དེང་སང་རོང་འབྲོག་ས་ཁུལ་མང་པོ་ཞིག་ཏུ་གཞུང་དང་གཞུང་འབྲེལ་ལས་ཁང་གིས་རོང་འབྲོག་པ་ལ་དབང་བའི་ས་ཞིང་དང་ཁང་ཁྱིམ་སོགས་སུ་གློག་སྡོང་དང་བརྡ་རྟགས་ལྕགས་སྡོང་སོགས་བཙུགས་ཏེ་ཞིང་བ་དང་འབྲོག་པའི་ཐོབ་ཐང་ལ་མངོན་ལྐོག་གཉིས་ནས་གནོད་པ་སྐྱེལ་དང་བསྐྱལ་བཞིན་ཡོད། རོང་འབྲོག་པའི་ས་ཞིང་གི་སྟེང་དུ་བརྟན་འཇགས་ཀྱི་འཛུགས་བསྐྲུན་བྱེད་དགོས་ན་ཐོག་མར་དེའི་ས་ཞིང་ལ་ཚུལ་མཐུན་གྱིས་གུན་གསབ་སྤྲད་ནས་གཞུང་སྡུད་བྱེད་དགོས་ཤིང་། ཆོ་ག་འགྲོ་ལུགས་དེ་དག་མ་བརྒྱུད་པར་རང་འདོད་ཀྱིས་

ཁོ་ཚོའི་ས་ཞིང་དང་རྩྭ་སའི་སྟེང་གློག་སྡོང་སོགས་བཙུགས་ན་རོང་འབྲོག་པའི་ཐོབ་ཐང་ལ་གནོད་པ་མ་ཟད་ཁྲིམས་ལུགས་ལའང་འགལ་ཡོད། ད་ལོ་གསར་དུ་འཕར་བཅོས་བྱས་པའི་ས་ཁྲིམས་ཀྱིས་རོང་འབྲོག་པའི་ས་ཞིང་གཞུང་སྡུད་ཀྱི་སྐོར་ལ་གཏན་འབེབས་གསར་བ་བཅས་ཡོད་པའི་དབང་གིས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཁྲིམས་ལྟར་རང་ལ་དབང་བའི་ས་ཞིང་སྲུང་སྐྱོབ་བྱས་ཏེ་ལྕགས་སྡོང་འཛུགས་མཁན་གྱི་ལག་ཏུ་སའི་གུན་ཚབ་ལེན་དགོས། གཤམ་ཏུ་ས་ཁྲིམས་གསར་བའི་གཏན་དབབ་ལྟར་གཞུང་གིས་ཞིང་ས་དང་རྩྭ་ས་གཞུང་སྡུད་བྱེད་སྐབས་ངེས་པར་དུ་བསྒྲུབ་དགོས་པའི་ཆོ་ག་འགྲོ་ལུགས་དང་བརྒྱུད་རིམ་དག་འཁོད་ཡོད། 

དང་པོ།

ས་ངོས་འཛིན།ས་ཞིང་གང་ཞིག་གཞུང་སྡུད་བྱེད་པར་ཐོག་མར་ས་ཆ་དེའི་རྫོང་ངམ་ཁུལ་རིམ་པའི་ས་གཞི་དོ་དམ་ལས་ཁུངས་ཀྱིས་གང་སྡུད་པར་བྱ་བའི་སའི་གནས་ཚུལ་རྒྱུས་ལོན་དང་ངོས་འཛིན་བྱེད་དགོས་ཤིང་། ངོས་འཛིན་བྱུང་བའི་འབྲས་བུ་དེ་ཡང་སྡེ་བའི་མང་ཚོགས་ཀྱིས་ངོས་ལེན་ཐོབ་དགོས་པ་ཞིག་ཡིན་དགོས། 

གཉིས་པ། ཁྱབ་བསྒྲགས་སྤེལ་བ།

གསར་དུ་འཕར་བཅོས་བྱས་པའི་ས་གཞི་དོ་དམ་གྱི་ཁྲིམས་ལྟར་ན། སྲིད་གཞུང་གིས་གང་སྡུད་པར་བྱ་འཆར་གྱི་སའི་གནས་ཚུལ་དང་གཞུང་སྡུད་ཀྱི་དམིགས་ཡུལ། གུན་ཚབ་སྤྲོད་པའི་ཚད་གཞི་དང་ས་ཤོར་མི་སྣར་འདུག་གནས་གཞན་ནས་སྤྲོད་པའི་འཆར་གཞི་དང་སྤྱི་ཚོགས་ཁག་ཐེག་བཅས་ཀྱི་བརྗོད་བྱ་ཚང་བའི་བརྡ་སྦྱོར་མ་མཐར་ཉིན་སུམ་ཅུའི་རིང་ལ་སྤེལ་ཏེ། ས་ཁོངས་དེའི་གཏོགས་ཡུལ་གྱི་སྡེ་བ་དང་སྡེ་དམངས་ལྷན་ཚོགས་དང་སྡེ་མི། དེ་བཞིན་དུ་ས་གཞི་དེ་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་སྣའི་བསམ་འཆར་ལ་ཉན་པ། 

