྔོགས་ཀྱི་ཉེས་བྱས་བསྐྱེད་ཀྱང་། རྣམ་པའམ་གནས་ཚུལ་ཤིན་ཏུ་ཚབས་ཆེན་མིན་པ་དང་། ཡང་ན་གཏོར་བརླག་རང་བཞིན་གྱི་སྒོ་ནས་གཏེར་བསྔོག་གི་ཉེས་བྱས་བསྐྱེད་རྗེས། སྦྱོར་བ་བོ་ལས་དང་པོ་བ་ཡིན་པ་དང་། ཁྲིམས་འགལ་གྱི་དངོས་རྫས་འཕྲལ་དང་རྣམ་དག་གིས་གཞུང་ལ་སྤྲད་ཅིང་། ཁོར་ཡུག་ལ་གཏོར་བརླགས་བྱས་པ་དེ་དག་ཕྱིར་བཅོས་དང་ཞིག་གསོ་བྱས་ཏེ་འགྱོད་པ་དང་བཅས་ཕྱིས་འབྱུང་སྡོམ་པའི་བསམ་སྦྱོར་ཡོད་ན།  ཉེས་བྱས་ཆེས་ཕྲ་མོ་ཡིན་པར་ངོས་བཟུང་སྟེ་ཞུ་གཏུག་མི་བྱེད་པའམ་ཉེས་ཆད་གུ་ཡངས་བཏང་བའི་ཐག་གཅོད་བྱས་ཆོག

དོན་ཚན་བཅུ་གཅིག་པ། ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ལས་ལ་གླས་པའི་གང་ཟག་དེ་ཁེ་སྤོགས་བགོ་བཤའ་ཡི་ནང་དུ་ཞུགས་མེད་པའམ་གཏན་འཇགས་ཀྱི་གླ་ཕོགས་མཐོན་པོ་བླངས་མེད་པ་ཡིན་ན་དེའི་སྦྱོར་བ་ལ་ཉེས་བྱས་ལྟར་ཕལ་ཆེར་ངོས་བཟུང་མ་བྱས་ན་ཆོག འོན་ཀྱང་། གང་ཟག་དེ་ལ་དེ་སྔོན་ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པ་རྐྱེན་བྱས་ཏེ་ཆད་པ་ཕོག་མྱོང་བ་ཕུད།

དོན་ཚན་བཅུ་གཉིས་པ། ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ཉེས་བྱས་ལས་བྱུང་བའི་ཡོང་འབབ་དང་ཁེ་ཕན་དེ་དག་ངེས་པར་དུ་བརྡ་འདེད་བྱས་ཏེ་ཕྱིར་ལེན་དགོས་ཤིང་། ཡང་ན་ཕྱིར་བདག་པོ་ལ་འཇལ་བའམ་གུན་གསབ་སྤྲོད་དུ་འཇུག་པའི་བཙན་བཀའ་འབེབས་དགོས།

ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ཆེད་སྤྱོད་ཡོ་ཆས་དང་ཉེས་བྱས་བྱེད་ཆེད་ཀྱི་བདག་པོའི་དངོས་རྫས་ཐམས་ཅད་ངེས་པར་དུ་ཁྲིམས་ལྟར་གཞུང་བཞེས་བྱེད་དགོས།

དོན་ཚན་བཅུ་གསུམ། ཁྲིམས་འགལ་གྱིས་གཏེར་བསྔོགས་པའི་གཏེར་རྫས་ཀྱི་རིན་ཐང་གཞལ་སྐབས། གཏེར་རྫས་བཙོང་ཟིན་པའི་སྒོར་གྲངས་ལྟར་གཏན་འབེབས་བྱེད་པ་དང་། ཕྱིར་བཙོང་གི་སྒོར་གྲངས་མེད་པའམ་སྒོར་གྲངས་འཚོལ་དཀའ་བར་གྱུར་པ། ཡང་ན་སྒོར་གྲངས་ཀྱི་གཏན་འཁེལ་དེ་མངོན་གསལ་དུ་ཡང་དག་མིན་པར་མཐོང་ན། གཏེར་རྫས་ཀྱི་རིན་གོང་དང་གྲངས་ཀ་ལྟར་རིན་ཐང་ངོས་འཛིན་བྱེད་དགོས།

གཏེར་རྫས་ཀྱི་རིན་ཐང་གཞལ་དཀའ་ཚེ། གཤམ་གྱི་ལས་ཁང་གིས་བཏོན་པའི་སྙན་ཞུ་དང་དཔང་རྟགས་གཞན་དང་སྦྲེལ་ཏེ་ངོས་འཛིན་བྱེད་དགོས།

