རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་ལ། 

                                           ཆེད་དུ་ཞུ་རྒྱུར། 

ཏོག་དབྱིབས་ནད་ཡམས་འཇགས་པ་དང་སྦྲགས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཁག་གིས་ཀྱང་སློབ་ཁྲིད་བྱེད་པའི་འགོ་བརྩམས། འོན་ཀྱང་བོད་ཁུལ་གྱི་ས་ཆ་ལ་ལའི་སློབ་གསོ་ལས་ཁུངས་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ལ་འགལ་བའི་སློབ་གསོའི་སྒྲིག་སྲོལ་བཅས་ཏེ་ལག་བསྟར་བྱ་འཆར་འདུག་ཅིང་། ཉེ་ཆར་རྔ་བ་ཁུལ་སློབ་གསོ་ལས་ཁུངས་ཀྱིས་སློབ་གསོའི་ཚོགས་འདུ་ཞིག་བསྐངས་ཏེ་༢༠༢༠་ལོའི་ལོ་མཇུག་ནས་བཟུང་ཁུལ་དེའི་བོད་རིགས་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་སྐད་ཡིག་མ་གཏོགས་སློབ་ཚན་གཞན་ཐམས་ཅད་རྒྱའི་སྐད་ཡིག་གིས་སློབ་ཁྲིད་བྱེད་པའི་སློབ་ཁྲིད་ཐབས་ལམ་གཉིས་པ་བསྟེན་དགོས་ཞེས་ཚོགས་ཞུགས་དགེ་རྒན་རྣམས་ལ་བཀའ་ཞིག་བསྒྲགས། གནས་ཚུལ་དེ་ཐོས་འཕྲལ་རྔ་བ་དང་བོད་ཀྱི་ས་ཁུལ་མང་པོའི་དགེ་སློབ་དང་མང་ཚོགས་ཀྱིས་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་དྲག་བསྟན། དྲ་ཐོག་ཏུ་དེའི་སྐོར་ལ་བཀྲམས་པའི་བསམ་ཚུལ་བསྡུ་ལེན་ཞིག་གི་ནང་དུ་མི་ཉིས་ཁྲི་བདུན་སྟོང་ཉིས་བརྒྱ་ལྷག་གིས་བོད་སྐད་ཡིག་གིས་སློབ་ཁྲིད་བྱེད་རྒྱུའི་སློབ་ཁྲིད་ཐབས་ལམ་དང་པོ་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་འདུག་ཅིང་། མི་སུམ་བརྒྱ་ཙམ་གྱིས་དེ་ལ་ངོ་རྒོལ་གྱི་འོས་ཤོག་འཕངས་འདུག་པའི་འབྲས་བུ་ཐོན། དེས་ཀྱང་མང་ཚོགས་རྣམས་ཀྱིས་སློབ་ཁྲིད་ཐབས་ལམ་དང་པོ་ལ་མངོན་པར་འདོད་པ་མཚོན་ཐུབ།

མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་ཀྱང་༢༠༡༠་ལོར་དེའི་མངའ་འོག་གི་བོད་རིགས་རང་སྐྱོང་ཁུལ་དྲུག་དུ་སློབ་གསོའི་ཐབས་ལམ་གཉིས་པ་དེ་ལག་བསྟར་བྱེད་དགོས་པའི་བཀའ་ཁྱབ་བསྒྲགས་མཐར། མཚོ་སྔོན་གྱི་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་པ་སོགས་ཀྱིས་དེ་ལ་སྐྱོན་བརྗོད་བྱས་པས་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་བཀའ་ཁྱབ་ཕྱིར་བསྡུ་བྱེད་དགོས་བྱུང་། ན་ནིང་མགོ་ལོག་ཁུལ་གྱི་སློབ་གསོའི་ལས་ཁུངས་ཀྱིས་མགོ་ལོག་ཁུལ་རང་སྐྱོང་སྲོལ་ཡིག་དང་མངོན་གསལ་དུ་འགལ་བའི་སློབ་ཁྲིད་ཐབས་ལམ་གཉིས་པ་མགོ་ལོག་མི་མང་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཙན་གྱིས་ལག་བསྟར་བྱེད་དགོས་པའི་ཐག་གཅོད་བྱས་པ་དེ་ལ་ཡང་མགོ་ལོག་ཁུལ་ལ་སོགས་པའི་