སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁྱིམ་ཚང་ནི་འགྲོ་བ་མིའི་སློབ་གྲྭ་ཐོག་མ་ཡིན་པ་དང་། ཁྱིམ་བདག་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན། ཁྱིམ་བདག་གིས་རང་གི་བྱིས་པར་སློབ་ཚན་ཐོག་མ་ལེགས་པར་བསླབ་བྱ་གནང་སྟེ། བྱིས་པའི་མི་ཚེའི་སྒྲོག་གུ་ཐོག་མ་བཅིང་བར་རོགས་རམ་བཟང་པོ་བྱེད་དགོས་(家庭是人生的第一所学校,家长是孩子的第一任老师,要给孩子讲好‘第一课’,帮助扣好人生第一粒扣子)ཞེས་ཁྱིམ་ཚང་སློབ་གསོའི་ཐོག་མ་བཞི་ལྡན་གྱི་ཁྱད་ཆོས་དང་གལ་ཆེན་རང་བཞིན་བསྟན་ནས་ཁྱིམ་བདག་དག་ལ་དུས་དང་རྣམ་པ་ཀུན་ཏུ་རང་གི་བྱིས་པར་ཚད་ལྡན་གྱི་ཁྱིམ་ཚང་སློབ་གསོ་སྤྲད་དེ་མི་ཡ་རབས་ཤིག་ཏུ་འགྱུར་བ་ལ་འབད་བརྩོན་བྱེད་དགོས་པའི་ཁ་ཏ་དང་བསླབ་བྱ་དུང་ངེ་བ་བཤད་ཡོད་པ་དེས་ཁྱིམ་ཚང་སློབ་གསོ་ཡི་གལ་ཆེན་རང་བཞིན་མཚོན་པ་མ་ཟད་ཁྱིམ་བདག་རྣམས་ཀྱིས་རང་གི་བྱིས་པ་ལ་ཁྱིམ་ཚང་སློབ་གསོ་སྤྲོད་པའི་དགོས་པ་རྒྱུ་མཚན་ཡང་གསལ་བར་ལམ་སྟོན་བྱས།
རྒྱལ་ཁབ་ཅིག་གི་སྤྱི་ཚོགས་དཔལ་འབྱོར་ཆ་རྐྱེན་ཡར་རྒྱས་སུ་ཕྱིན་ཏེ་ཚད་ངེས་ཅན་ཞིག་ལ་ཐོན་པའི་སྐབས་སུ། སློབ་གྲྭའི་སློབ་གསོའི་གལ་ཆེན་རང་བཞིན་དང་གོ་གནས་རིམ་གྱིས་ཉམས་ཏེ་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་དང་གོ་གནས་རིམ་གྱིས་ཇེ་མཐོར་འགྲོ་ངེས་ཞེས་སློབ་གསོ་བ་གྲགས་ཅན་རྣམས་ཀྱིས་དེ་ལྟར་ལུང་བསྟན། དེའི་རྒྱུ་མཚན་གྱིས་སྲིད་འཛིན་གྱིས་དེ་ལྟར་བཤད་ལ་རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱིས་ཀྱང་དེ་ལྟར་ཁྲིམས་བཅས་ཏེ་ཁྱིམ་ཚང་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་སྐུལ་འདེད་བྱས་པས་ཁྱིམ་ཚང་སློབ་གསོ་ནི་ཁྲིམས་མཐུན་ལུགས་ཞེས་བརྗོད་ཅིང་། དེ་ནས་དེང་སྐབས་བྱུང་བཞིན་པའི་སློབ་ལོ་སྔོན་དང་སློབ་ལོ་རན་པའི་བྱིས་པ་དག་ལ་བཅའ་སྡོད་ལམ་ལུགས་ཁོ་ན་ལ་བརྟེན་ནས་སློབ་གསོ་སྤྲོད་པ་དེའང་སྔོན་གྱི་སྐབས་འཕྲལ་གྱི་སྲིད་ཇུས་ཙམ་མ་གཏོགས་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་སློབ་གསོ་ལམ་ལུགས་