༢༠༡༨ ་ལོའི་ཟླ་དང་པོ་ནང་། ཀྲུང་དབྱང་གིས་སྤྱི་ཚོགས་རང་བཞིན་གྱི་ནང་ཚོགས་ དང་ངན་ཤེད་ཚོགས་པ་༼བསྡུས་མིང་ལ་ནག་ངན་ཚོགས་པ༽གཙང་སེལ་གྱི་བཀའ་ཁྱབ་བསྒྲགས་པ་ནས་བཟུང་སྟེ། རྒྱལ་ ཡོངས་ནས་ནག་ཚོགས་དང་ངན་ཤེད་ཚོགས་པ་དང་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་གི་དཔོན་པོ་དང་ལས་བྱེད་པ་དག་ལ་རྡུང་རྡེག་དང་གཙང་སེལ་གྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་། ཡུན་རིང་པོར་མི་མང་གི་གཉའ་ནས་མནན་པའི་ནག་ཚོགས་ངན་ཚོགས་མི་ཉུང་བ་ཞིག་གཏོར་ཞིང་མི་བསྲུན་ངན་རེངས་ཀྱི་གཏེ་བོ་མང་པོ་ཁྲིམས་ལ་སྦྱར་བས་སྤྱི་ཚོགས་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ། འོན་ཀྱང་། བོད་ཀྱིས་མཚོན་པའི་ས་ཁུལ་ལ་ལ་ཡི་ས་གནས་སྲིད་གཞུང་དང་དཔོན་རིགས་ཁག་གིས་ནག་ངན་གཙང་སེལ་གྱི་ཁྱབ་ཁོངས་དང་རྡུང་རྡེག་བྱ་ཡུལ་རང་འདོད་ཀྱིས་རྒྱ་བསྐྱེད་དེ། བོད་ཀྱི་ས་ཁུལ་ནས་ཡིག་རྨོངས་སེལ་མཁན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན། ཡུལ་མིའི་བདེ་སྡུག་ལ་བསམ་ནས་ས་གནས་དཔོན་པོ་ངན་རེངས་པ་དག་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་སུན་འབྱིན་དང་ཐེར་འདོན་གྱིས་གོང་རིམ་སྲིད་གཞུང་ལ་ཡར་ཞུ་

བྱེད་མཁན། སྲིད་གཞུང་གིས་ཁྲིམས་འགལ་གྱི་སྒོ་ནས་སྡེ་བའི་ས་ཞིང་སྡུད་ལེན་བྱས་པ་ལ་བསམ་འཆར་བཤད་མཁན་ སོགས་ཁྲིམས་ལ་གནས་པའི་སྤྱི་དམངས་དེ་དག་ཀྱང་ནགས་ཚོགས་དང་ངན་ཤེད་ཀྱི་གྲས་སུ་བཞག་སྟེ་ཉེས་མེད་བཙོན་འཇུག་མནར་གཅོད་བྱས་དང་བྱེད་བཞིན་ཡོད། དཔེར་ན། ད་ལྟ་འཛིན་བཟུང་བྱས་ཡོད་པའི་མགོ་ལོག་ཨ་ཉ་སེང་སྒྲ་དང་། སྡེ་བའི་ཞིང་སའི་ཐོབ་ཐང་བརྩོན་ལེན་བྱས་པའི་རྐྱེན་གྱིས་བཙོན་འཇུག་གི་ཆད་པ་བཅད་ཡོད་པ་རེབ་གོང་རོང་བོ་ས་ཁུལ་གྱི་ཡུལ་མི་དགུ་ལ་སོགས་པ་ལྟ་བུའོ།། དེས་ན། ཉེས་ཁྲིམས་སུ་ནག་ངན་ཚོགས་པའི་ངོ་བོ་དང་རྣམ་པ་སོགས་ཇི་ལྟར་གཏན་དབབ་བྱས་ཡོད་པ་གསལ་པོབོར་ཤེས་ན། གཞན་གྱིས་ནག་ངན་ལ་ཁ་གཡར་ཏེ་ཉེས་འཛུགས་བྱེད་པ་ ལ་དགག་ལན་སྤྲོད་ཐུབ་པས་འདིར་ཉེས་ཁྲིམས་དང་འབྲེལ་ནས་ནག་ངན་ཚོགས་པའི་སྐོར་ཅུང་ཙམ་བརྗོད་པར་བྱ། 

