མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་ཞེ་དགུ་བའི་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བསྐུལ་བྱ་རྒྱུ།  རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱང་དགོས་ལ།  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་ཉིད་མི་རིགས་ཀྱི་སྐད་ཡིག་སྦྱང་བ་དང་བེད་སྤྱོད་དགོས་པ་དང་འབྲེལ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱང་དགོས་ཤིང་མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་ནས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་

སྐད་ཡིག་གཉིས་ཡན་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཞེས་གཏན་ལ་ཕབ་ཡོད་པ་དང་། གཙོན་འཛིན་ཞི་ཅིན་ཕིན་གྱིས་ཀྱང་། སྐད་ཡིག་ནི་མི་དང་མི་བར་གྱི་འབྲེལ་ལམ་བཟོ་བའི་མཐུད་མཚམས་གལ་ཆེན་ཞིག་ཡིན། སྐད་བརྡ་མ་འཕྲོད་ན་རྒྱུས་ལོན་ཡོང་དཀའ། རྒྱུས་ལོན་མ་བྱུང་ན་ཕན་ཚུན་ལ་བཟོད་སྒོམ་བསམ་ཤེས་བྱེད་དཀའ་ཞིང་ཕན་ཚུན་མོས་མཐུན་ཡོད་པའི་ལྟ་གྲུབ་ཀྱང་ཆགས་དཀའ། འབྲེལ་ཡོད་ཀྱི་མི་རིགས་ས་ཁུལ་ལ་ལ་ན་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་གིན་ཡོད་པ་དང་། གྲངས་ཉུང་མི་རིགས་དེ་དག་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་ཆ་རྐྱེན་དུ་འཇོག་དགོས་པ་མ་ཟད། མི་རིགས་ས་ཁུལ་དེ་དག་ན་འཚོ་བསྡོད་ཀྱི་རྒྱ་རིགས་མང་ཚོགས་ལའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་སློང་བྱེད་དགོས། གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ལེགས་བཟང་བྱས་ན་ལས་ཀ་འཚོལ་བ་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱུད་ལ་སྐྱེད་པར་ཕན་པས་མི་ཚད། སྤྱི་ཚོགས་སུ་འདྲིས་པ་ལའང་ཕན། མི་རིགས་ས་ཁུལ་དུ་གཞུང་ཞབས་ཀྱི་ལས་ཀ་ལས་ན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རྒྱ་སྐད་ཤེས་དགོས། རྒྱ་རིགས་ལས་བྱེད་པས་ཀྱང་ཧུར་ཐག་འབད་ཐག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་བར་བྱ་དགོས། འདི་ནི་ལས་བྱེད་ཀྱི་ཆ་རྐྱེན་ཞིག་ཏུ་བཞག་སྟེ་གླེང་དགོས། དེ་ལྟར་མ་ཡིན་ན་ལས་བྱེད་པ་ཚད་ལྡན་ཞིག་ཡོང་མི་ཐུབ། སྐད་ཆའང་མི་གོ་ན་གཞུང་དོན་ཇི་ལྟར་བསྒྲུབ་ཅེས་བཤད་དོ།