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་དྲག་བྱས། མདོར་ན། བོད་ཁུལ་གྱི་སློབ་གསོ་ལས་ཁུངས་དང་དེའི་གོང་རིམ་པའི་སྲིད་འཛིན་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་ལ་ཁ་་གཡར་ཏེ་བཙན་དྲག་གིས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་གྲངས་ཀ་མང་པོ་ཟིན་པའི་སློབ་གྲྭ་ཆུང་འབྲིང་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་སློབ་ཚན་ཡོངས་རྫོགས་ཁྲིད་དགོས་པའི་ས་གནས་སྲིད་ཇུས་སྤེལ་ཏེ་མི་རབས་དུ་མས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་རིགས་སྲིད་ཇུས་ལ་བསྟེན་ནས་བསྐྲུན་པའི་མི་རིགས་ས་ཁུལ་གྱི་སློབ་གསོའི་སྒྲོམ་གཞི་དང་ཐོན་ཁུངས་བཟང་པོ་དག་འཕྲོ་བརླག་ཏུ་བཏང་བ་མ་ཟད། བོད་རིགས་སློབ་མའི་རྒྱུད་ལ་དེང་དུས་ཀྱི་ཤེས་ཡོན་དང་ཀུན་སྤྱོད་བདེ་བླག་ཏུ་འབྱོར་ནས་འཚར་ལོངས་བྱུང་བ་ལ་གེགས་དང་བར་ཆད་བརྗོད་ལས་འདས་པ་བཟོས། སློབ་ཁྲིད་ཐབས་ལམ་དང་པོའི་དགེ་མཚན་དང་ཐབས་ལམ་གཉིས་པའི་ཉེས་དམིགས་ཀྱི་སྐོར་ལ་བོད་ཁུལ་གྱི་སློབ་གསོ་ཞིབ་འཇུག་པ་གྲགས་ཅན་ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་བརྩམས་པའི་ཆེད་རྩོམ་དུ་གསལ་བོར་བྲིས་པ་དེར་གཟིགས་རོགས། རྔ་བ་ཁུལ་སློབ་གསོ་ལས་ཁུངས་ཀྱིས་སློབ་ཁྲིད་ཐབས་ལམ་གཉིས་པར་བསྒྱུར་དགོས་པའི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་གཅིག་ནི་རྔ་བ་ཁུལ་གྱི་བོད་སྐད་ཡིག་གི་སྲོལ་ཡིག་ཅེས་བྱ་བའི་དོན་ཚན་བརྒྱད་པ་དེ་ཡིན་པ་དང་། ངས་བསམ་ན་དོན་ཚན་དེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་རྩ་བའི་རྩ་དོན་ལ་འགལ་ཡོད་པས། ངས་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༠་པའི་ཚན་པ་༢་པས་སྤྱི་དམངས་ལ་བསྩལ་བའི་ཐོབ་ཐང་གཞིར་བཟུང་སྟེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་བ་ཁུལ་གྱི་བོད་སྐད་ཡིག་གི་སྲོལ་ཡིག་ལ་བྱི་དོར་བྱེད་དགོས་པའི་བསམ་འཆར་བཏོན་པ་ཡིན།

དོན་དངོས་དང་རྒྱུ་མཚན།

༢༠༡༧་ལོའི་ཟླ་༡༢་པའི་ཚེས་༢༩་ཉིན། རྔ་བ་ཁུལ་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུའི་སྟེང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་སྲོལ་ཡིག་ལ་གྲོས་འཆམ་བྱུང་། གཤམ་དུ་སྲོལ་ཡིག་དེ་ལ་རྔ་བའི་སྲོལ་ཡིག་ཅེས་བསྡུས་མིང་གིས་བརྗོད་པར་བྱ། ༢༠༡༨་ལོའི་ཟླ་༧་པའི་ཚེས་༢༦་ཉིན། ཟི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་ཐེངས་ལྔ་བའི་ཚོགས་འདུའི་སྟེང་