གསུམ་པ། ཉན་ཚོགས་སྐོང་བ། 

གལ་ཏེ་སྡེ་དམངས་ཕལ་ཆེ་བས་ས་སྡུད་ཀྱི་གུན་ཚབ་དང་བཀོད་སྒྲིག་འཆར་འགོད་སོགས་ཁྲིམས་དང་ཁྲིམས་སྲོལ་ལ་མི་མཐུན་པར་བསམ་ན། རྫོང་ངམ་དེའི་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཉན་ཚོགས་བསྐོང་སྟེ་ཁྲིམས་དང་ཉན་ཚོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ས་སྡུད་འཆར་འགོད་ལ་འགྱུར་བ་གཏོང་དགོས། དེ་སྔོན་ཉན་ཚོགས་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་ཡིག་ཆའི་གཏན་འཁེལ་ཞིག་ཡིན་མོད་ཐེངས་འདིའི་འཕར་བཅོས་ཀྱིས་དེ་ཁྲིམས་ཀྱིས་བཅས་པའི་ཐོབ་ཐང་ཞིག་ལ་བཞག་པ་དང་། གལ་ཏེ་ས་ཤོར་མཁན་མང་པོ་ཡོད་སྐབས་དེའི་ནང་གི་མི་མང་ཆེ་བས་ས་སྡུད་འཆར་འགོད་ལ་མོས་མཐུན་མེད་ཚེ་གཞུང་གིས་ངེས་པར་དུ་ཉན་ཚོགས་བསྐང་སྟེ་འཆར་འགོད་ལ་འགྱུར་བཅོས་བྱེད་དགོས། 

བཞི་བ། ས་ཐོ་འགོད་པ། 

ས་ཞིང་སྡུད་འཆར་གྱི་བརྡ་སྦྱོར་སྤེལ་བའི་རྗེས་སུ། ས་དེ་ལ་བདག་དབང་གི་ཐོབ་ཐང་དང་བཀོལ་སྤྱོད་ཀྱི་ཐོབ་ཐང་བདོག་མཁན་གྱིས་བརྡ་སྦྱོར་གྱིས་གཏན་དུ་འཁེལ་བའི་དུས་ཡུན་ནང་བདག་དབང་ཐོབ་ཐང་དཔང་ཡིག་སོགས་ཐོགས་ཏེ་སྲིད་གཞུང་དུ་གུན་ཚབ་གཞལ་འཆར་གྱི་ཐོ་འགོད་བྱེད་དགོས། སྔོན་གྱི་ཆོ་ག་དང་འགྲོ་ལུགས་ལྟར་ན་ས་སྡུད་མཁན་གཞུང་གིས་ས་སྡུད་ཆོག་པའི་ཆོག་མཆན་ཐོབ་པའི་རྗེས་སུ་ད་གཟོད་ས་སྡུད་ཀྱི་གུན་ཚབ་དང་བཀོད་སྒྲིག་ཁྱབ་བསྒྲག་བྱས་ཏེ་ས་ཐོ་འགོད་དགོས་ཤིང་། ད་ལྟའི་ཆོ་ག་ནི་ཐོག་མར་ས་ཐོ་འགོད་དགོས། 

ལྔ་བ། ས་རིན་ཁ་ཚང་སྤྲོད་པ། 

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་གུན་ཚབ་དང་འགྲོ་སོང་སོགས་ཆ་ཚང་བར་སྤྲོད་པ་ལ་ཁག་ཐེག་བྱས་ཏེ་དངུལ་སྒོར་དངུལ་ཁང་དུ་གསོག་ཉར་བྱེད་དགོས། དེ་མེད་པར་གོང་རིམ་སྲིད་གཞུང་ལ་ས་ཞིང་གཞུང་སྡུད་ཀྱི་ཆོག་མཆན་ཞུ་མི་ཆོག 