ཤིག་ཡིན་པ་དེ་ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་དང་། རྩ་ཁྲིམས་སོགས་ཀྱི་དགོངས་པ་དང་མི་མཐུན་ཞིང་ཕ་མ་བུ་ཕྲུག་གི་བདེ་ཐང་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་གནོད་པ་ལྡན་པའི་ལམ་ལུགས་ཤིག་ཡིན་པས་ན།དེས་སང་གི་སློབ་གསོ་ལམ་ལུགས་ནས་རིམ་གྱིས་འདོར་དགོས་པ་ཞིག་ལས་ཡར་རྒྱས་སུ་གཏོང་དགོས་པའི་སློབ་གསོའི་ལམ་ལུགས་ཤིག་མིན་པས་དེ་ལ་ཁྲིམས་མེད་ལུགས་མེད་ཅེས་བརྗོད་པ་ཡིན། གཤམ་དུ་སློབ་གསོའི་ལམ་ལུགས་དེ་གཉིས་ལ་དཔྱད་བརྗོད་ཅུང་ཙམ་བྱས་ཡོད།
དང་པོ། ཁྱིམ་ཚང་སློབ་གསོ་ཁྲིམས་མཐུན་ལུགས་མཐུན་ཡིན་པའི་རྒྱུ་མཚན།
ད་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཀྱི་ཁྲིམས་(家庭教育促进法)དངོས་སུ་ལག་བསྟར་བྱེད་པའི་མགོ་བརྩམས། རྒྱལ་ཡོངས་རང་བཞིན་ཅན་གྱི་ཁྲིམས་ལུགས་འདི་ཡིས་ཁྱིམ་ཚང་སློབ་གསོའི་བྱ་གཞག་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཀྱི་གོ་གནས་སྤྲད་དེ། རྒྱ་ཆེ་བའི་ཁྱིམ་བདག་རྣམས་ཀྱིས་རང་རང་གི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་པ་ནི་ཁྲིམས་ལུགས་ཀྱི་འོས་འགན་ཞིག་ཡིན་པ་མ་ཟད་ཐོབ་ཐང་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས། སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་གི་ཡ་གྱལ་དུ་གཏོགས་པའི་རྩ་ཁྲིམས་ཀྱི་དོན་ཚན་བཞི་ཅུ་ཞེ་དགུ་གཞིར་བཟུང་ཞིང་། ནར་མ་སོན་པའི་སྐྱེས་བོ་བསྲུང་ཁྲིམས་(未成年人保护法)ཀྱི་ས་བཅད་གཉིས་པ་རྒྱབ་བརྟེན་བྱས་ཏེ། ཁྱིམ་ཚང་སློབ་གསོར་སྐུལ་འདེད་ཁྲིམས་ཀྱིས་ཅི་ཞིག་ལ་ཁྱིམ་ཚང་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ་སྤྲོད་པའི་འགན་ཁུར་མཁན་གཙོ་བོ་ནི་ཁྱིམ་བདག་དང་ཕ་མ་ཡིན་པ་གསལ་ཁ་བཏོད་དེ་གཏན་དབབ་བྱས་ཤིང་། ཁྱིམ་ཚང་སློབ་གསོ་ཡི་གོ་གནས་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་དང་མཉམ་པ་ཉིད་དུ་བཏང་སྟེ་སློབ་གསོའི་ཀ་བ་གསུམ་གྱི་རྣམ་པ་བརྟན་བརླིང་དུ་ཚུགས། ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཕ་མ་དང་ཡང་ན་བྱིས་པ་བདག་སྐྱོང་བྱེད་མཁན་གྱིས་ནར་མ་སོན་པའི་གང་ཟག་ཕྱོགས་ཡོངས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད། དེ་ལ་བཟང་བོ་སྤྱོད་པའི་ལམ་སྲོལ་དང་། ལུས་སྟོབས་འཕེལ་རྒྱས། འཚོ་བ་རོལ་རྩེད། རིག་གནས་ལེགས་བྱང་། སྤྱོད་ལམ་དང་གོམས་གཤིས་དག་གི་ཐད་ལ་གསོ་སྦྱོང་དང་ལམ་སྟོན། ཤན་ཤུགས་སྤྲོད་པ་ལ་གོ་དགོས་ཞེས་གཏན་འཁེལ་བྱས་ཡོད། མདོར་བསྡུས་ན་ཕ་མས་རང་གི་བྱིས་པ་ལོ་བཅོ་བརྒྱད་མན་ལ་ཀུན་སྤྱོད་དང་འཚོ་བ་སོགས་ཀྱི་སློབ་གསོ་དང་སྦྱོང་བརྡར་དང་ལམ་སྟོན་སྤྲད་དེ་བུ་ཕྲུག་ལུས་བདེ་སེམས་སྐྱིད་ཀྱིས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཞིག་ལ་ཁྱིམ་ཚང་སློབ་གསོ་ཟེར། དཔེར་ན་བུ་ཕྲུག་ལ་འབྲི་བཞོ་སྟངས་དང་ཕྱུགས་ཟོག་ཚོ་སྟངས། དེ་བཞིན་དུ་ཟ་མ་ལས་སྟངས་དང་རྒན་བཀུར་གཞོན་བྱམས་སོགས་ཀྱི་ལས་མངོན་ལྐོག་གིས་བསྟན་ཏེ་བུ་ཕྲུག་གི་རྒྱུད་ལ་ལས་དེ་དག་འབྱོར་བར་བྱ་བའི་རྒྱུད་རིམ་ཐ་དག་ལྟ་བུ་ནི་ཁྱིམ་ཚང་སློབ་གསོའི་མཚོན་བྱེད་ཡིན། ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་རམ་འདེགས་དང་ཡན་ལག་མིན་པར་རང་རྐྱ་ཐུབ་པའི་སློབ་གསོའི་ཡན་ལག་ཞིག་ཡིན་ཕྱིན། དེ་ལ་སློབ་གྲྭ་དང་སྤྱི་ཚོགས་སློབ་གསོ་ཡིས་ཚབ་བྱེད་དུ་མི་རུང་བ་དང་ཚབ་བྱེད་དུ་མི་ནུས་པའི་ཁྱད་ཆོས་ལྡན། ཁྲིམས་དེའི་དོན་ཚན་བཞི་བའི་ནང་ཁྱིམ་ཚང་སློབ་གསོ་ལག་བསྟར་བྱེད་མཁན་ནི་ནར་མ་སོན་པའི་གང་ཟག་གི་ཕ་མའམ་ལྟ་སྐྱོང་བ་(监护人)ཡིན་ཞེས་གཏན་དབབ་བྱས། དེས་ཁྱིམ་ཚང་སློབ་གསོའི་བྱ་གཞག་ཕ་མ་དང་ལྟ་སྐྱོང་བ་དག་གིས་ཁྱིམ་ཚང་གི་ཁོར་ཡུག་ནང་དུ་རང་གི་ནར་མ་སོན་པའི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་ནུས་པ་དང་སྤྲོད་དགོས་པ་མ་གཏོགས། དགེ་རྒན་དང་མི་གཞན་གྱིས་སློབ་གྲྭ་དང་བྱིས་སྐྱོང་ཁང་སོགས་ཀྱི་ཁོར་ཡུག་གི་ནང་དུ་ནར་མ་སོན་པའི་གང་ཟག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་མི་ཐུབ་པ་དང་སྤྲོད་མི་ཆོག་པའི་གནད་འགག་ཤུགས་ཀྱིས་བསྟན། ཕ་མ་དང་ལྟ་སྐྱོང་བ་ཡིས་ནར་མ་སོན་པའི་གང་ཟག་ལ་མཚོན་ན་ཁྱིམ་ཚང་ནི་སློབ་ཁང་ཐོག་མ་ཡིན་པ་དང་། ཁྱིམ་བདག་ནི་དགེ་རྒན་ཐོག་མ་ཡིན་པའི་འདུ་ཤེས་བསྐྱེད་དེ་ནར་མ་སོན་པའི་གང་ཟག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་པའི་འགན་ཁུར་ཚགས་ཚུད་དུ་ཁུར་དགོས་ཞེས་ཁྲིམས་དེའི་དོན་ཚན་བཅུ་བཞི་བའི་ནང་དུ་གསལ། དེ་མིན་ཁྱིམ་ཚང་སློབ་གསོ་སྤྲོད་སྐབས་ཕ་མ་བུ་ཕྲུག་མཉམ་འཛོམས་ཀྱི་ཁོར་ཡུག་ནང་དུ་ཕ་མས་དངོས་སུའམ་མངོན་སུམ་གྱིས་བུ་ཕྲུག་གི་ཁམས་དང་མོས་པ་ལ་བསྟུན་མཁས་ངང་ནས་སྤྲད་དེ་ཕ་མ་དང་བུ་ཕྲུག་མཉམ་དུ་་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས་ཞེས་ཁྲིམས་དེའི་ནང་དུ་གཏན་འཁེལ་བྱས་ཡོད། ཕ་མས་བུ་ཕྲུག་ལ་གཉོར་སྐྱོང་དང་ཁྱིམ་ཚང་སློབ་གསོ་མཁས་མཛངས་ལྡན་པའི་ངང་སྤྲད་ན་དེས་བུ་ཕྲུག་བདེ་ཐང་ངང་ཡར་རྒྱས་སུ་འགྲོ་བ་མ་ཟད་ཕ་མར་མཚོན་ནའང་བུ་ཕྲུག་འཚར་་ལོངས་བྱུང་བའི་ཁྲོད་རང་ཉིད་ལའང་འཇོན་ནུས་དང་ཤེས་བྱ་མི་ཉུང་བ་ཐོབ་གིན་ཡོད་པས་རང་གཞན་གཉིས་ཕན་གྱི་ཁྱད་ཆོས་ལྡན། ཕ་མས་རང་གི་བུ་ཕྲུག་ལ་མཉམ་འཛོམས་ཀྱིས་ཁྱིམ་ཚང་སློབ་གསོ་སྤྲོད་པ་ནི་འོས་འགན་ཞིག་ཡིན་པ་མ་ཟད་ཐོབ་ཐང་ཞིག་ཀྱང་ཡིན། ནར་མ་སོན་པའི་སྐྱེས་བོ་བསྲུང་ཁྲིམས་(未成年人保护法)ཀྱི་དོན་ཚན་བཅུ་དྲུག་གི་ནང་དུ་ནར་མ་སོན་པའི་གང་ཟག་གི་ཕ་མ་དང་ལྟ་སྐྱོང་བ་དག་གིས་རང་རང་གི་ནར་མ་སོན་པའི་བུ་ཕྲུག་ལ་འཚོ་བ་དང་བདེ་ཐང་། བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པར་ཁག་ཐེག་བྱེད་དགོས་པ། ནར་མ་སོན་པའི་བུ་ཕྲུག་གི་སེམས་ཁམས་དང་ལུས་ཁམས། དགའ་སྡུག་གི་སེམས་བྱུང་བཅས་ལ་དོ་སྣང་བྱེད་པ། གོམས་གཤིས་བཟང་པོ་གོམས་ལོབས་སུ་འགྱུར་བར་བྱེད་པ། རང་སྲུང་གི་འདུ་ཤེས་བསྐྱེད་བསྲིང་བྱེད་པ། འོས་འགན་སློབ་གསོ་དུས་ལྟར་དང་ལེན་བྱེད་དུ་འཇུག་པ། ངལ་གསོ་དང་རོལ་རྩེད་དང་ལུས་རྩལ་སྦྱོང་བ་བཅས་ཀྱི་དུས་ཚོད་ཁག་ཐེག་བྱེད་པ། ཁོང་ཚོའི་རྒྱུ་ནོར་བདག་གཉེར་བཟང་པོ་བྱེད་པ་ལ་སོགས་པའི་ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