རྔ་བའི་སྲོལ་ཡིག་ལ་ཆོག་མཆན་སྤྲད་ཅིང་ལོ་དེའི་ཟླ་༩་བའི་ཚེས་༡་ཉིན་ནས་བཟུང་སྟེ་ལག་བསྟར་གྱི་འགོ་བརྩམས། རྔ་བའི་སྲོལ་ཡིག་གི་དོན་ཚན་བརྒྱད་པའི་ནང་གི་༼སློབ་ལོ་སྔོན་གྱི་སློབ་གསོ་ཐད་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གིས་སྐད་ཡིག་དང་སྒྱུ་རྩལ། བདེ་ཐང་དང་སྤྱི་ཚོགས། ཚན་རིག་བཅས་ཀྱི་སྐད་གཉིས་སློབ་གསོ་སྤེལ་ན་ཆོག་པ་དང་། བོད་རིགས་འདུས་སྡོད་ཀྱི་སློབ་འབྲིང་དང་སློབ་ཆུང་དུ་ངེས་པར་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་རིགས་དང་བོད་སྐད་གཉིས་རྨང་གཞིའི་སློབ་ཁྲིད་སྐད་རིགས་སུ་འཇོག་དགོས། སློབ་གྲྭ་ཆུང་འབྲིང་གཞན་ནས་དགོས་མཁོ་ལྟར་བོད་སྐད་ཡིག་གི་སློབ་ཚན་སྤེལ་ན་ཆོག༽ཅེས་པའི་ཚན་པ་འདི་ནི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་ལ་འཕོ་འགྱུར་བཏང་བའི་དོན་ཚན་ཡིན། སློབ་ལོ་སྔོན་གྱི་བྱིས་པ་བདེ་ཐང་དང་བདེ་སྐྱིད་ཀྱི་ངང་ནས་འཚར་ལོངས་ཡོང་ཆེད་སློབ་ལོ་སྔོན་གྱི་སློབ་གསོ་སྤེལ་སྐབས་རང་གི་ཕ་སྐད་ཁོ་ན་ལ་བརྟེན་ཏེ་སློབ་གསོ་སྤེལ་བ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་རྒྱུན་འཁྱོངས་བྱས་པའི་རྩ་དོན་ཞིག་ཡིན་པ་སྟེ་ ༡༩༨༤་ལོར་གཏན་ལ་ཕབ་པའི་མི་རིགས་ས་ཁོངས་རང་སྐྱོང་སྐྱོང་ཁྲིམས་དང་༢༠༠༡་གི་ལོར་འཕར་བཅོས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་གྱིས་མཚོན་ཐུབ། དེའི་ཕྱིར་རྔ་བ་ཁུལ་གྱིས་སྐད་གཉིས་སློབ་གསོའི་དུས་མཚམས་དེ་སློབ་ལོ་སྔོན་ལ་བསྲིངས་པ་དེ་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་འགལ་ཡོད་པ་མ་ཟད་རྔ་བ་ཁུལ་གྱི་སློབ་ལོ་སྔོན་གྱི་བོད་རིགས་ཆའང་རིགས་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བ་ལ་གནོད་པ་བསྐྱེལ། དེ་བཞིན་དུ་རྔ་བའི་སྲོལ་ཡིག་གི་དོན་ཚན་བརྒྱད་པའི་ནང་གི་བོད་རིགས་འདུས་སྡོད་ཀྱི་སློབ་གྲྭ་ཆུང་འབྲིང་དུ་རྒྱལ་ཁབ་སྤྱི་སྐད་དམ་རྒྱ་སྐད་ནི་སློབ་གྲྭའི་རྨང་གཞིའི་སྐད་ཡིག་ལ་ངེས་པར་དུ་འཇོག་དགོས་ཞེས་པའི་གདམ་གསེས་རང་བཞིན་ཅན་གྱི་གཏན་འབེབས་བྱས་ཡོད་པ་དེ་ཡང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་པའི་ནང་གི་༼ གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོར་བྱས་ཏེ་བསྡུ་ལེན་བྱེད་པའི་སློབ་གྲྭའམ་འཛིན་གྲྭ ཡང་ན་སློབ་གསོ་སྤེལ་བའི་སྡེ་ཚན་གཞན་དག་དུ་ཆ་རྐྱེན་ཚང་ན་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སྟེང་ནས་བྲིས་ཡོད་པའི་སློབ་དེབ་བཀོལ་སྤྱོད་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ངག་གིས་སློབ་ཁྲིད་བྱེད་དགོས། གནས་བབ་ལ་དམིགས་དེ་སློབ་ཆུང་གི་དམའ་རིམ་འཛིན་གྲྭའམ་ཡང་ན་མཐོ་རིམ་འཛིན་གྲྭའི་ནང་དུ་རྒྱའི་སྐད་ཡིག་གི་སློབ་ཚན་བཞག་སྟེ་རྒྱལ་ཁབ་སྤྱི་སྤྱོད་ཀྱི་ཐུན་མོང་ཚད་ལྡན་སྐད་ཡིག་དར་ཁྱབ་བྱེད་དགོས།༽་ཞེས་པའི་གདམ་གསེས་མི་རུང་བའི་དོན་ཚན་དེ་ལ་འགལ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཆུ་ཚད་གོང་འཕེལ་གཏོང་བའི་ཆེད་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མངོན་གྱུར་ཡོང་བ་ལ་ཁག་ཐེག་འགན་སྲུང་བྱེད་ཆེད། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་གཙོས་པའི་སློབ་གྲྭ་དང་སློབ་གསོའི་སྡེ་ཚན་དུ་ངེས་པར་དུ་དེའི་སྐད་ཡིག་གཙོ་བོར་བཟུང་སྟེ་སྦྱང་བྱ་སློབ་ཁྲིད་དང་ཐོས་བསམ་བྱེད་དགོས་པའི་ཐུན་མིན་གྱིས་གཏན་འཁེལ་བྱས། འདི་ནི་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་རང་དབང་མངོན་གྱུར་ཡོང་ཆེད་ཀྱི་ཐབས་ལམ་ཉག་གཅིག་ཡིན་པས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རྩ་བའི་རྩ་དོན་གྱི་སྡེ་ལ་གཏོགས། དེར་བརྟེན་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་ནང་དུའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐད་ལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་གཏན་འབེབས་ལྟར་གཞི་འཛིན་བྱེད་དགོས་ཞེས་དམིགས་བསལ་བྱིན་ཡོད། དེས་ཀྱང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དག་གིས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་འདུན་པ་དེ་མཚོན། ༢༠༡༠ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་དར་སྤེལ་གྱི་འཆར་འགོད་རྩ་གནད་དང་༢༠༡༥་ལོར་གཏན་འཁེལ་བྱས་པའི་མི་རིགས་སློབ་གསོ་ཇེ་མགྱོགས་སུ་གཏོང་བ་སྐོར་གྱི་ཐག་བཅད་བཅས་པའི་ཡིག་ཆ་གཉིས་ཀྱིས་ཀྱང་བསྐྱར་དང་ཁ་ཇེ་གསལ་དུ་བཏང་སྟེ་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་སློབ་གསོ་ཐོབ་པའི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་དགོས་ཞེས་གསལ་གསལ་དག་དག་གིས་གཏན་ལ་ཕབ་པས་མི་ཚད། ཞི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་གཏན་དབབ་བྱས་པའི་སློབ་གསོ་རྩ་གནད་ནང་དུའང་རྩ་དོན་འདི་ཇི་མ་ཇི་བཞིན་ཏུ་བཀོད་ཡོད། 

ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༧༥་ཡི་ཚན་པ་༢་པའི་ནང་དུ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་དང་ཁྲིམས་ལུགས་གཞན་གྱིས་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་གསལ་གྱིས་གཏན་དབབ་བྱས་པའི་དོན་ཚན་དེ་དག་ལ་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་བཅས་ཀྱིས་འཕོ་འགྱུར་དང་འཕར་བཅོས་གཏོང་མི་ཆོག་ཅེས་པའི་གཏན་འཁེལ་ལྟར། རྔ་བའི་སྲོལ་ཡིག་གིས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་ལ་འཕོ་འགྱུར་བཏང་བ་ནི་ཁྲིམས་འགལ་གྱི་འཕོ་འགྱུར་ཡིན་པར་འདོད། རྔ་བ་རང་སྐྱོང་ཁུལ་གྱིས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྩ་དོན་ལ་སྣང་མེད་དུ་བཏང་སྟེ་རང་འདོད་ཀྱིས་ཁྲིམས་བཟོ་བ་དང་། རང་འདོད་ཀྱིས་ཁྲིམས་ལུགས་ལ་འཕོ་འགྱུར་བཏང་བའི་ནོར་འཁྲུལ་བཟོས་དང་བཟོ་བཞིན་པ་ནི་མཐོང་ཆོས་ཡིན། དཔེར་ན་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་གྱི་ཚན་པ་དང་པོའི་ནང་དུ་མི་རིགས་རང་སྐྱོང་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་དར་སྤེལ་བྱེད་དགོས་ཞེས་པའི་གཏན་འཁེལ་ཡོད་བཞིན་དུ། ༢༠༡༢་ལོར་རྔ་བ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྲོལ་ཡིག་ཅེས་བྱ་བ་གཏན་དབབ་བྱས་ཏེ་སྲོལ་ཡིག་དེའི་དོན་ཚན་ལྔ་བ་ཡི་ནང་དུ་རྔ་བ་ཁུལ་དུ་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་བྱེད་དགོས་ཞེས་འཕོ་འགྱུར་བཏང་བ་ལྟ་བུ་དེ་དང་། དེ་བཞིན་དུ་རྔ་བ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་སྲོལ་ཡིག་ལ་འཕར་བཅོས་ལན་གཉིས་བྱེད་སྐབས། རང་སྐྱོང་སྲོལ་ཡིག་ཐོག་མ་ནང་གི་བོད་རིགས་སློབ་མ་མང་ཤོས་ཡིན་པའི་སློབ་གྲྭ་ཆུང་འབྲིང་གི་ནང་དུ་བོད་སྐད་ཡིག་གཙོ་བྱས་ཏེ་སློབ་ཁྲིད་བྱེད་དགོས་པའི་དོན་ཚན་གལ་ཆེན་གཡུགས་ནས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་དུ་རྒྱ་སྐད་དང་བོད་སྐད། ཆའང་རིགས་བཅས་ཀྱི་སྐད་རིགས་ནི་སློབ་ཁྲིད་སྐད་རིགས་ཡིན་ཞེས་གསལ་ཆ་དང་ངེས་ཆ་ཅི་ཡང་མེད་པའི་གཏན་འཁེལ་ཡ་མ་བརླས་ཚབ་བྱས་པའི་དཔེ་མཚོན་འདི་དག་གིས་མཚོན་ནུས། 

མཐའ་དོན། 

གོང་དུ་བཤད་པ་ལྟར། རྩ་ཁྲིམས་ཀྱིས་རིགས་སོ་སོའི་མི་རིགས་ལ་རང་གི་སྐད་དང་ཡི་གེ་དར་སྤེལ་དང་བཀོལ་སྤྱོད་ཀྱི་རང་དབང་བསྩལ་བས། རྔ་བ་ཁུལ་གྱི་ཁྲིམས་བཟོ་དང་སྲོལ་ཡིག་བཅས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས་པ་མ་ཟད་ཚན་རིག་གི་རང་བཞིན་དང་ལུགས་མཐུན་གྱི་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྲིད་གཞུང་གི་དབང་ཚད་དང་འགན་ཁུར་གྱི་