དྲ་གྲོགས་རྣམ་པ་བཀྲ་ཤིས་བདེ་ལེགས། དེ་རིང་བུད་མེད་ཀྱི་ཆེད་དུ་བཀོད་སྒྲིག་བྱས་པའི་གཏམ་བཤདལེ་ཚན་ལ་ཕེབས་པར་དགའ་བསུ་ཞུ། བུད་མེད་ལ་མེ་ཏོག་དང་རྔན་པ། ལེགས་ལག་སྐྱེས་སོགས་ཕུལ་ཏེ་བུད་མེད་ཀྱི་ཆེ་བ་བརྗོད་ཅིང་དྲིན་ལན་ལེགས་གསོལ་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་ཀུན་སྤྱོད་བཟང་པོ་ཞིག་ཡིན་པ་སྨྲོས་མ་དགོས། གདུག་རྩུབ་དང་ངམ་གནག་གི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ནང་དུ་ད་གཟོད་བུད་མེད་ལ་ཆེ་མཐོང་མི་སྤྲོད་པར་བཙན་གནོན་དང་དམའ་འབེབ། ཁྱད་གསོད་དང་བྲན་གཡོག་ཏུ་བཀོལ་ཏེ་དུད་འགྲོ་ལྟར་ཉོ་འཚོང་དང་མནར་གཅོད་བྱེད། 

ཉེ་ཆར་རྒྱ་ནག་ཧྥུན་རྫོང་དུ་ཁྱོ་ག་ཞིག་གིས་བུད་མེད་ཅིག་ཉོས་ཏེ་བུ་ཕྲུག་བརྒྱད་བཙས་ཤིང་། བུད་མེད་དེ་ལྕགས་སྒྲོག་གིས་བཀྱིགས་ཏེ་མནར་གཅོད་ཚད་མེད་བྱས་པའི་གནས་ཚུལ་ཞིག་མངོན་གསལ་དུ་གྱུར་བ་དེ་ལ་ད་བར་རྒྱ་ནག་ནང་ལོགས་ནས་བགྲོ་གླེང་ཚ་ཚ་འུར་འུར་བྱེད་བཞིན་ཡོད། ངས་ཀྱང་ལོ་ཁ་ཤས་ཀྱི་སྔོན་དུ་གྲོང་ཁྱེར་ལྷ་སའི་བོད་རིགས་བུ་མོ་ཞིག་སྟབས་མ་ལེགས་པར་ལྷ་ས་ན་ཚོང་ལས་གཉེར་བཞིན་པའི་མཚོ་སྔོན་གྱི་ཁ་ཆེ་བའམ་ཟ་ལར་མི་རིགས་ཀྱི་མི་ལག་ཏུ་ཤོར་ཏེ། ཁོང་ཚོས་བུ་མོ་དེ་ལ་བཙན་གཡེམ་བྱས་པ་མ་ཟད་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གི་ཁ་ཆེ་རིགས་ཀྱི་སྡེ་བ་ཞིག་ལ་བཙོང་སྟེ། བུ་མོ་དེས་དམྱལ་བ་ས་ལ་འཕོས་བ་འདྲ་བའི་སྡུག་བསྔལ་དང་འཇིགས་སྐྲག་རབ་དང་རིམ་པ་མྱངས་ཏེ། ཕྱིས་སུ་གཞན་གྱིས་སྐྱབས་ཏེ་མོ་རང་གི་ལོ་རྒྱུས་དང་མྱོང་ཚོར་བྲིས་པའི་རྩོམ་ཐུང་ཞིག་ངས་དྲ་ཐོག་ནས་བཀླགས་མྱོང་། ངས་གནས་ཚུལ་འདི་ཞུ་འདོད་པ་ནི་བུད་མེད་དང་བྱིས་པ་བཙན་བསླུས་ཀྱིས་ཁྲིད་དེ་ཉོ་འཚོང་བྱེད་པའི་ཉེས་སྤྱོད་དེ་ང་ཚོ་དང་འབྲེལ་བ་མེད་པའམ་རྒྱ་ནག་ནང་ལོགས་ལས་བོད་ཁུལ་ན་མེད་པ་ཞིག་མེན་པ་ང་ཚོས་ཤེས་དགོས། ནམ་རྒྱུན་བུད་མེད་དང་བྱིས་པ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་དུས། དེ་གར་སོང་ཆ་མེད་དུ་གྱུར་བ་མ་རེད། དེ་ཉེས་སྤྱོད་པས་བཙན་དང་གཡོ་དང་བསླུ་བྲིད་ཀྱིས་ཁྲིད་སོང་བ་རེད། དེའི་ཕྱིར་ཉེས་སྤྱོད་འདི་རིགས་ལ་ང་ཚོ་ཚང་མས་རང་བསྲུང་གི་འདུ་ཤེས་དང་ལག་ལེན་ཚགས་ཚུད་དུ་བཏང་སྟེ། གཟབ་མནན་གྱིས་གདོང་ལེན་བྱེད་དགོས་པ་དང་སྦྲགས། སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་ཉེས་སྤྱོད་འདི་རིགས་ལ་རྩད་གཅོད་དང་རྡུང་རྡེག་ཚ་ནན་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས། 