ཐོག་མར་ནག་ཚོགས་རང་བཞིན་ཅན་གྱི་ཚོགས་པའི་ཐད་ལ། ཉེས་ཁྲིམས་ཀྱི་དོན་ཚན་ ༢༩༤ ཡི་ནང་། དྲག་ཤུལ་དང་འཇིགས་སྐུལདང་ཐབས་ལམ་གཞན་ལ་བརྟེན་ནས་རྩ་འཛུགས་ལྡན་པའི་སྒོ་ནས་ཁྲིམས་འགལ་དང་ཉེས་བྱས་ཀྱི་ལས་དོན་སྤེལ་ཏེ། ས་ཕྱོགས་དབང་དུ་བསྒྱུར་བ་དང་། ཁྲིམས་འགལ་དང་སྡིག་སྤྱོད་ཀྱིས་ས་ཕྱོགས་དེའི་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་གྱིས་གནོད་འཚེ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་འགྲིག་ལམ་ལ་གནོད་པ་ཚབས་ཆེན་གཏོང་བའི་ནག་ཚོགས་རང་བཞིན་ཅན་གྱི་ཚོགས་པ་རྩ་འཛུགས་སམ་མགོ་ཁྲིད་མཁན་དང་། དེར་ལྷག་བསམ་ཀྱིས་ཟུར་ཞུགས་སོགས་བྱས་ཚེ། དེ་ལ་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་དུས་བཅད་བཙོན་འཇུག་བྱས་ཆོག མཉམ་ཞུགས་བྱེད་མཁན་གཞན་ལ་ལོ་གསུམ་མན་གྱི་དུས་བཅད་བཙོན་འཇུག་གམ། བཀག་བཙོན། སྟངས་འཛིན་དང་། ཡང་ན། ཆབ་སྲིད་ཐོབ་ཐང་འཕྲོག་ལེན་གྱི་ཉེས་ཆད་བཅད་ཆོག་ཅེས་གཏན་དབབ་བྱས་ཡོད་པ་ལ་གཞིགས་ན།   ནག་ཚོགས་ཤིག་ཡིན་ན་གཤམ་གྱི་ཁྱད་ཆོས་བཞི་ལྡན་དགོས་ཏེ། རྩ་འཛུགས་ལྡན་པ་དང་ཚོགས་མི་ཅུང་མང་བ་དང་གཅིག ཚོགས་པ་ལ་འཁོར་བསྐྱོད་ཀྱི་མ་རྩ་ཡོད་པ་དང་མ་རྩ་དེ་དག་གི་ཡོངས་ཁུངས་ཁྲིམས་འགལ་གྱི་དཔལ་འབྱོར་འདུ་འགོད་ལས་བྱུང་བ་དང་གཉིས། ཚོགས་པ་དེས་འཇིགས་སྐུལ་དང་དྲག་ཤུལ་གྱི་བྱེད་ཐབས་སོགས་སྤྱད་དེ་རྩ་འཛུགས་ལྡན་པའི་སྒོ་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཐེངས་མང་པོར་སྤེལ་ཡོད་པ་དང་། ཁྲིམས་མེད་ལུགས་མེད་ཀྱིས་མི་མང་ལ་གཉའ་གནོན་དང་བརྙས་བཅོས་གསོད་རྨས་བྱས་པ་དང་གསུམ། རྒྱལ་ཁབ་ཀྱི་ལས་བྱེད་པས་ཚོགས་པ་དེའི་ཁྲིམས་འགལ་གྱི་ཉེས་སྤྱོད་ལ་དཔུང་གཉན་ནམ་འགེབས་སྲུང་ངམ་རྒྱ་ཡན་དུ་བཏང་བ་སོགས་ལ་བརྟེན་ནས། ཚོགས་པ་དེས་ཡུལ་ལུང་དབང་དུ་བསྡུས་ཏེ་ས་ཆ་དེ་གའི་ལས་རིགས་དང་ས་ཁུལ་ངེས་ཅན་ལ་ཁྲིམས་འགལ་གྱི་བཀོད་འདོམས་དང་དབང་བསྒྱུར་གྱི་ནུས་པ་ཐོན་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་འགྲིག་ལམ་སོགས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་དང་བཞི་བཅས་ནི་ནག་ཚོགས་ཤིག་ལ་ཚང་དགོས་པའི་ཁྱད་ཆོས་སམ་ཡན་ལག་ཡིན།

