ཞིང་ལས་ཁྱིམ་ཐོ་ཞེས་པ་ནི་གྲོང་ཁྱེར་གྱི་ཁྱིམ་ཐོ་མ་ཡིན་པའི་ཞིང་ལས་དང་འབྲོག་ལས། ནགས་ལས་ལ་སོགས་པའི་ཁྱིམ་ཐོ་ལ་གོ་དགོས་ཤིང་། ཞིང་ལས་ཁྱིམ་ཐོ་ལ་བརྟེན་ནས་ཞིང་བ་རྣམས་ལ་ཞིང་ས་དང་འབྲོག་པ་རྣམས་ལ་རྩྭ་ས་བགོས་པ་མ་ཟད། ས་ཞིང་གི་གུན་གསབ་དང་ཁྱིམ་གཞི་འཛིན་པའི་གཞིས་ས་(宅基地)དག་ཀྱང་ཞིང་ལས་ཁྱིམ་ཐོ་ལ་བརྟེན་ནས་སྤྲོད་གིན་ཡོད། རྩ་ཁྲིམས་དང་ས་གཞི་དོ་དམ་ཁྲིམས་ལུགས་ཀྱི་ནང་དོན་ལྟར་ན། ཞིང་ཕྱུགས་ནགས་ལས་ཀྱི་ས་ཐམས་ཅད་ཞིང་ལས་ཐུན་མོང་དཔལ་འབྱོར་ཚོགས་པ་སྟེ་སྡེ་བ་ལ་དབང་ཞིང་། སྡེ་བས་ས་ཞིང་འགན་གཙང་ལེན་གྱི་འགྲོ་ལུགས་ལྟར་ཁྱིམ་ཐོ་སྡེ་བ་དེར་ཡོད་པའི་སྡེ་མི་ལ་ལོ་སུམ་ཅུའམ་ལྔ་བཅུ།

ཡང་ན་བདུན་བཅུར་ས་གླས་ཏེ་བཀོལ་སྤྱོད་བྱེད་དུ་འཇུག་པ་ཞིག་ཡིན་པས། དེ་ལ་གན་རྒྱའི་ལན་ཆགས་རང་བཞིན་ཡོད་པ་མ་ཟད། མཁར་དབང་དང་དངོས་ཟོག་ཐོབ་ཐང་གི་རང་བཞིན་ཡང་ཡོད་པས་ན། སྡེ་བ་དང་སྡེ་མིའི་བར་ནས་ཆགས་པའི་ས་ཞིང་གླ་གཏོང་གི་གན་རྒྱ་དེར་རྒྱལ་ཁབ་ཀྱི་མཁར་དབང་ཐོབ་ཐང་གི་ཁྲིམས་ཀྱི་སར་བཞག་སྟེ་སྲུང་སྐྱོབ་བྱེད་ཀྱི་་ཡོད། སྡེ་བའི་ཁྱིམ་ཐོ་ཡོད་པའི་སྡེ་མི་ནི་སྡེ་མིའི་གྲུབ་ཆ་རུ་ངོས་འཛིན་བྱེད་པས་ན་དམངས་ཁྲིམས་ཀྱིས་དེ་ལ་གྲུབ་མིའི་ཐོབ་ཐང་ཞེས་ཀྱང་བརྗོད། མི་ཞིག་སྡེ་བའི་གྲུབ་མི་ཡིན་མིན་དེ་་གཙོ་བོ་ཁྱིམ་ཐོ་ལ་རག་ལས་ཤིང་། རྒྱལ་ཁབ་དང་སྲིད་གཞུང་གིས་ཞིང་སྡེ་ལ་དམིགས་ཏེ་སྤྲད་པའི་དབུལ་སྐྱོབ་ཁེ་བཟང་དང་ས་ཞིང་གཞུང་བཞེས་ཀྱི་གུན་ཚབ་དག་ཀྱང་ཁྱིམ་ཐོ་ལ་བརྟེན་ནས་སྡེ་མིར་བགོ་བཤའ་དང་རྩིས་སྤྲོད་བྱེད། གལ་ཏེ་སྡེ་མིའི་ཁྱིམ་ཐོ་སྡེ་བ་དེའི་ནང་དུ་མེད་ན་སྡེ་བ་དེའི་ས་ཞིང་ལས་མཆེད་པའི་ཁེ་བཟང་སོགས་ཀྱང་མེད་པར་འགྱུར། དེའི་ཕྱིར་ཞིང་སྡེའི་ཁྱིམ་ཐོ་གལ་ཆེ། རོང་འབྲོག་མི་མང་རྣམས་ཀྱིས་ཁྱིམ་ཐོ་འཕོ་འགྱུར་དང་དེ་དང་འབྲེལ་བའི་་སྲིད་ཇུས་བཅས་ལ་དོ་སྣང་བྱས་ཏེ། སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ། གཤམ་དུ་ཞིང་སྡེའི་ཁྱིམ་ཐོ་ཡི་བྱེད་ལས་དམིགས་སུ་བཀར་ཏེ་མདོར་ཙམ་བརྗོད་པར་བྱ། 