 

ཧྥུན་རྫོང་གི་དོན་རྐྱེན་དེ་ལ་དམིགས་ཏེ་སྤྱི་བདེ་པུའུ་ཡིས་ཁྱབ་བསྒྲགས་ཤིག་སྤེལ་ནས་ད་ལོའི་ཟླ་གསུམ་པ་ནས་ཟླ་༡༢་བའི་བར་ཆེད་དུ་བུད་མེད་དང་བྱིས་པ་བཙན་བསླུས་ཀྱིས་ཁྲིད་དེ་ཉོ་འཚོང་གི་ཉེས་སྤྱོད་འབུར་འཇོམས་ཀྱི་བྱ་འགུལ་སྤེལ་གི་ཡིན་ཟེར། ང་ཚོས་ཀྱང་གོ་སྐབས་འདི་དང་བསྟུན་ནས་བོད་ཁུལ་གྱི་ཉེས་སྤྱོད་ཚོགས་པ་འདི་རིགས་ཤུལ་མེད་དུ་གཏོང་བ་ལ་གཞུང་དམངས་མཉམ་རུབ་ཀྱི་འབད་བརྩོན་བྱེད་དགོས། 

 

ང་ཚོའི་བུད་མེད་རྣམས་སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་གནས་ཡོད་པ་དང་། ཁྲིམས་ལུགས་ཀྱིས་བུད་མེད་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་སྲུང་སྐྱོབ་ཅི་ལྟར་བྱེད་ཚུལ། བུད་མེད་ཉོ་འཚོང་དང་བཙན་དང་བསླུ་བྲིད་ཀྱིས་ཁྲིད་ཏེ་ཉོ་འཚོང་གི་་སྦྱོར་དངོས་རྗེས་གསུམ་དང་དེ་ལ་དམིགས་པའི་ཉེས་ཆད་སོགས་ཅི་ལྟར་གཏན་ལ་ཕབ་ཡོད་པ། དེ་བཞིན་་ཏུ་བུད་མེད་དང་བྱིས་པ་བཙན་ཁྲིད་ཀྱི་གཏེ་བོ་ཐབས་ལམ་གང་དག་ལ་བརྟེན་ནས་བུད་མེད་བཙན་ཁྲིད་བྱེད་པ་སོགས་མདོར་ཙམ་མཚམས་སྦྱོར་དང་སྦྲགས། བུད་མེད་གཙོས་པའི་མི་མང་རྣམས་ཀྱིས་རང་སྲུང་གི་གོ་རྟོགས་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བསྡུ་རུབ་ཀྱིས་བུད་མེད་དང་བྱིས་པ་བཙན་དང་གཡོ་སྒྱུས་ཁྲིད་ནས་ཉོ་འཚོང་གི་ཉེས་སྤྱོད་ལ་བཀག་སྡོམ་དང་གདོང་ལེན་བྱས་ཏེ། ང་ཚོའི་ལྟོས་འཇོག་གི་ཉམ་ཆུང་གི་གི་གནས་སུ་ཡོད་པའི་བུད་མེད་དང་བྱིས་པ་རྣམས་ལ་བདེ་ཐང་དང་བདེ་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པ་ལ་མཉམ་ཏུ་འབད་འབུངས་བྱེད་པར་སྐུལ་སློང་གཏོང་བ་ནི་གཏམ་བཤད་འདིའི་དམིགས་ཡུལ་ཡིན། 

