ཉེ་བའི་ཆར་དགོན་པ་ལ་ལ་ནས་ནར་མ་སོན་པའི་གཞོན་ནུ་དང་གུང་ཁྲན་ཏང་ཡོན་མཆོད་མཇལ་དུ་ཡོང་བར་བཀག་འགོག་བྱེད་བཞིན་པ་དཔེར་ན་དགོན་པ་ཞིག་གིས་མཆོད་ཁང་གི་སྒོ་ན་ཏང་ཡོན་དང་ནར་མ་སོན་པའི་མི་སྣ་འཛུལ་མི་ཆོག་པའི་སྦྱར་ཡིག་སྦྱར་ཡོད་པ་འདིས་མཚོན་ཐུབ། ནར་མ་སོན་པའི་གཞོན་ནུ་ལ་ཆོས་ལུགས་དད་མོས་རང་དབང་དང་

ཐོབ་ཐང་ཡོད་མེད་ཀྱི་སྐོར་ལ་ཁྲིམས་གླེང་གི་སྔར་གྱི་དྲ་རྩོམ་དུ་འཆད་ཟིན་པས་མོས་པ་ཡོད་མཁན་རྣམས་ཀྱིས་དྲ་ཐག་འདི་བརྒྱུད་ནས་ཀློག་ན་ཆོག  http://trimleng.org/2019/07/29/nashon-kyi-choedad-rangwang/ 

དགོན་པའི་ཉེན་བརྡ་ལ་ནོར་འཁྲུལ་ལྡན།

འདིར་སྐབས་སུ་བབ་པའི་བརྗོད་བྱ་ནི་གུང་ཁྲན་ཏང་ཡོན་མཆོད་མཇལ་དུ་འགྲོ་བ་ལ་སོགས་པའི་ཆོས་ལུགས་བྱེད་སྒོར་ཟུར་ཞུགས་ཆོག་མིན་གྱི་སྐོར་ཡིན། སྤྱིར་ན་གུང་ཁྲན་ཏང་གི་གཞུང་ལུགས་དང་བཅའ་ཡིག་ལྟར་ན། གུང་ཁྲན་ཏང་ཡོན་ཞིག་ཡིན་ཕྱིན་ལྷ་མེད་སྨྲ་བ་ཞིག་ཡིན་དགོས་པས། ཆོས་དད་རང་དབང་དང་གུང་ཁྲན་ཏང་ཡོན་གྱི་ལྟ་བ་གཉིས་ཆུ་མེ་ལྟར་གཞི་གཅིག་གི་སྟེང་དུ་མཉམ་དུ་གནས་མི་སྲིད་པ་ལྟར་ཆགས་ཡོད། གུང་ཁྲན་རིང་ལུགས་ཀྱི་སྲོལ་འབྱེད་པ་ཁཱ་རོལ་མར་ཁེད་སུས་ཀྱིས་ཀྱང་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་ནི་ལྷ་མེད་སྨྲ་བའི་ལྟ་གྲུབ་ལས་ཐད་གར་མཆེད་དོ་ཞེས་བཤད་ཡོད་པ་དེས་ཀྱང་མཚོན་ཐུབ།  (共产主义是径直从无神论开始的  )་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་དྲུག་པ་སྟེང་ནས་གྲོས་ཆོད་བྱུང་བའི་གནས་བབ་གསར་བའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བ་ཐད་ཀྱི་ཚད་མར་འཛིན་པའི་རྩ་དོན་རེ་འགའ་(《关于新形势下党内政治生活的若干准则》)དང་གསར་དུ་འཕར་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་བཅས་སུ། གུང་ཁྲན་ཏང་གི་ཚོགས་མི་ཞིག་གིས་ཆོས་ལུགས་དད་མོས་བྱས་ན་གཞམས་བསྒོ་དང་གསོལ་བ་ལས་ཀྱི་ཆོ་ག་སོགས་ལ་བརྟེན་ནས་ཕྱིར་བཅོས་བྱས་ཏེ་ཆོས་ལུགས་དད་མོས་རྒྱུད་ནས་སྤོང་དགོས་ཤིང་མ་སྤངས་ན་ཏང་གི་ཚོགས་པ་ནས་དཕྱུང་དགོས་ཞེས་ཁ་གསལ་བོར་གཏན་ལ་ཕབས། གཙོ་འཛིན་ཞིས་ཀྱིས་ཀྱང་རྒྱལ་ཡོངས་ཀྱི་ཆོས་ལུགས་ཚོགས་འདུའི་སྟེང་དུ་གུང་ཁྲན་ཏང་ཡོན་ཞིག་ཡིན་ན་ཆོས་ལུགས་ཀྱི་ནང་ནས་རང་གི་རིན་ཐང་དང་དད་མོས་རྩ་བ་ཉིད་ནས་འཚལ་མི་ཆོག་ཅེས་བསྒོས། 

འོ་ན། གུང་ཁྲན་ཏང་ཡོན་ཞིག་ཡིན་ན་དགོན་པར་མཆོད་མཇལ་དང་ཆོས་ལུགས་བྱེད་སྒོ་སོགས་སུ་གཏན་ནས་འགྲོ་མི་ཆོག་པ་ཞིག་ཨེ་རེད་ཅེ་ན། དེ་ལྟ་བུ་ཞིག་མ་རེད་སྙམ། ཆོས་ལུགས་དད་པ་ལ་དངོས་པོ་དང་བསམ་པའི་ཡན་ལག་གཉིས་ངེས་པར་དུ་ཚང་དགོས་པས། དེ་གཉིས་གང་རུང་མ་ཚང་ན་ཆོས་ལུགས་དད་པ་མཚན་ཉིད་མི་འགྲུབ། ཁ་ཆེ་ལྷ་ཁང་ལ་ཕྱིན་ཙམ་དང་ཡེ་ཤུའི་དམ་ཆོས་བཀླགས་ཙམ་གྱིས་ཆོས་ལུགས་དེ་དག་ལ་དད་མོས་བྱས་སོ་ཞེས་བདོ་ན་མི་འགྲིག་པ་ལྟ་བུའོ། དེ་བཞིན་ཏུ་ནང་ཆོས་ལ་དད་མོས་བྱེད་མཁན་ཞིག་ཡིན་ན་སྐྱབས་འགྲོ་བསླབ་བྱ་སོགས་ཁསབླགས་ཏེ་ལུས་ངག་ཡིད་གསུམ་གྱིས་ནང་ཆོས་གཞུངལུགས་དང་ཡང་ན་ཆོ་ག་ལ་དད་པ་རྩེ་གཅིག་བྱེད་པ་ཞིག་ཡིན་དགོས་པས་ལྷ་ཁང་ནང་དུ་འཛུལ་ཙམ་དང་སྲོལ་རྒྱུན་ལྟར་མཆོད་མེ་བསྒྲོན་ཙམ་གྱིས་ནང་ཆོས་ལ་དད་པ་བྱེད་པར་བསྒྲུབ་མི་ཐུབ། དེའི་ཕྱིར་ཆོས་ལུགས་དད་མོས་དང་ཆོས་ལུགས་བྱེད་སྒོར་ཟུར་ཞུགས་འདི་གཉིས་ངེས་པར་དུ་སོ་སོར་དབྱེ་དགོས། ༡༩༩༡་ལོའི་ཟླ་དང་པོའི་ཚེས་༢༨་ཉིན། ཀྲུང་གུང་ཀྲུང་དབྱང་གི་རྩ་འཛུགས་པུའུ་ཡིས་སྤེལ་བའི་ ༼བདེ་བླག་ངང་གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་དད་མོས་གནད་དོན་ཐག་གཅོད་པའི་བརྡ་ཁྱབ།༽《关于妥善解决共产党员信仰宗教问题的通知》གྱི་དོན་ཚན་གཉིས་པ་ནང་དུ་ཆོས་ལུགས་དད་མོས་ཁྱབ་བརྡལ་དུ་སོང་བའི་གྲངས་ཉུང་མི་རིགས་འདུས་བསྡོད་ཀྱི་ས་ཁུལ་དུ། ཏང་ཡོན་གྱིས་ཆོས་ལུགས་དད་མོས་དང་ཏང་ཡོན་མི་རིགས་དེའི་ཡུལ་ཆོས་གཤའ་མའི་བྱེད་སྒོར་ཞུགས་པ་གཉིས་སོ་སོར་ཕྱེ་དགོས། མང་ཚོགས་དང་ཁ་མི་འབྲལ་བའི་ཆེད་དང་། རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་དང་ཟུར་ཞུགས་ཀྱི་ཀུན་སློང་གིས་སྲོལ་རྒྱུན་གྱི་གཉེན་སྟོན་དང་གཤིན་མཆོད་ལ་སོགས་པའི་ཆོ་ག་དང་མང་ཚོགས་རང་བཞིན་ཅན་གྱི་དུས་སྟོན་སོགས་ལ་ཞུགས་ན། དེ་ལ་ཆོས་ལུགས་དད་མོས་བྱས་སོ་ཞེས་ངོས་འཛིན་བྱེད་མི་རུང་ཞེས་གཏན་དབབ་བྱས། 在信教比较普遍的少数民族聚居地区,要把党员信教同参加某些纯属民族风俗活动区别开来。对于为了不脱离群众,尊重和随顺本民族的风俗习惯,参加一些传统的婚丧仪式和群众性节日活动,不应视为信仰宗教或参加宗教活动。 འདིས་ཀྱང་རང་མི་རིགས་ཀྱི་སྲོལ་རྒྱུན་དང་གོམས་གཤིས་ལྟར་མང་ཚོགས་རང་བཞིན་ཅན་གྱི་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་པ་ཙམ་གྱིས་ཆོས་ལུགས་དད་མོས་བྱས་སོང་ཞེས་སྒྲོ་སྐུར་བྱས་ན་མི་རུང་བ་བསྟན། གུང་ཁྲན་ཏང་ཡོན་ལྷ་ཡོད་སྨྲ་བའམ་ཆོས་ལུགས་ཀྱི་ཤན་ཤུགས་འདྲེས་པའི་འདུ་ཚོགས་སུ་ཞུགས་པ་དེ་བོད་རིགས་དང་གྲངས་