༡ རིན་གོང་ངོས་འཛིན་གཏན་དབབ་ལས་ཁང་གིས་བཏོན་པའི་སྙན་ཐོ།

༢ ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ཀྱི་སའི་ཐོན་ཁོངས་དང་ཆུའི་སྲིད་འཛིན། རྒྱ་མཚོ་ལ་སོགས་པ་དོ་དམ་བྱེད་པའི་ལས་ཁང་གི་སྙན་ཐོ།

༣ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་དོ་དམ་ལས་ཁང་གིས་རྒྱལ་ཁབ་ཀྱིས་ངོས་བཟུང་བྱས་པའི་གཙང་པོ་དང་མཚོ། མཚེའུ་གལ་ཆེན་གྱི་ཆུ་ཁོངས་དོ་དམ་ལས་ཁང་གིས་བཏོན་པའི་སྙན་ཐོ།

དོན་ཚན་བཅུ་བཞི། གྱོད་རྩ་དང་འབྲེལ་བའི་གནད་དོན་ལ་ངོས་འཛིན་བྱེད་དཀའ་བ་བྱུང་ན། གཤམ་གྱི་ལས་ཁང་གིས་བཏོན་པའི་དཔྱད་འཇོག་བསམ་འཆར་དང་སྙན་ཐོ་ལ་དཔང་རྟགས་གཞན་གྱིས་ཟུར་རྒྱན་བྱས་ཏེ་ངོས་འཛིན་བྱེདཔ།

༡ ཁྲིམས་འཛིན་དཔྱད་གཅོད་ལས་ཁང་གིས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཐད་ལ་བཏོན་པའི་དཔྱད་གཅོད་བསམ་འཆར།

༢ ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་སའི་ཐོན་ཁུངས་དོ་དམ་ལས་ཁུངས་ཀྱིས་གཏེར་བསྔོགས་ཀྱིས་གཏེར་རྫས་ཐོན་ཁུངས་ལ་ཐེབས་པའི་གནོད་པ་དེའི་རིན་ཐང་དང་། གཏོར་བརླག་རང་བཞིན་ལྡན་པའི་གཏེར་བསྔོགས་ཀྱི་ལས་ཡིན་མིན་ཐད་ལ་བཏོན་པའི་སྙན་ཐོ།

༣ ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་དོ་དམ་ལས་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་དོ་དམ་ལས་ཁང་གིས་རྒྱལ་ཁབ་ཀྱིས་ངོས་བཟུང་བྱས་པའི་གཙང་པོ་དང་མཚོ་མཚེའུ་གལ་ཆེན་གྱི་ཆུ་ཁོངས་དོ་དམ་ལས་ཁང་གིས་བཏོན་པའི་སྙན་ཐོ།

༣ ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱ་མཚོ་དོ་དམ་ལས་ཁུངས་ཀྱིས་མཚོ་ངོགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་མེད་ཀྱི་ཐད་ལ་བཏོན་པའི་སྙན་ཐོ།

དོན་ཚན་བཅོ་ལྔ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་སོ་སོའི་མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རང་རང་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་བརྟེན་ནས། གསེལ་བཀྲོལ་འདིའི་དོན་ཚན་གསུམ་པ་དང་དྲུག་གཏན་དབབ་བྱས་པའི་གྲངས་ཚད་ཀྱི་ནང་དུ་རང་རང་ས་ཁུལ་ནས་ལག་བསྟར་བྱེད་དགོས་པའི་གྲངས་ཚད་བྱེ་བྲག་པ་གཏན་དབབ་བྱས་ཏེ། དགོས་གཉེར་གྱི་ཆེད་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཕུལ་དགོས། དོན་ཚན་བཅུ་དྲུག་པ། གསེད་བཀྲོལ་འདི་༢༠༡༦་ལོའི་ཟླ་༡༢་པའི་ཚེས་༡་་ཉིན་ ནས་བཟུང་ལག་བསྟར་བྱེད་པ་དང་། གསེལ་བཀྲོལ་འདི་ལག་བསྟར་བྱས་པའི་རྗེས་སུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཁྲིམས་འགལ་གྱིས་གཏེར་བསྔོགས་པ་དང་གཏོར་བརླག་རང་བཞིན་གྱིས་གཏེར་བསྔོགས་པའི་ཉེས་དོན་གྱོད་རྩ་ཁྲིམས་བཤེར་བྱེད་སྐབས་ཁྲིམས་ལུགས་ལུང་འདྲེན་དམིགས་བཅས་གནད་དོན་རེ་འགའི་ཐད་ཀྱི་གསེལ་བཀྲོལ་ཞེས་བྱ་བ་དུས་མཉམ་དུ་ནུས་མེད་དུ་གྱུར་ཏེ་མཚམས་འཇོག་བྱ་དགོས།

གོང་གི་ཁྲིམས་ཡིག་དེ་བསྒྱུར་མཁན་ཁྲིམས་གླེང་ཡིན།