 

དང་པོ། བུད་མེད་བཙན་ཁྲིད་ཉོ་འཚོང་གི་སྐོར་ལ་ཁྲིམས་ལུགས་ཀྱིས་གཏན་དབབ་ཅི་ལྟར་བྱས་ཡོད་པ། 

ཉེས་ཁྲིམས་ཀྱི་དོན་ཚན་༢༤༠་ནང་དུ། བུད་མེད་དང་བྱིས་པ་བཙན་དང་གཡོ་སྒྱུས་ཁྲིད་དེ་བཙོང་བའི་ཉེས་སྤྱོད་ཀྱི་རྣམ་པར་རིག་བྱེད་གཏན་དབབ་བྱས་ཡོད། དེ་ནི་བུད་མེད་དང་བྱིས་པ་གཞན་ལ་་བཙོང་བ་དམིགས་ཡུལ་དུ་བྱས་ཏེ་བུད་མེད་དང་བྱིས་པ་གཡོ་སྒྱུ་དང་། བཀྱིག་སློང་གིས་ཁྲིད་པའམ། གཞན་གྱི་ལག་ནས་བུད་མེད་དང་བྱིས་པ་ཉོ་བ། ཉོས་ན་བཙོང་བ། བུད་མེད་ཉོ་འཚོང་གི་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་སྦྱོར་བ་ལ་གོ ཉེས་སྤྱོད་དེའི་ཉེས་ཆད་ལ་གཏེ་བོར་ལོ་ལྔ་ཡན་དང་ལོ་བཅུའི་མན་གྱི་དུས་ཅན་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་ལ། གནས་ཚུལ་ཛ་དྲག་ཡིན་ན་ལོ་བཅུ་ཡན་དང་དུས་མེད་ཀྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག གནས་ཚུལ་ཛ་དྲག་གི་རྣམ་པ་ནི་

༡ ཉེས་སྤྱོད་ཚོགས་ཁག་གི་གཏེ་བོ་གཙོ་བོ་ཡིན་པ། 

༢ བུད་མེད་དང་བྱིས་པ་གསུམ་ཡན་ཆད་བཙན་དང་གཡོ་སྒྱུས་ཁྲིད་དེ་བཙོང་མྱོང་བ། 

༣ བཙན་དང་གཡོ་ཡིས་ལོན་པའི་བུད་མེད་ལ་འཁྲིག་སྤྱོད་བསྟེན་པ། 

༤ བཙན་དང་གཡོ་སྒྱུ་ཡིས་ལོན་པའི་བུད་མེད་སྨད་འཚོང་གི་ལས་སུ་བཙན་གྱིས་མངགས་པ། 

༥ བུད་མེད་དང་བྱིས་པ་ལ་བཟི་སྨན་བཏབས་པ་དང་བཙན་དྲག་འཇིགས་བསྐུལ་གྱིས་བཀག་བཀྱིག་བྱེད་པ། 

༦ བཙོང་བ་དམིགས་ཡུལ་དུ་བཟུང་སྟེ་བྱིས་པ་བརྐུ་བ།

༧ ཉེས་སྤྱོད་ཀྱི་དབང་གིས་བུད་མེད་དང་བྱིས་པ་དེ་དག་དང་། དེ་དག་གི་གཉེན་ཉེ་ལ་ལྗིད་རྨས་དང་རྐྱེན་གྱིས་ཤི་བ་ལ་སོགས་པའི་མཇུག་འབྲས་ཚབས་ཆེན་བྱུང་། 