་ཕ་མའི་ལས་འགན་གཏན་འཁེལ་ཡང་བྱས་ཡོད། སྲིད་ཇུས་ཀྱི་ངོས་ནས་བལྟས་ནས་བཤད་ན། རྒྱལ་ཁབ་ཀྱི་འཕྲལ་དང་ཡུན་གྱི་སློབ་གསོ་བཅོས་བསྒྱུར་དང་དར་སྤེལ་གྱི་བཀོད་འདོམས་རྩ་གནད་(《国家中长期教育改革和发展规划纲要》)ནང་དུ་ཁྱིམ་ཚང་སློབ་གསོ་ཡིས་བྱིས་པ་གཞོན་ནུ་དག་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་ཐེབས་པའི་ཤུགས་རྐྱེན་གལ་ཆེན་ཅི་ནུས་ཀྱིས་བཀོལ་སྤྱོད་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད་ཅིང་། (充分发挥家庭教育在儿童少年成长过程中的重要作用。) སློབ་གསོ་པུའུ་ཡིས་་༢༠༡༥་ལོར་སྤེལ་བའི་ཡིག་ཆ་སྟེ་ཁྱིམ་ཚང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བྱ་རྒྱུར་བཏོན་པའི་ལམ་སྟོན་བསམ་འཆར་《教育部关于加强家庭教育工作的指导意见》 ཞེས་བྱ་བའི་ནང་དུའང་། ཁྱིམ་ཚང་ནི་བྱིས་པའི་སློབ་ཁང་ཐོག་མ་དང་ཕ་མ་ནི་བྱིས་པ་ཡི་དགེ་རྒན་ཐོག་མ་ཡིན། ཁྱིམ་བདག་ལ་་ཁྱིམ་ཚང་སློབ་གསོ་སྤྲོད་རྒྱུའི་འགན་ཁུར་ཡོད་ཅེས་གལ་པོ་ཆེ་ལ་ནན་ཏན་གྱིས་བསྟན། དེའི་ཕྱིར་ཁྲིམས་ལུགས་དང་སྲིད་ཇུས། མི་ཆོས་གང་རུང་གི་ཐད་ནས་བཤད་ན་ཕ་མས་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་པ་ནི་ཁྲིམས་མཐུན་ལུགས་མཐུན་ཤིག་ཡིན་ལ་འོས་འགན་དང་ཐོབ་ཐང་ཡང་ཡིན་པས། ཕ་མས་གཟི་བརྗིད་ཅན་གྱི་འོས་འགན་དེ་ཕྲག་ཏུ་བླངས་ཤིང་། རིན་ཐང་ཅན་གྱི་ཐོབ་ཐང་དེ་ལོངས་སུ་སྤྱད་དེ་རང་གི་བུ་ཕྲུག་ལ་དུས་བསྟུན་གྱི་ཁྱིམ་ཚང་སློབ་གསོ་སྤྲོད་པར་བྱ།
གཉིས་པ། བཅའ་སྡོད་སློབ་གསོ་ཁྲིམས་མེད་ལུགས་མེད་ཡིན་ཚུལ།
རྒྱལ་ཡོངས་རང་བཞིན་ཅན་གྱི་ཁྲིམས་ལུགས་༢༨༠ལྷག་དང་། སྲིད་འཛིན་ཁྲིམས་སྲོལ་༧༦༠་ལྷག་ཡོད་པ་དེ་དག་གི་ནང་ནས་སློབ་ལོ་སྔོན་དང་སློབ་ལོར་རན་པའི་བྱིས་པ་ལ་བཅའ་སྡོད་སློབ་གསོ་ངེས་པར་དུ་སྤྲོད་དགོས་པ་དང་། ཇི་ལྟར་སྤྲོད་དགོས་པ། མ་སྤྲད་པའི་འགན་ཁུར་ཅི་ཞིག་ཡིན་པ་ལ་སོགས་པའི་གནང་བཀག་སྒྲུབ་གསུམ་གྱི་རང་བཞིན་ཅན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་གཅིག་ཀྱང་གཏན་དབབ་བྱས་མེད་ལ། རྩ་ཁྲིམས་