ཁང་ཁྱིམ་གྱི་ཐོབ་ཐང་ནི་རྩ་ཁྲིམས་ཀྱིས་བཅས་པའི་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཏུ་གྲུབ་པས་རྒྱལ་ཁབ་མང་ཆེ་བས་ཁྲིམས་སུ་བཅོས་ཏེ་ཐོབ་ཐང་དེ་ལ་སྲུང་སྐྱོབ་བྱེད་ཅིང་། ལྷག་པར་དུ་ཁྲིམས་སྐྱོང་གི་ཆུ་ཚད་དང་ལག་ལེན་བཟང་པོ་ཡོད་པའི་རྒྱལ་ཁབ་དག་གི་སྲིད་གཞུང་གིས་དེའི་སྤྱི་དམངས་ཀྱི་ཁང་ཁྱིམ་ནི་སྤྱི་དམངས་ཀྱི་བཙན་རྫོང་ལྟར་བརྩིས་ནས་རང་དགར་དེའི་ནང་དུ་མི་འཛུལ་བའི་གོམས་གཤིས་དང་ལག་ལེན་ཞིག་ཏུ་ཆགས དབྱིན་ཇིའི་རྒྱལ་ཁབ་ལྟར་བུར་མཚོན་ན་དུས་རབས་བཅོ་བརྒྱད་པ་ནས་བཟུང་སྟེ་ཡུལ་མི་ཕལ་བ་ཞིག་གི་ཁྱིམ་ཤག་ཏུ་རྒྱལ་པོའི་དམག་ཡིན་ཡང་རང་དགར་འཛུལ་མི་ཆོག་པའི་གཏམ་དཔེ་བྱུང་ཡོད་། དེའི་ཕྱིར་ཁང་ཁྱིམ་དང་བསྡོད་གནས་བདེ་འཇགས་ཀྱི་ཐོབ་ཐང་(居住安宁权)ནི་སྤྱི་དམངས་ཤིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་ཞིང་མེད་དུ་མི་རུང་བའི་ཐོབ་ཐང་ཞིག་ཡིན། 

རྩ་ཁྲིམས་ཀྱི་དོན་ཚན་༣༩་ཡི་ནང་། སྤྱི་དམངས་ཀྱི་ཁང་ཁྱིམ་ནང་མི་གཞན་བཙན་གྱིས་འཛུལ་མི་ཆོག་པ་དང་། ཁྲིམས་འགལ་གྱིས་འཛུལ་དེ་བསྔོག་བཤེར་ལ་སོགས་པ་གཏན་ནས་མི་ཆོག་པའི་གཏན་འབེབས་བྱས། མི་གཞན་གྱི་ཁང་ཁྱིམ་ཐོབ་ཐང་ནི་ཁྲིམས་ཀྱི་བསྲུང་བྱའི་ཐོབ་ཐང་ཡིན་པས་དེའི་ནང་ལ་ཆོག་མཆན་མེད་པར་རང་འདོད་ཀྱིས་འཛུལ་མི་ཆོག ཁྲིམས་འགལ་གྱིས་གཞན་གྱི་ཁང་ཁྱིམ་དུ་བཙན་གྱིས་འཛུལ་བའི་སྦྱོར་བ་ལ་རྣམ་པ་འདི་དག་མཆིས། 

མི་གཞན་གྱི་ཆོག་མཆན་དང་འདོད་མོས་ཡོད་མེད་ལ་མ་ལྟོས་པར་མི་དེའི་ཁང་ཁྱིམ་དུ་འཛུལ་བའམ། ཡང་ན་ཁྱིམ་བདག་དང་ཁང་བ་གླས་པ་ལ་སོགས་པའི་རུང་མཐུན་གྱི་འབྲེལ་བ་ཅི་གང་མེད་པའི་གང་ཟག་ག་གེ་མོ་ཞིག་ལ་ཁྱིམ་བདག་གིས་ཁོང་གི་ཁྱིམ་ལས་བསྡད་མི་ཆོག་པར་ཕྱིར་ཐོན་དགོས་པའི་ལུས་ངག་གི་བརྡ་བསྟན་པའི་རྗེས་སུ་མི་དེས་ད་དུང་ཤེས་བཞིན་དུ་ཁྱིམ་དེ་ལས་ཕྱིར་མ་བུད་པར་འདུག་པའི་སྦྱོར་བ་འདི་དག་ནི་དེའི་རྣམ་པ་ཡིན། སྦྱོར་བ་འདི་རིགས་ནི་སྤྱི་ཚོགས་བདེ་སྲུང་དོ་དམ་ཆད་གཅོད་ཀྱི་ཁྲིམས་(治安管理处罚法)ལ་འགལ་ཡོད་པས་སྲིད་འཛིན་ཆད་པ་གཅོད་རུང་གི་སྦྱོར་བ་ཡིན། ཁྲིམས་དེའི་དོན་ཚན་༤༠་ཡི་ནང་དུ། ཁྲིམས་འགལ་གྱིས་མི་གཞན་གྱི་