ཡན་ལག་འདི་དག་མ་ཚང་ན་ཉེས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཉེས་མིང་ལྟར་ཉེས་འཛུགས་བྱེད་པའམ་ཉེས་ཆད་གཅོད་མི་ཆོག   ནག་ཚོགས་རང་བཞིན་ཅན་གྱི་ཚོགས་པ་ཡིན་ན་དེ་ལ་ཚོགས་མི་མང་ཞིང་རྩ་འཛུགས་བརྟན་བརླིང་ཡིན་པ། དམིགས་ཡུལ་དང་དཔལ་འབྱོར་གྱི་ཡོངས་ཁུངས་མངོན་གསལ་ཡོད་པ་མ་ཟད་ས་གནས་སྲིད་གཞུང་ངམ་གནད་ཡོད་དཔོན་རིགས་སོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་གྱིས་དཔུང་གཉན་བྱེད་བཞིན་ཡོད་པ་ལ་བརྟེན་ནས་ཚོགས་པ་དེ་དག་གིས་རང་གི་ཁེ་ཕན་གྱི་ཆེད་དུ་སྤྱི་དམངསསྒེར་བའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་འགྲིག་ལམ་གཏོར་ཞིང་བཤིག་པ་ལ་ཡ་མི་ང་། 

ངན་ཤེད་ཚོགས་པའི་མཚན་ཉིད་དང་ངོ་བོ་སོགས་ཉེས་ཁྲིམས་སུ་གསལ་པོར་བཅས་པ་མེད་པ་དེ་ལ་དམིགས་ནས། ༢༠༡༩ ་ལོའི་ཟླ་ ༤ ་བའི་༩་ཉིན། ཆེས་མཐོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་ངན་ཤེད་ཚོགས་པའི་སྐོར་ལ་ཡིག་ཆ་ཞིག་གཏན་འབེབས་བྱས་ཏེ་ངན་ཤེད་ཀྱི་ངོ་བོ་དང་རྣམ་པ་བཅས་ལ་འགྲེལ་བརྗོད་བྱས་ཡོད། ངན་ཤེད་ཚོགས་པ་ལ་ནག་ཚོགས་ཀྱི་ཆ་རྐྱེན་དང་ཡན་ལག་མ་ཚང་ནའང་དེས་ངེས་གཏན་གྱི་ས་ཁུལ་དང་ལས་རིགས་ཀྱི་ནང་དུ་ཁྲིམས་འགལ་གྱི་བྱ་སྤྱོད་ཐེངས་མང་པོ་སྤེལ་ནས་ས་ཆ་དེ་གའི་མི་མང་ལ་བརྙས་བཅོས་དང་སུན་བཙིར་བྱས་ཏེ། ཆགས་སྲེད་དང་རྒྱན་པོ་འགྱེད་པ། དུག་རྫས་སྨྱོ་ཆུ་བསྟེན་པ། བརྐུས་ཇག་བསླུས་གསུམ་འདུས་པའི་ཁྲིམས་འགལ་བྱ་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འདུ་འགོད་བྱེད་པ། སྦྱོར་བ་དངོས་གཞི་ནི་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ། བསམ་བཞིན་དུ་མི་གཞན་ རྨས་པ། ཁྲིམས་འགལ་གྱིས་མི་གཞན་བཀག་ཉར་བྱེད་པ། བཙན་སློང་བསླུས་སློང་། བསམ་བཞིན་མི་གཞན་གྱི་རྒྱུ་ནོར་ལ་གཏོར་བརླག་བྱེད་པ། མི་ཚོགས་བསྡུ་རུབ་ཀྱིས་རྡུང་རེས་བྱེད་པ། དོན་མེད་འཁྲུག་ཟིང་བསླངས་པ་སོགས་ཀྱི་རྣམ་པ་ལྡན་དགོས་པ་མ་ཟད། སྦྱོར་བ་དེ་དག་གིས་མི་མང་བོར་གཉའ་གནོན་དང་བརྙས་བཅོས་བྱས་པ་བཅས་ནི་ངན་ཤེད་ཀྱི་ཉེས་བྱས་ཡིན། ངན་ཤེད་ཚོགས་པ་ཡིན་ན་མི་གསུམ་ཡན་ནམ་རྒྱུན་འདུས་པའམ་སྐོང་ཚོགས་ངང་ཁྲིམས་མེད་ལུགས་མེད་ཀྱིས་མི་མང་ལ་བསུན་བཙིར་གཉའ་གནོན་བྱས་པ་ཞིག་ཡིན་དགོས། ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པས། ཁྲིམས་བཤེར་སྐབས་སུ་ངན་ཤེད་ཚོགས་པ་ནག་ཚོགས་སུ་་ངོས་འཛིན་དང་ཆད་གཅོད་བྱས་མི་ཆོག་ལ། ནག་ཚོགས་ཀྱི་ཉེས་བྱས་ཀྱང་ངན་ཤེད་ཀྱི་གྲས་སུ་བཞག་སྟེ་ཉེས་ཆད་ཡང་དུ་གཅོད་པའང་དགག་དགོས་ཞེས་བཤད་ཡོད་པ་དང་། དེ་མིན་དམངས་ཁྲོད་རྩོད་གཞི་ལས་བྱུང་བའི་ཉེས་བྱས་ཁག་ཀྱང་ངན་ཤེད་ཚོགས་པའི་ཉེས་བྱས་ཀྱི་གྲས་སུ་འཇོག་མི་རུང་བའི་ལམ་སྟོན་ཀྱང་བྱས་ཡོད། 

མདོར་ན། ནག་ཚོགས་དང་ངན་ཤེད་ཚོགས་པའི་ཐུན་མོང་གི་ཁྱད་ཆོས་ནི་ཚོགས་པའི་དཔལ་འབྱོར་དང་དབང་ཐང་། མི་ཚོགས་ཀྱི་དཔུང་ཤེད་བཅས་ལ་བརྟེན་ནས་མི་མང་ལ་གཉའ་གནོན་དང་སུན་བཙིར་བྱས་པ་དེ་ཡིན། རང་བཞིན་དེ་མེད་ན་ནག་ཚོགས་དང་ངན་ཚོགས་ཀྱི་ཉེས་བྱས་བསྐྱེད་མི་ཐུབ། མི་མང་གིས་ཀྱང་འདི་འདྲའི་གནས་ཚུལ་ལ་མཐོང་ཐོས་དོགས་གསུམ་སོགས་བྱུང་ཚེ། ཐད་ཀར་ནག་འཇོམས་ངན་སེལ་ལས་ཁུངས་ལ་ཐེར་འདོན་བྱས་ཆོག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཡིག་རྨོངས་སེལ་བའི་ཚོགས་པ། དེ་མིན་སྡེ་དམངས་ཀྱི་བདེ་སྡུག་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་བྱེད་མཁན་བཅས་ལ་ནག་ཚོགས་དང་ངན་ཤེད་ཚོགས་པའི་ཁྱད་ཆོས་དང་ཡན་ལག་མི་ཚང་བ་མ་ཟད། དེ་ནི་ཁྲིམས་མཐུན་གྱི་སྒོ་ནས་མི་རིགས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་མི་མང་གི་འཆམ་མཐུན་ལ་བྱས་རྗེས་བཞག་པའི་ལས་ཀ་རླབས་ཆེན་ཡིན་པས་དེ་དག་ལ་བྱ་དགའ་མི་སྤྲོད་ནའང་ཉེས་འཛུགས་བྱེད་ག་ལ་རུང་།

གཤམ་དུ་སྦྱར་ཡོད་པ་འདི་ནི་དྲ་ལམ་ནས་བཏུས་པའི་ནག་ཚོགས་དང་ངན་ཤེད་ཚོགས་པའི་རྣམ་པ་ཡིན། 

ནག་ཚོགས་ངན་སྤྱོད་ཀྱི་ངོ་བོ་ལྡན་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་འགུལ་རིགས་བཅུ་འདི་མཐོང་འཕྲལ། མྱུར་དུ་ཐེར་འདོན་གནང་རོགས།