དྲུག་པ། འབའ་རྒྱ་འཇོག་པ

ས་ཁྲིམས་གསར་བས་སྲིད་གཞུང་དང་ས་ཤོར་མཁན་གྱི་གུན་ཚབ་དང་བཀོད་སྒྲིག་གི་འབའ་རྒྱ་འཇོག་པའི་ཆོ་ག་སྔུན་ཏུ་བསྣུར་ཏེ། འབའ་རྒྱ་མེད་ན་སྲིད་གཞུང་གིས་ས་ཆོག་ཞུས་མི་ཆོག་པར་བཏང་བའི་རྐྱེན་གྱིས་སྔོན་ལྟར་འབའ་ཡིག་གི་སྟེང་དུ་མིང་རྟགས་མ་བཀོད་ན་གཞུང་གིས་བཙན་བཤིག་བཙན་ཁྱེར་གྱི་གནད་དོན་རྩད་ནས་དབྱུངས་སོ། རྫོང་རིམ་པའི་སྲིད་གཞུང་གིས་ཞིང་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ས་ཆོག་ཞུ་དུས་གཞུང་དང་ས་ཤོར་མཁན་བར་གྱི་གུན་ཚབ་འབའ་རྒྱ་མེད་ན་ཆོག་མཆན་གྱི་ཡན་ལག་མ་ཚང་བས་འཐོབ་མི་ནུས་པར་འགྱུར། འདི་ནི་ས་ཁྲིམས་གསར་བའི་འཕོ་འགྱུར་གལ་ཆེན་ཞིག་ཏུ་འཁུམས། 

བདུན་པ། ས་སྡུད་ཆོག་མཆན་ཞུ་བ།

རྫོང་ངམ་ས་ཁུལ་རིམ་པའི་མི་དམངས་སྲིད་གཞུང་གིས་ས་སྡུད་ཀྱི་སྔོན་ཆོག་དང་འབྲེལ་བའི་ཆོ་ག་དང་ལས་དོན་བསྒྲུབ་ཚར་བའི་རྗེས་སུ་ད་གཟོད་གོང་རིམ་སྲིད་གཞུང་སྟེ་ཞིང་ཆེན་མི་དམངས་སྲིད་གཞུང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ས་མཁན་གྱི་ལག་ཏུ་ས་གཞུང་སྡུད་བྱས་ཆོག་པའི་ཆོག་མཆན་ཞུ་དགོས། གོང་རིམ་སྲིད་གཞུང་གིས་ས་ཁྲིམས་ཀྱི་གཏན་དབབ་ལྟར་དུས་བཅད་ཀྱི་ནང་དུ་ཆོག་མཆན་སྤྲོད་དང་མི་སྤྲོད་ཀྱི་ཐག་གཅོད་བྱེད་དགོས།

བརྒྱད་པ། ས་སྡུད་སྤྱི་བསྒྲགས་སྤེལ་བ། 

ས་སྡུད་ཀྱི་ཆོག་མཆན་ཐོབ་པའི་རྗེས་སུ་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ཏེ་ས་སྡུད་ཀྱི་དངོས་གཞིའི་ལས་དོན་ལ་འཇུག་དགོས། སྐབས་འདིར་ས་ཤོར་བའི་གང་ཟག་དང་ཚོགས་པ་གང་རུང་གིས་ས་སྡུད་ཐག་བཅད་ལ་མོས་མཐུན་མེད་ན་སྐབས་འདིར་སྲིད་འཛིན་བསྐྱར་གྲོས་དང་ཡང་ན་སྲིད་འཛིན་གཏུག་བཤེར་བརྒྱུད་ཞུ་གཏུག་བྱས་ཆོག 

དགུ་བ། ས་ལེན་པ་དང་འཛུགས་སྐྲུན་རྙིང་བ་བཤིག་པ། 

སྲིད་གཞུང་གིས་གུན་ཚན་ཀྱི་དངུལ་སྒོར་འབྲེལ་ཐོགས་ཀྱི་གང་ཟག་ལ་སྤྲད་པའི་རྗེས་སུ་ས་བཀོལ་རུང་བར་བྱེད་ཆེད་ཁང་ཤག་སོགས་བཤིག་ཏེ་སྙོམས་པར་བྱེད་པ་དང་། ས་སྡུད་ལ་འདོད་མོས་མེད་ཀྱང་ཁྲིམས་ཁང་དང་གོང་རིམ་ལ་ཞུ་གཏུག་མི་བྱེད་པའི་དོ་བདག་གིས་ས་དུས་ལྟར་མ་སྤྲད་ན། མི་དམངས་སྲིད་གཞུང་གིས་ཁྲིམས་ཁང་ལ་བཀའ་ཁྲོལ་ཞུས་ཏེ་བཙན་དྲག་གིས་ལག་བསྟར་བྱེད་དུ་འཇུག་ཆོག