ཁྱིམ་ཚང་དུ་འཛུལ་ན་འཛུལ་བ་བོར་ཉིན་བཅུའི་ཡན་དང་ཉིན་བཅོ་ལྔའི་མན་གྱི་བཀག་ཉར་དང་སྒོར་༥༠༠འམ་ཡང་ན་༡༠༠༠་མན་གྱི་སྒོར་ཆད་གཅོད་དགོས་ཤིང་། གནས་ཚུལ་ཚབས་ཆུང་བ་ཡིན་ན་སྦྱོར་བ་བོ་ལ་ཉིན་ལྔའི་ཡན་དང་ཉིན་བཅུའི་མན་གྱི་བཀག་ཉར་དང་སྦྲགས་སྒོར་༢༠༠་ཡན་ནས་༥༠༠་མན་གྱི་ཆད་པ་གཅོད་དགོས་ཞེས་གཏན་དབབ་བྱས་པ་ལྟར་རོ། དེའི་མི་ཚད་ཁྲིམས་འགལ་གྱིས་གཞན་གྱི་ཁང་ཁྱིམ་ལ་འཛུལ་བའི་སྦྱོར་བ་དེ་ཉེས་ཁྲིམས་ལའང་འགལ་ཡོད་པས་ཉེས་ལྟུང་གི་སྦྱོར་བ་ཞིག་ཏུའང་གྲུབ། ཉེས་ཁྲིམས་ཀྱི་དོན་ཚན་༢༤༥་ཡི་ནང་དུ། ཁྲིམས་འགལ་གྱིས་གཞན་གྱི་ཁང་ཁྱིམ་དུ་འཛུལ་ན་སྦྱོར་བ་བོ་ལ་ལོ་གསུམ་མན་གྱི་དུས་བཅད་བཙོན་འཇུག་དང་ཡང་ན་བཀོལ་བཙོན་ཉེས་ཆད་(拘役)གཅོད་དགོས་ཞེས་གཏན་ལ་ཕབ་ཅིང་། གལ་ཏེ་ཁྲིམས་འཛིན་མི་སྣ་དེ་སྦྱོར་བ་བོ་ཡིན་ན་དེ་ལ་ཆད་པ་ལྕི་མོ་གཅོད་དགོས་ཞེས་ནན་བཅས་ཀྱང་བྱས། 

ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་པ་རྣམས་སྤྱི་དམངས་ཀྱི་འཚོ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་གཏན་ལ་ཕབ་ཡོད་པའི་ཁྲིམས་འདི་དག་བཤིག་པར་དགའ། སྤྱིར་ཉེན་རྟོག་པ་ལ་ཉེས་དོན་རྩད་གཅོད་ཀྱི་ཆེད་དུ་མི་གཞན་གྱི་ཁང་ཁྱིམ་ལ་ཁྱིམ་བདག་གི་ཆོག་མཆན་མེད་པར་འཛུལ་ནས་གཏམ་འདྲི་བའམ་བསྔོག་བཤེར་བྱེད་རྒྱུའི་དབང་ཐང་དམིགས་བསལ་ཡོད་ཀྱང་། ཉེན་རྟོག་པས་དབང་ཐང་དེ་དག་བཀོལ་སྤྱོད་བྱས་ཏེ་གཞན་གྱི་ཁང་ཁྱིམ་ལ་འཛུལ་དགོས་ན་འགྲོ་ལུགས་ཆ་ཚང་བསྒྲུབས་ཚར་བའི་རྗེས་སུ་ད་གཟོད་གཞན་གྱི་ཁང་བའི་ནང་འཛུལ་ཆོག སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་གྱོད་གཞིའི་འགྲོ་ལུགས་སྒྲུབ་སྟངས་ཀྱི་གཏན་དབབ་(公安机关办理刑事案件程序规定)ནང་དུ་ཉེན་རྟོག་པ་ཞིག་ཁྱིམ་ཚང་ཞིག་ལ་སོང་སྟེ་ཉེས་དོན་ཐད་ཀྱི་སྐད་ཆ་འདྲི་བའམ་བསྔོག་བཤེར་སོགས་བྱེད་དགོས་ན་ཐོག་མར་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་དང་ལས་དོན་དོ་དམ་གྱི་དཔོན་པོས་མིང་རྟགས་འཁོད་པའི་སྐད་ཆ་དྲིས་ཆོག་པ་དང་བསྔོག་བཤེར་གྱི་ཆོག་མཆན་ཡི་གེ་བླངས་པའི་རྗེས་ལ། ཡི་གེ་དེ་ཁྱིམ་བདག་ལ་མངོན་པར་བསྟན་ནས་གསལ་བཤད་བྱས་པའི་རྗེས་སུ་མི་དེའི