༨ བུད་མེད་དང་བྱིས་པ་ཕྱི་རྒྱལ་ལ་བཙོང་བ། 

གོང་གི་ཛ་དྲག་གི་གནས་ཚུལ་འདི་ལ་མཇུག་འབྲས་ཚབས་ཆེན་བྱུང་ན་ཉེས་སྤྱོད་ཀྱི་གཏེ་བོར་སྲོག་ཆད་ཀྱང་བཅད་ན་ཆོག 

 

གཉིས་པ། བུད་མེད་དང་བྱིས་པ་ཉོས་པའི་ཉེས་སྤྱོད། 

ཉེས་ཁྲིམས་ཀྱི་དོན་ཚན་༢༤༡་ནང་དུ་གཞན་གྱིས་བཙོང་བའི་ཆེད་དུ་གཡོ་སྒྱུ་དང་བཙན་གྱིས་ཁྲིད་པའི་བུད་མེད་དང་བྱིས་པ་གང་ཞིག་ཉོས་ན་ཉོ་མཁན་ལ་ལོ་གསུམ་མན་གྱི་བཙོན་འཇུག་དང་བཀག་ཉར་སོགས་ཀྱི་ཉེས་ཆད་བཅད་ཆོག་ཅེས་གཏན་དབབ་བྱས་ཤིང་། ཉོས་པའི་བུད་མེད་ཀྱི་འདོད་འདུན་ལ་མ་ལྟོས་པར་དེ་ལ་འཁྲིག་སྤྱོད་བསྟེན་ན་བཙན་གཡེམ་གྱི་ཉེས་སྤྱོད་ལྟར་ཉེས་ཆད་འགེལ་བ། ཉོས་པའི་བུད་མེད་དང་བྱིས་པ་ཡི་མི་ལུས་རང་དབང་བཙན་འཕྲོག་དང་ཚོད་འཛིན་བྱེད་པའམ། ཡང་ན་དེ་དག་ལ་ངན་རྨས་དང་བརྙས་བཅོས་སོགས་ཀྱི་ཉེས་སྤྱོད་ཡོད་ན་འབྲེལ་ཐོགས་ཀྱི་ཉེས་སྤྱོད་ལྟར་ཉེས་ཆད་འགེལ་དགོས་ཤིང་། དེ་བཞིན་དེ་ཉེས་སྤྱོད་རེ་རེ་བརྩེགས་ཏེ་ཉེས་ཆད་འགེལ་བ། ཉོས་ནས་བཙོང་ན་ཉེས་ཁྲིམས་ཀྱི་དོན་ཚན་༢༤༠་ལྟར་ཉེས་ཆད་འགེལ་དགོས། བུད་མེད་དང་བྱིས་པ་ཉོས་པའི་རྗེས་སུ་དེ་དག་ལ་མནར་གཅོད་མ་བྱས་ཤིང་། གཞན་གྱི་དཔུང་གཉེན་་དང་མགོན་སྐྱབས་ལ་བར་ཆད་མི་བྱེད་པའི་སྦྱོར་བ་ཡོད་ན་གཏེ་བོར་ཉེས་ཆད་ཡང་བར་བཀལ་ན་ཆོག་པ་དང་། 

ཉོས་པའི་བུད་མེད་ཀྱི་འདུན་པ་ལ་བརྩི་བཀུར་བྱས་ཏེ་བུད་མེད་རང་གི་གཉུག་མའི་གནས་ལ་ལོགས་པར་བཀག་འགོག་མི་བྱེད་ན་གཏེ་བོར་ཉེས་ཆད་ཡང་བར་བཅད་ཆོག 

 