ས་མཚམས་གཏན་དབབ་བྱེད་པའི་རྩ་དོན་ལ་སྲུང་བརྩི་བྱེད་དགོས་མོད། རྔ་བ་ཁུལ་གྱིས་ཁྲིམས་བཟོ་ལྷན་ཁང་གིས་གཏན་ལ་ཕབ་པའི་རྔ་བ་སྲོལ་ཡིག་གིས་རྔ་བ་ཁུལ་གྱི་རང་སྐྱོང་མི་རིགས་ཀྱི་རང་གི་སྐད་དང་ཡི་གེ་དར་སྤེལ་དང་བཀོལ་སྤྱོད་ཀྱི་རང་དབང་ལ་བརྩི་བཀུར་བྱས་མེད་པ་མ་ཟད། རང་གི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་ཐོབ་པའི་ཐོབ་ཐང་ལ་ཁག་ཐེག་འགན་སྲུང་ཡང་བྱས་མེད། དེས་མི་ཚད་རྔ་བའི་སྲོལ་ཡིག་གི་ཁྲིམས་གོང་མར་གྱུར་པའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལའང་རྒྱབ་འགལ་དང་སྣང་མེད་དང་ཐོ་འཚམ་པའི་གནད་དོན་ཡང་ལྡན། ཁྲིམས་ལུགས་དབར་གྱི་འགལ་ཟླ་དང་འཁྲུག་འཛིང་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲོམ་གཞིའི་འཛུགས་བསྐྲུན་ལ་གནོད་པ་མ་ཟད། སྤྱི་དམངས་ཀྱི་རྩ་ཁྲིམས་ཐོབ་ཐང་ལ་གནོད་པ་སྐྱེལ་བ་གོར་མ་ཆག དེས་སྤྱི་དམངས་ཀྱི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མངོན་གྱུར་ཡོང་བ་ལ་བར་ཆད་དང་ཤན་ཤུགས་ངན་པ་ཐེབས་ངེས། རྔ་བ་སྲོལ་ཡིག་གིས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་མཚན་པའི་མི་རིགས་སློབ་གསོའི་ཁ་ཕྱོགས་ལ་རང་འདོད་དུ་འགྱུར་བ་བཏང་སྟེ་རྔ་བ་ཁུལ་གྱི་མི་རབས་དུ་མས་འཛུགས་བསྐྲུན་བྱས་པའི་མི་རིགས་སློབ་གསོའི་སྒྲོམ་གཞི་དང་ལག་ལེན་ཡང་དག་ལ་གནོད་པ་བསྐྱེལ། དེའི་རྒྱུ་མཚན་གྱིས་ངས་རྩ་ཁྲིམས་ཀྱི་དོན་ཚན་༦༧་དང་། ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༢་ཡི་ཚན་པ་༢་པ། དོན་ཚན་༩༦་དང་༩༧་བཅས་ཀྱི་གཏན་འཁེལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་བའི་སྲོལ་ཡིག་ལ་དབང་ཚད་ལས་བརྒལ་ཞིང་ཁྲིམས་གོང་མ་དང་འགལ་ཟླ་ཆགས་པའི་གནད་དོན་ལ་དག་ཐེར་གྱི་རེ་འདུན་བཏོན་པ་ཡིན། གལ་ཏེ་རྔ་བ་སྲོལ་ཡིག་ལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལ་རྒྱབ་འགལ་གྱི་གནད་དོན་ཡོད་པ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་ངེས་ཟིན་ཅིང་ཐག་ཆོད་ན། ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༧་ལྟར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་སྲོལ་ཡིག་ཅེས་བྱ་བ་དེ་ཁྲིམས་ལྟར་ཕྱིར་བསྡུ་དང་ནུས་མེད་དུ་གཏོང་རོགས་འཚལ། 

རེ་འདུན་ཞུ་མཁན་སྒྲོལ་མ་སྐྱབས་ཀྱིས་ཟླ་༤་བའི་ཚེས་༣༠་ཉིན་ལ་ཕུལ།  

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ལས་དོན་ལྷན་ཁང་ལའང་རེ་ཞུ་འདིའི་བསྐྱར་པརཞིག་་ཕུལ་རོགས་ཞུ།