 ༡ གྲོང་གསེབ་ཏུ་གཞི་རིམ་སྲིད་དབང་ཚོད་འཛིན་ངན་བཀོད་བྱེད་པ་དང་གྲོང་གསེབ་མཉམ་སྡེབ་ཀྱི་རྒྱུ་ནོར་ལྐོག་ཟ་བཅས་བྱེད་མཁན་གྱི“གྲོང་དཔོན་ངན་རུལ”དང་ལྐོག་ཇུས་ཅན་དང་། ཤང་གྲོང་དུ་བཙན་ཚོད་མེད་པའམ་ཡང་ན་ཁྱིམ་རྒྱུད་དང་། རུས་རྒྱུད། ཉེ་རྒྱུད་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་ཕྱོགས་གཅིག་ཏུ་རང་སྣང་གང་ཤར་གྱིས་བཙན་པོ་དབང་ཡོད་བྱེད་མཁན་གྱི་“ཡུལ་གྱི་གཤེད་མ”། ལྐོག་རྔན་དང་། གཏུམ་སྤྱོད། མགོ་སྐོར། འཇིགས་སྐུལ་སོགས་ཀྱི་ལག་ཐབས་ལ་བརྟེན་ནས་གྲོང་གསེབ་གཞི་རིམ་གྱི་སྐབས་བརྗེ་འདེམས་བསྐོར་འགལ་རྐྱེན་གཏོར་བཤིག་བཟོ་བའི་ནག་ཚོགས་ངན་སྤྱོད་སྟོབས་ཤུགས། ཁག་དཀྲི་མིང་འདོགས་སྣ་ཚོགས་བྱས་ནས་ས་ཆ་གཞུང་སྤྱོད་བོགས་གཏོང་གི་བརྒྱུད་རིམ་ནང་དུ་མང་ཚོགས་ངན་སྐུལ་བྱས་ཏེ་དོན་རྐྱེན་སློང་བ་དང་འདུ་འཛོམས་རང་བཞིན་གྱི་གོང་བཅར་སྒྲིག་འཛུགས་ཇུས་བཀོད་བྱེད་པའི་ནག་ཚོགས་ངན་སྤྱོད་སྟོབས་ཤུགས་བཅས།

༢ ཞིང་འབྲོག་ཐོན་རྫས་སོགས་ཀྱི་ཚོང་ལས་ཁྲོམ་ར་སྣ་ཚོགས་བཙན་བཟུང་བྱས་ཤིང་། ཧམ་འདོད་ངོམས་མེད་དང་། བཙན་ཉོ་བཙན་འཚོང་། གཡོ་སྦྱོར་བསྙད་འཕྲོག  དཔུང་སྡེབ་ཟིང་སློངས་བཅས་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི“ཚལ་བཙན”དང་། “ལས་བཙན” “ཁྲོམ་བཙན”སོགས་རིགས་འདྲ་མིན་གྱི་ནག་ཚོགས་ངན་སྤྱོད་སྟོབས་ཤུགས།

༣ ཨར་ལས་འཛུགས་སྐྲུན་དང་། འགྲིམ་འགྲུལ་དབོར་འདྲེན། ཉར་སྲུང་སྐྱེལ་ལེན་སོགས་ཀྱི་ཁྱབ་ཁོངས་སུ་ལས་གྲྭ་བཙན་ལེན་དང་། བུ་ལོན་བཙན་འགེལ། བསམ་ངན་འགྲན་རྩོད། ཉོ་ཚོང་བཙན་ཤེད། གཉེར་སྐྱོང་ཚུལ་མིན་གྱིས་སྒེར་སྡོམ་བྱེད་པ། སྐྱབས་གླ་བསྡུ་བ། དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ནག་ཚོགས་ངན་སྤྱོད་སྟོབས་ཤུགས།

༤ མང་ཚོགས་ཀྱིས་ལབ་གླེང་མང་བའི་སྐྱེད་ཆེའི་བུ་ལོན་ཚུལ་མིན་བསྡུ་ལེན་བྱས་རིགས་དང་འབྲེལ་བའི་བུན་འདེད་དང་། དེ་བཞིན་རྐང་བཙུགས་ནས་རྨས་སྐྱོན་བཟོ་བ་དང་། ཚུལ་མིན་བཀག་འཇུག  འཇིགས་སྐུལ་སོགས་ཀྱི་ལག་ཐབས་ལ་བརྟེན་ནས་གཏུམ་སྤྱོད་བུན་འདེད། ཡང་ན་དཔལ་འབྱོར་རྩོད་གླེང་གི“བུན་འདེད་ཀུང་སི” དང་། “གསང་བའི་ཉེན་རྟོག་པ”  “ལས་རིགས་སྨན་ཟིང་སློང་མཁན”སོགས་དང་ངན་འབྲེལ་བྱས་པའི་ངན་སྤྱོད་སྟོབས་ཤུགས།