གསུམ་པ། སྲིད་གཞུང་གི་འགན་ཁུར།

ཉེས་ཁྲིམས་ཀྱི་དོན་ཚན་༤༡༦་ནང་། བཙན་བསླུས་ཀྱིས་ཁྲིད་དེ་ཉོ་འཚོང་དང་བཀག་བཀྱིག་གི་གནས་སྟངས་སུ་ལྷུང་བའི་བུད་མེད་དང་བྱིས་པར་དཔུང་གཉེན་མཛད་དེ་སྐྱབས་བྱེད་པར་འགན་ཁུར་ཡོད་པའི་རྒྱལ་ཁབ་སྲིད་གཞུང་གི་ལས་བྱེད་པས་བུད་མེད་དང་བྱིས་པ་དེ་དག་གི་ནང་མི་ཡིས་སྐྱབས་བཅོལ་གྱི་གསོལ་འདེབས་དང་། ཡང་ན་མི་གཞན་གྱིས་གནས་ཚུལ་དེ་དག་གི་ཁུངས་སྣེ་སྤྲད་དེ་ཞུ་མཆིད་ཕུལ་ཚེ། བཙན་བསླུས་ཀྱིས་ཁྲིད་པའི་གནས་སྟངས་འོག་ན་ཡོད་པའི་བུད་མེད་དང་བྱིས་པ་དག་ལ་དཔུང་གཉེན་་དང་སྡོང་གྲོགས་ཀྱིས་སྐྱབས་མ་མཛད་པར་གནས་ཚུལ་ཛ་དྲག་བྱུང་བའི་ཉེར་ལེན་དུ་གྱུར་ན། ལས་བྱེད་པ་དེ་རིགས་ལ་ལོ་ལྔ་མན་གྱི་དུས་ཅན་བཙོན་འཇུག་གི་ཉེས་ཆད་དང་ཡང་ན་བཙོན་བཀོལ་གྱི་ཉེས་ཆད་གཅོད་དགོས་ཤིང་། 

སྐྱབས་མཛད་པར་འགན་ཁུར་ཡོད་པའི་རྒྱལ་ཁབ་གཞུང་གི་ལས་བྱེད་པས་གཞན་གྱིས་སྐྱབས་མཛད་པ་ལ་བགེགས་དང་བར་ཆད་ཀྱི་སྦྱོར་བ་བདོག་ན། ལས་བྱེད་པ་དེར་ལོ་གཉིས་ཡན་དང་ལོ་བདུན་མན་གྱི་དུས་ཅན་བཙོན་འཇུག་གི་ཆད་པ་གཅོད་དགོས། གནས་སྟངས་ཡང་མོ་ཡིན་ན་དེ་ལ་ལོ་གཉིས་མན་གྱི་དུས་བཙོན་ནམ་བཀོལ་བཙོན་གྱི་ཉེས་ཆད་གཅོད་དགོས། 

 