དང་པོ། ཁྱིམ་ཐོ་ལ་བརྟེན་ནས་སྡེ་བའི་ནང་དུ་ཁྱིམ་གཞི་འཛིན་པའི་གཞིས་ས་ལོན་པ། ཞིང་སྡེའི་གཞིས་ས་ཞེས་པ་ནི་ཞིང་བའམ་འབྲོག་པས་སྡེ་བའི་ས་ཞིང་གི་སྟེང་ནས་སྡོད་ཁང་འཛུགས་སྐྲུན་བྱས་ཏེ་ཁང་ཁྱིམ་ཕུབས་ཆོག་སའི་ས་དེ་ལ་གོ་དགོས་ཤིང་། འབྲེལ་ཡོད་ཀྱི་སྲིད་ཇུས་ལྟར་ན། ཁྱིམ་ཐོ་སྡེ་བའི་ནང་ལ་ཡོད་པའམ་སྡེ་བ་དེའི་ནང་དུ་སྤོར་བའི་སྡེ་མི་ལོ་ན་ཉི་ཤུ་ལོན་པ་དག་གིས་སྡེ་བ་དེ་ནས་རང་ཉིད་ཀྱིས་ཁྱིམ་གཞིས་ཕུབས་པའི་ས་སློང་བའི་ཐོབ་ཐང་ཡོད་པ་དང་། དེ་མིན་སྡེ་བ་དེར་ཁྱིམ་ཐོ་སྤོར་ཡོང་བའི་མནའ་མ་དང་མག་པ། བུ་སྐལ་སོགས་ལ་ཡང་གཞིས་ས་སློང་བའི་ཐོབ་ཐང་ཡོད། མ་ཟད་ཁྱིམ་ཐོ་གྲོང་ཁྱེར་ལ་སྤོར་ནའང་དགོས་དབང་གིས་ཕྱིར་རང་གི་སྡེ་བར་སྤོར་དགོས་ན་ས་དེའི་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཚེ་མི་དེར་ཁྱིམ་གཞིས་འཛིན་པའི་ས་སྤྲོད་དགོས། 

གཉིས་པ། ཁྱིམ་ཐོ་ལ་བརྟེན་ནས་རྩྭ་ས་དང་ཞིང་སའི་འགན་གཙང་ལེན་གྱི་ཐོབ་ཐང་། སྡེ་བ་ལ་དབང་བའི་ས་ཞིང་མང་ཆེ་བ་འགན་གཙང་ལེན་གྱི་རྣམ་པས་སྡེ་བ་དེའི་འབྲོག་པ་དང་ཞིང་བའི་དུད་ཁྱིམ་ལ་བགོས་ཏེ་དོན་གཉེར་དང་ཚོང་གཉེར་བྱེད་དུ་འཇུག་པས་ན། ཁྱིམ་ཐོ་སྡེ་བ་དེར་ཡོད་ན་སྡེ་བའི་ས་ལ་དོན་གཉེར་དང་ལོངས་སྤྱོད་ཀྱི་ཐོབ་ཐང་ཡོད་པ་དང་། འགན་གཙང་ལེན་གྱིས་ཐོབ་པའི་ས་དེ་ཡང་སྲིད་གཞུང་གི་འཛུགས་སྐྲུན་སོགས་ཀྱི་དབང་གིས་གཞུང་ལ་བླངས་ན། སྲིད་གཞུང་གིས་སྡེ་བ་དང་སྡེ་མི་བཅས་ལ་གུན་ཚབ་ངེས་ཅན་སྤྲོད་དགོས་ཤིང་། གུན་ཚབ་དེ་ཡང་ཁྱིམ་ཐོ་ཡོད་མེད་ལ་བརྟེན་ནས་སྤྲོད་པས། ཁྱིམ་ཐོ་ལ་ས་ཞིང་བྱིན་ལེན་ལས་མཆེད་པའི་བྱེད་ནུས་གལ་ཆེན་བདོག 

གསུམ་པ། ཐུན་མོང་གི་ཁེ་བཟང་བགོ་བཤའ་ཡི་ཐོབ་ཐང་། སྡེ་བ་ཡིས་སྡེ་དམངས་ཀྱི་སྤྱི་དངུལ་ལ་བརྟེན་ནས་ཚོང་གཉེར་བྱས་ཏེ་ཁེ་བཟང་བྱུང་ན་ཁེ་བཟང་དེ་དག་ཁྱིམ་ཐོ་སྡེ་བ་དེར་ཡོད་པའི་སྡེ་མི་ལ་བགོ་བཤའ་བྱེད་དགོས་ཤིང་། རྒྱལ་ཁབ་དང་སྲིད་གཞུང་གིས་ཞིང་འབྲོག་ལ་དམིགས་ཏེ་སྤྲད་པའི་དབུལ་སྐྱོབ་སོགས་ཀྱི་ཁེ་བཟང་ཡང་ཁྱིམ་ཐོར་གཞིར་བཞག་སྟེ་སྤྲོད་གིན་ཡོད། དེ་མིན་རྒན་གསོ་དང་སྨན་བཅོས་སོགས་ཀྱི་ཉེན་སྲུང་ཡང་ཁྱིམ་ཐོ་ལ་བརྟེན་ནས་འགྲོ་ལུགས་སྒྲུབ་གིན་ཡོད་པས་ན་ཞིང་སྡེའི་ཁྱིམ་ཐོ་མེད་ན་ཉེན་སྲུང་དང་སྤྱི་ཚོགས་ཁེ་བཟང་དེ་དག་འཐོབ་མི་ཐུབ།