གྲོང་གསེབ་དང་། གྲོང་ཁྱེར་ཉེ་འདབས། ཡུལ་མིའི་སྡེ་ཁུལ། རོལ་རྩེད་ཁང་བཅས་སུ་སྒྲིག་འཛུགས་ཡོད་པའི་སྒོ་ནས“འཆལ་རྒྱན་དུག་མདའ”བཞི་ཡི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་སྤེལ་ཅིང་། སྤྱི་ཚོགས་སྤྱོད་ཚུལ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་བཟོས་པའི་ནག་ཚོགས་ངན་སྤྱོད་སྟོབས་ཤུགས།

གཏེར་ཁའི་ཐོན་ཁུངས་མི་སྒེར་གྱིས་འདོན་པའམ་གང་འདོད་བཞིན་འདོན་པ་དང་ཉ་གྲུ་སྒྲིག་འཛུགས་བྱས་ནས་རྒྱལ་མཚམས་བརྒལ་བའི་ཉ་འཛིན་བཅས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ། དེ་བཞིན་གྲམ་ངོགས་ཀྱི་གསོ་ཚགས་ནང་དུ་ས་མཚམས་བགོ་བ་དང་གྲུ་ཁའི་“པགས་བཤུས”སོགས་ཀྱི་བྱ་སྤྱོད་ལས་ཐོན་པའི་གཏེར་བཙན་དང་།གྲུ་བཙན། ཆུ་བཙན་སོགས་མ་རབས་ཁྲམ་པའི་ངན་སྤྱོད་སྟོབས་ཤུགས།

ནག་ཚོགས་ངན་སྤྱོད་སྟོབས་ཤུགས་ཀྱིས་སྟངས་འཛིན་བྱེད་བཞིན་པའི་ཡུལ་སྐོར་སྣེ་ཤན་རྫུན་མ་དང་། དེས་བསླངས་པའི་བཙན་ཉོ་བཙན་འཚོང་དང་། བསྙད་རྐོ་ཟིང་སློང་། གཡོ་སྦྱོར་བསྙད་འཕྲོག་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་འགུལ།

གླ་ཕོཊ་འབོར་ཆེའི་བསླུ་བྲིད་ཀྱིས་གྲུ་པ་གླས་ཏེ་མགོ་སྐོར་དང་། གཡོ་སྦྱོར་བསྙད་འཕྲོག  བཙན་ཤེད་ངལ་རྩོལ་བཅས་ཁྲིམས་འགལ་ཉེས་གསོག་གི་བྱ་འགུལ་སྤེལ་བ།

ངན་པ་ཁྱུ་སྒྲིག་དང་། བསྙད་བརྐོ་ཟིང་སློང་། རྒྱག་འཛིང་རྩོད་འཐབ། ཧམ་འཕྲོག་བཙན་འཁྱེར། དབང་ཡོད་བཙན་བདག་སོགས་ཡུལ་ལུང་གཅིག་གི་སྒྲིག་ལམ་ལ་གནོད་ཅིང་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཤོག་ཁའི་སྟོབས་ཤུགས།

༡༠ ནག་ཚོགས་ངན་སྤྱོད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གཞན་དག་བཅས་སོ།།

ཐེར་འདོན་བྱེད་སྟངས། ༡༡༠ ལ་ཁ་པར་གཏོང་བ། ཡང་ན་ས་གནས་ཀྱི་ནག་ངན་གཙང་སེལ་དམིགས་བསལ་འཐབ་རྩོད་མགོ་ཁྲིད་ལ་ཁ་པར་ཐོངས། གལ་ཏེ། ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་བྱེད་པས་ནག་ངན་ཚོགས་པར་དཔུང་གཉན་དང་མགོན་སྐྱབས་བྱེད་པ་མཐོང་ན། སྒྲིག་ཁྲིམས་ལྷན་ཁང་དང་ལྟ་ཞིབ་ལྷན་ཁང་གི་ཐེར་འདོན་ཁ་པར་༡༢༣༨༨་བརྒྱུད་དེ་གཏུག་ཆོག