་་ཁྱིམ་དུ་འཛུལ་ཆོག་ཅེས་གཏན་འཁེལ་བྱས་ཡོད། ཉེན་རྟོག་པས་བརྒྱུད་རིམ་དེ་དག་མ་བརྒྱུད་པར་ཉེས་དོན་རྩད་གཅོད་ཀྱི་མིང་བཟུང་སྟེ་ཡི་གེ་མེད་པར་མི་ཁྱིམ་ལ་འཛུལ་ན་ཉེས་ཁྲིམས་ལ་འགལ་ཡོད་པ་མ་ཟད་ཉེས་ཆད་ཀྱང་ལྕི་བར་གཅོད་དགོས། དེ་མིན་ཉེས་དོན་བརྩད་གཅོད་ལ་འབྲེལ་བ་མེད་པའི་གཞུང་གི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པ། གྲོང་ཁྱེར་གྱི་ཁང་ཐོག་དངོས་རྫས་དོ་དམ་པ་སོགས་པ་ཁྱིམ་བདག་གི་མོས་མཐུན་མེད་པར་མི་ཁྱིམ་ལ་འཛུལ་བའི་དབང་ཐང་མེད། 

ཁྲིམས་འགལ་བསྔོག་བཤེར་གྱི་ཉེས་པ་ཞེས་པ་ནི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པར་མི་གཞན་གྱི་ལུས་དང་ཁང་ཁྱིམ་བཅས་ལ་བསྔོག་བཤེར་བྱས་པ་ལས་བསྐྱེད་པའི་སྦྱོར་བ་ཞིག་ལ་གོ ཉེས་དོན་གཏུག་བཤེར་གྱི་ཁྲིམས་དང་ཁྲིམས་ལུགས་གཞན་གྱི་བཅས་པ་ལྟར་ན། བསྔོག་བཤེར་གྱི་དབང་ཐང་ལྡན་པའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་སོགས་ཀྱི་མི་སྣས་ཁྲིམས་ཀྱི་འགྲོ་ལུགས་ལྟར་བསྔོག་བཤེར་བྱས་ཆོག་པ་ལས། བསྔོག་བཤེར་གྱི་དབང་ཐང་མེད་པའི་ལས་ཁུངས་དང་། ཚོགས་པ། ལས་བྱེད་མི་སྣ་བཅས་ཀྱིས་གཞན་གྱི་ལུས་པོ་དང་ཁང་ཁྱིམ་ལ་བསྔོག་བཤེར་བྱས་ན་ཁྲིམས་འགལ་ཡིན། ཉེན་རྟོག་པས་བསྔོག་བཤེར་བྱེད་སྐབས་ལས་ཁུངས་ཀྱི་ཆོག་མཆན་ཡི་གེ་ལེན་དགོས་ཤིང་ཡི་གེ་དེའི་སྟེང་ལ་ལས་ཁུངས་ཀྱི་འགན་འཛིན་ཀྱི་མིང་རྟགས་ཀྱང་ཡོད་པའི་འགྲོ་ལུགས་བསྒྲུབ་དགོས། ཁྲིམས་འགལ་གྱིས་བསྔོག་བཤེར་གྱི་ཉེས་ཆད་བཅད་པ་ནི་སྦྱོར་བ་བོའམ་ཉེས་པ་བསག་མཁན་ལ་ལོ་གསུམ་མན་གྱི་དུས་ཅན་བཙོན་འཇུག་དང་བཀོལ་བཙོན་གྱི་ཆད་པ་གཅོད་དགོས་པ་ཉེས་ཁྲིམས་སུ་གསལ། ཁྲིམས་འཛིན་མི་སྣས་རང་གི་དབང་ཆ་ལོག་པར་སྤྱད་དེ་ཁྲིམས་འགལ་གྱིས་བསྔོག་བཤེར་བྱས་ཏེ་ཉེས་ལྟུང་བསྐྱེད་ན་དེ་ལ་ཉེས་ཆད་ལྕི་མོ་གཅོད་དགོས་ཞེས་གཏན་འཁེལ་ཡང་བྱས་ཡོད། དབང་ཆ་ལོག་སྤྱོད་ཅེས་པ་ནི་ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་ལས་བྱེད་པས་རང་གི་དབང་ཆའི་མཚམས་ལས་འདའ་སྟེ་ལས་དོན་བསྒྲུབས་པའམ། ཡང་ན་ལས་འགན་དང་ལས་ཁུངས་ཀྱི་འགྲིག་ལམ་དང་དབང་ཚད་ལས་འགལ་ཏེ་གཞུང་དོན་སྒྲུབ་པ་ལ་གོ