Image result for 清明节许世友墓地
གུང་ཁྲན་ཏང་ཡོན་དང་དམག་དཔོན་ཆེན་མོ་ཞའུ་ཧྲུ་ཡིག་(许世友)གི་བང་སོ་ལ་ཆང་བཟང་མའོ་ཐེད་(茅台)ཀྱིས་མཆོད་པ།

ཉུང་མི་རིགས་ཁོ་ནར་ཡོད་པའི་སྣང་ཚུལ་ཞིག་མིན་པར་རྒྱ་རིགས་ལ་མཚོན་ནའང་འདི་ལྟ་བུའི་ལུགས་སྲོལ་ཡོད། དཔེར་ན། རྒྱ་རིགས་ཀྱི་སྲོལ་རྒྱུན་ནང་འདས་པོ་རྗེས་དྲན་གྱི་དུས་མཆོད་(清明节)ཅེས་པ་ཞིག་ཡོད་པ་དང་དུས་མཆོད་དེའི་སྐབས་སུ་གུང་ཁྲན་ཏང་ཡོན་འདུས་པའི་རྒྱ་རིགས་པ་མང་བོ་རང་ཁྱིམ་ལ་དབང་བའི་དུར་དང་བང་སོ་སོགས་ཀྱི་མདུན་དུ་ལྷགས་ཏེ་འདས་པོ་རྗེས་དྲན་གྱི་ཆེད་དུ་ཤོག་སྒོར་བསྒྲོན་པ་དང་འཁྱག་ཟས་ཟ་བ། བང་སོར་ཕྱག་འཚལ་བ་དང་ཟས་ཆང་མཆོད་པ་ལ་སོགས་པའི་ཆོ་ག་སྣ་ཚོགས་བྱེད་སྲོལ་ཡོད། བྱེད་སྒོ་འདི་རིགས་ཀྱང་གུང་ཁྲན་ཏང་གི་བཅའ་ཡིག་གིས་བཀག་མེད་པ་མ་ཟད་གུང་ཁྲན་ཏང་ཡོན་བྱེད་སྒོ་དེ་རིགས་ལ་ཟུར་ཞུགས་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་རེ་འགའ་ཡང་གཏན་འཁེལ་བྱས་ཡོད་པ་གུང་ཁྲན་ཏང་ཡོན་གྱི་དྲ་རྒྱ་ན་གསལ། http://news.12371.cn/2016/03/31/ARTI1459356867055858.shtml

དེས་མི་ཚད་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་བ་ལུསཕུན་(李鹏)གྱི་བུ་མོ་ལུས་ཞའོ་ལིན་(李小琳)ཡང་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། མོ་ནང་ཆོས་ལ་ཞུགས་ཤིང་མིང་ལའང་དགའ་ལྡན་དབྱངས་ཅན་མཚོ་མོ་ཞེས་བཏགས། ཉེ་ཆར་མོའི་ཕ་རྒན་བཀྲོངས་རྗེས་མོས་དགེ་འདུན་པ་གདན་དྲངས་དེ་ཕ་རྒན་ལ་འཕོ་ཆོས་དང་རིམ་གྲོ་སོགས་བསྒྲུབས་པ་དྲ་རྒྱ་དང་གསར་ལམ་སོགས་ནས་མཐོང་ཐུབ། མོ་ད་བར་བརྒྱུད་གཅིག་ལམ་གཅིག་གི་ལས་ཚན་ཞིག་གི་འགན་འཛིན་གཙོ་བོ་ཡིན།