དོན་ཚན་༤༡༧་ནང་། ཉེས་སྤྱོད་བརྩད་གཅོད་དང་བཀག་སྡོམ་གྱི་འགན་ཁུར་ཡོད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པས་ཉེས་སྤྱོད་མི་སྣར་ཉན་རྣ་དང་མཐུན་རྐྱེན་སྦྱར་ཏེ་ཉེས་སྤྱོད་མི་སྣར་ཉེས་ཆད་གཡོལ་ཐབས་བྱུང་ཚེ་ལས་བྱེད་པ་དེ་ལ་ལོ་གསུམ་མན་གྱི་བཙོན་འཇུག་དང་བཀོལ་བཙོན་གྱི་ཉེས་ཆད་གཅོད་དགོས་ཤིང་། གནས་ཚུལ་ཛ་དྲག་བསྐྱེད་ན་ལོ་གསུམ་ཡན་ནས་ལོ་བཅུ་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས། དེ་བཞིན་ཏུ་ཉེ་བའི་ཆར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་། སྲིད་བློན་ལིས་ཁུ་ཆང་གིས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་་སྐྱོབ་བྱེད་པ་ནི་སྲིད་གཞུང་གི་ཕྲག་ཏུ་ཁུར་བའི་འགན་ཁུར་གལ་ཆེན་ཞིག་ཡིན། ཉེ་ཆར་ས་ཆ་ལ་ལར་བུད་མེད་ཀྱི་ཐོབ་ཐང་ལ་གནོད་པ་ཚབས་ཆེན་བཟོས་པའི་དོན་རྐྱེན་ངན་པ་བྱུང་བ་དེ་ལ་ང་ཚོའི་སེམས་ཤིན་ཏུཕངས་་བ་མ་ཟད། གནོད་ཐེབས་ཀྱི་མི་ཚང་གི་སེམས་ཁམས་ལྟར་ཤིན་ཏུ་གདུང་ལ་ཁོང་ཁྲོ་བར་མེད་དུ་ལངས། མང་ཚོགས་ཀྱི་ཐོབ་ཐང་ལ་སྣང་མེད་དུ་གཏོང་བའི་གནས་ཚུལ་བྱུང་ན་ང་ཚོས་ངེས་པར་དུ་དཀར་པོ་ཡར་འདེད་དང་ནག་པོ་མར་འདེད། ཁྲ་བོ་འཕྲད་འདེད་ཀྱིས་ཐག་གཅོད་མན་མོ་བྱེད་དགོས། བུད་མེད་དང་བྱིས་པ་བཙན་བསླུས་ཀྱི་ཉོ་འཚོང་གི་ཉེས་སྤྱོད་དེ་ལ་ངེས་པར་དུ་རྡུང་འདེགས་ཚ་ནན་བྱས་ཏེ་གུ་ཡངས་ཁྱོན་ནས་མི་གཏོང་། མི་དམངས་ཀྱི་བདེ་འཇགས་དང་མི་དམངས་ལ་ཕན་འདོགས་པ་གཉིས་ནི་འབྲལ་མེད་དུ་གནས་ཡོད་པ་ཡིན་ཕྱིན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ནུས་ཚོད་ཀྱིས་མི་དམངས་ལ་ཕན་འདོགས་པ་དང་། མི་དམངས་ལ་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པ་དེ་རང་ཉིད་ཀྱི་གཞི་རྩའི་འགན་ཁུར་དུ་འཇོག་དགོས་ཞེས་བསྟན་ཡོད་པ་ལྟར། སྲིད་གཞུང་གི་ལས་བྱེད་པ་དག་གིས་སྣེ་ཁྲིད་དེ་བུད་དང་བྱིས་པར་བསྲུང་སྐྱོབ་ཀྱི་འགན་ཁུར་མ་བསྐུལ་དང་དུ་ལེན་དགོས། 

 

བཞི་བ། ཉེས་སྤྱོད་གཏེ་བོ་དག་གིས་བུད་མེད་དང་བྱིས་པ་ཁྲིད་པའི་ཐབས་དང་་ངན་གཡོ་ལ་དོགས་ཟོན་བྱེད་དགོས། 

  • མི་ཆ་མེད་ཀྱི་ཁྱིམ་དང་རླངས་འཁོར་སོགས་ལ་གྲོགས་མེད་པར་མ་འགྲོ། 
  • མི་ཆ་མེད་ཀྱིས་ལས་ཀའི་གོ་སྐབས་མཁོ་སྤྲོད་གང་བྱེད་ལ་ཡིད་ཆེས་རྐྱང་རྐྱང་གིས་འགྲོ་རྐྱང་བྱེད་མི་ཉན། 
  • མི་ཆ་མེད་ཀྱིས་བྱིན་པའི་བཏུང་ཟས་ལ་གང་བྱུང་དུ་ལོངས་སྤྱོད་མ་བྱེད། དེའི་ནང་དུ་བཟི་སྨན་བཏབ་ཡོད་སྲིད། 
  • གླ་གཏོང་རླངས་འཁོར་ལ་འདུག་དུས་ཚད་ལྡན་གྱི་གླ་གཏོང་དུ་འདུག་པ་ལས་སྒེར་འཁོར་དང་གར་ཡོང་མི་ཤེས་པའི་གླ་གཏོང་དུ་འདུག་མི་ཉན། 
  • རང་ཉིད་ཀྱི་བྱིས་པ་ལ་མི་ཆ་མེད་དང་གཏན་ནས་འགྲོ་མི་ཉན་པའི་བསླབ་བྱ་ནན་ཏན་དུ་གཏོང་དགོས། 
  • བྱིས་པ་དང་བུད་མེད་བསླུ་བྲིད་དང་ཉོ་འཚོང་གི་གནས་ཚུལ་དག་ལ་ནམ་རྒྱུན་དོ་སྣང་བྱེད་པ།