གུང་ཁྲན་ཏང་ཡོན་དགའ་ལྡན་དབྱངས་ཅན་མཚོ་མོ།

ཕྱུག་བདག་མཱ་ཡོང་(马云)་ཁོ་ཡང་གུང་ཁྲན་ཏང་ཡོན་ཡིན་པ་མ་ཟད ནམ་རྒྱུན་ནང་ཆོས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་ལ་ཟུར་ཞུགས་བྱེད་གིན་ཡོད། དཔེར་ན་༢༠༡༥་ཁོང་བཟའ་ཟླ་གཉིས་རྒྱལ་མཆོག་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཞབས་ལ་དུད་་པ་ལྟ་བུ། མཱ་ཡོང་དང་ལུས་ཞའོ་ལིན་སོགས་གུང་ཁྲན་ཏང་ཡོན་ཡིན་པའི་ཆ་ནས་དགོན་པ་ནང་དུ་འགྲོ་ཆོག་པ་མ་ཟད་ཞབས་རིམ་བགྱིས་ཆོག་པ་འདིས་ཀྱང་ཏང་གིས་མི་རིགས་སྲོལ་རྒྱུན་ཏུ་གྲུབ་པའི་འདུ་ཚོགས་དང་བྱེད་སྒོར་གུང་ཁྲན་ཏང་ཡོན་ཞུགས་ན་མི་སྐྱོན་པའི་བསྟན་བྱ་བསྟན་པ་མིན་ནམ། ཁྲིམས་སྐྱོང་གི་དུས་སྐབས་སུ་ཁས་འཆེ་བའི་དེང་འདིར་མི་ཚང་མ་ཁྲིམས་ཀྱི་མདུན་ནས་འདྲ་མཉམ་ཡིན་ན། བོད་རིགས་ཏང་ཡོན་ཡང་ཆོསལུགས་བྱེད་སྒོར་ཞུགས་ཏེ་སྲོལ་རྒྱུན་གྱི་རིམ་གྲོ་བསྐྱངས་ན་ཅི་ལ་མི་འགྲིག 

གུང་ཁྲན་ཏང་ཡོན་མཱ་ཡོང་།

མདོར་ན། རྩ་ཁྲིམས་ནང་སྤྱི་དམངས་ལ་ཆོས་དད་རང་དབང་དང་ཐོབ་ཐང་ཡོད་ཅེས་བཅས་པ་དེ་ལས་སྤྱི་དམངས་ཀྱི་ཁྱབ་ཁོངས་སུ་འདུས་པའི་གུང་ཁྲན་ཏང་གི་ཚོགས་མི་ཐམས་ཅད་ལ་ཆོས་དད་རང་དབང་དང་ཐོབ་ཐང་ཡོད་པ་སྨྲོས་མེད་ཡིན་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་ལྔའི་སྐབས་སུ་གུང་ཁྲན་ཏང་གིས་ངེས་བར་དུ་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལས་དོན་སྒྲུབ་དགོས་ཞེསཁྱབ་བསྒྲགས་བྱས་པ་དང་། ཞིས་ཅིན་ཕུན་གྱིས་ཏང་གིས་མི་མང་འགོ་ཁྲིད་དེ་རྩ་ཁྲིམས་དང་ཁྲིམས་ལུགས་བཅས་ཤིང་། ཏང་གིས་མི་མང་འགོ་ཁྲིད་དེ་རྩ་ཁྲིམས་དང་ཁྲིམས་ལུགས་ལག་བསྟར་བྱེད་དགོས། ཏང་རང་སྟེང་ནས་ངེས་པར་དུ་དུ་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་བཅས་མཚམས་ནང་བྱ་འགུལ་སྤེལ་དགོས། 党领导人民制定宪法和法律,党领导人民执行宪法和法律,党自身必须在宪法和法律范围内活动,ཞེས་པའི་ལམ་སྟོན་ལྟར་ན། གུང་ཁྲན་ཏང་ལ་ཁྲིམས་ཀྱི་ངོས་འཐད་ནས་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པ་གདོན་མི་ཟ་མོད། འོན་ཀྱང་ད་ལྟའི་གནས་སྐབས་སུ་གུང་ཁྲན་ཏང་ཡོན་ལ་ཆོས་དད་རང་དབང་དང་ཐོབ་ཐང་ཡོད་ཅེས་བཤད་ས་མི་འགྲོ་བས། གུང་ཁྲན་ཏང་གིས་གཏན་དབབ་བྱས་པའི་བཅའ་ཡིག་དང་སྒྲིག་ལམ་ལྟར་གུང་ཁྲན་ཏང་ཡོན་དམངས་ཁྲོད་ཀྱི་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་ན་ཆོག་པའི་དམིགས་བསལ་ཡོད་པ་དེ་འདིར་གསལ་འདེབས་ཙམ་གྱི་ཚུལ་དུ་བྲིས།