ཀྱི་ནང་དུའང་དེ་ལྟ་བུའི་གཏན་དབབ་ཡེ་ནས་མེད། དེ་བཞིན་དུ་བོད་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ་བཅུ་ཡི་རང་སྐྱོང་སྲོལ་ཡིག་དང་སློབ་གསོ་དང་འབྲེལ་བའི་བཅས་རྐྱང་སྲོལ་ཡིག་(单行条例)་ལ་སོགས་པ་ཡི་ནང་ན་དེ་ལྟ་བུའི་གཏན་དབབ་བྱས་མེད། ༢༠༠༦་གི་ལོར་འཕར་བཅོས་བྱས་པའི་འོས་འགན་སློབ་གསོའི་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ནང་དུ་རྫོང་རིམ་པ་ཡི་མི་དམངས་སྲིད་གཞུང་གིས་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་ཁྱབ་བརྡལ་དུ་གནས་པའི་(散居)སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་དག་ལ་འོས་འགན་སློབ་གསོ་འཐོབ་པར་འགན་སྲུང་བྱ་དགོས་ཞེས་གཏན་དབབ་ཆེ་ལོང་ཙམ་ཁ་སྣོན་བྱས་ཡོད་ཀྱང་དོན་ཚན་དེ་ནི་དྲིལ་བསྒྲགས་རང་བཞིན་ཅན་གྱི་ཚན་པ་(宣示性条款)ཙམ་མ་གཏོགས་མི་རིགས་རང་སྐྱོང་ས་ཁུལ་དུ་བཅའ་སྡོད་སློབ་ཆུང་འཛུགས་ཕྱོགས་ཀྱི་དམིགས་བསལ་གྱི་ཁྲིམས་ཤིག་མིན་པས་དོན་ཚན་དེ་སློབ་ལོ་སྔོན་དང་རན་པའི་བྱིས་པར་བཙན་གྱིས་སམ་གདམ་ཀ་མེད་པར་བཅའ་སྡོད་སློབ་གྲྭར་འདེད་པའི་་ཁྲིམས་ལུགས་ཀྱི་གཞིར་འཛིན་མི་རུང་བ་མ་ཟད། ཁྲིམས་ཡིག་འདི་ཡང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་པ་ཡི་ནང་གི་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁང་གི་དབང་ཁོངས་ལ་འགལ་བའི་དོན་ཚན་ཞིག་ཡིན་ཙང་ཁྲིམས་གོང་མ་དང་རྒྱབ་འགལ་གྱི་གནད་དོན་མཆིས། དེ་བཞིན་དུ་མི་རིགས་ས་ཁུལ་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༧་པའི་ནང་དུ་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁང་གིས་གྲངས་ཉུང་མི་རིགས་ཀྱི་འབྲོག་ཁུལ་དང་། དཔལ་འབྱོར་ཞན་པ་དང་ཁྱབ་བརྡལ་དུ་གནས་པའི་གྲངས་ཉུང་མི་རིགས་ཀྱི་རི་སིལ་ས་ཁུལ་ནས་བཅའ་སྡོད་དང་སློབ་སྦྱོང་རོགས་དངུལ་སྤྲོད་པའི་ལམ་ལུགས་གཙོ་བོར་བཟུང་སྟེ་གཞུང་སྒྲུབ་མི་རིགས་སློབ་ཆུང་དང་སློབ་འབྲིང་བཙུགས་ནས་སློབ་ལོ་རན་པའི་སློབ་མར་་བདེ་བླག་ངང་འོས་འགན་སློབ་གསོ་འཐོབ་པར་ཁག་ཐེག་བྱ་དགོས་ཞེས་གཏན་དབབ་བྱས་ཡོད་པ་དེ་ཡང་ཆ་རྐྱེན་ལྡན་པའི་སྒོ་ནས་བཅའ་སྡོད་སློབ་ཆུང་འཛུགས་པའི་ལམ་སྟོན་རང་བཞིན་ཅན་གྱི་གཏན་དབབ་ཅིག་ཡིན་པ་མ་གཏོགས་སྤྱི་ཡོངས་ལ་ལྟོས་མེད་ཀྱིས་སྦྱར་ཏེ་བཅའ་སྡོད་སློབ་ཆུང་གང་འདོད་ཀྱིས་འཛུགས་པའི་ཁྲིམས་ལུགས་ཀྱི་ལུང་ལ་འདྲེན་མི་འོས། ཁྲིམས་ཡིག་དེའི་ནང་དུ་རོང་ཕྱོགས་ས་ཁུལ་ནས་འོས་འགན་སློབ་གསོའི་རང་བཞིན་ཅན་གྱི་གཞུང་སྒྲུབ་བཅའ་སྡོད་སློབ་ཆུང་བཙུགས་ཆོག་པའི་གསལ་ཁ་མེད་ཅིང་། སློབ་ལོ་སྔོན་གྱི་བྱིས་པར་བཅའ་སྡོད་ལམ་ལུགས་སྤེལ་དགོས་པ་དེ་བས་ཀྱང་གཏན་འབེབས་བྱས་མེད་སྟབས། རྫོང་མི་དམངས་སྲིད་གཞུང་དང་ཞིང་ཆེན་སློབ་གསོ་ཐིན་ལ་སོགས་པའི་ལས་ཁང་གིས་ཐད་ཀར་རོང་ཕྱོགས་ནས་འོས་འགན་སློབ་གསོའི་རང་བཞིན་ཅན་གྱི་བཅའ་སྡོད་སློབ་ཆུང་དང་བཅའ་སྡོད་བྱིས་སྐྱོང་ཁང་སོགས་བཙུགས་ན་ཁྲིམས་ལུགས་འདི་དང་མི་མཐུན། སྲིད་ཇུས་ཀྱི་ཐད་ནས་བཤད་ན། ༢༠༡༢་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གྱིས་སྤེལ་བའི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་འདོམས་ཐད་ཀྱི་བསམ་འཆར་(国务院办公厅关于规范农村义务教育 学校布局调整的意见 国办发 〔2012〕48号) ནང་ཞིང་སྡེའི་སློབ་ཆུང་གི་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པའི་སློབ་མ་རྣམས་ལ་རྩ་དོན་གྱི་ཐད་ནས་བཅའ་སྡོད་བྱས་མི་ཆོག་ཅིང་། ཉེ་འཁྲིས་སུ་དགོང་དྲོ་ཁྱིམ་ལ་ཕྱིར་ལོག་ཐུབ་པའི་སྒོ་ནས་སློབ་ཆུང་འགྲིམ་དུ་འཇུག་པ་དང་། སློབ་ཆུང་གི་སློབ་རིམ་མཐོ་བའི་སློབ་མ་དག་ལའང་ཉིན་སློབ་གཙོ་བོར་འཛིན་པ་དང་། དམིགས་བསལ་གྱི་ཆ་རྐྱེན་ཡོད་ན་ད་གཟོད་བཅའ་སྡོད་བྱས་ཆོག དམའ་འབྲིང་གི་སློབ་མ་དག་གི་་གནས་བབ་ལ་གཞིག་སྟེ་གདམ་ག་བྱེད་རུང་་ཞེས་གཏན་དབབ་བྱས་པ་དེ་དང་། (农村小学1至3年级学生原则上不寄宿,就近走读上学;小学高年级学生以走读为主,确有需要的可以寄宿;初中学生根据实际可以走读或寄宿。) ༢༠༡༨་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གྱིས་སྤེལ་བའི་ཕྱོགས་ཡོངས་ནས་ཞིང་གྲོང་གི་སློབ་གྲྭ་ཆུང་བའི་རིགས་དང་གྲོང་བརྡལ་གྱི་བཅའ་སྡོད་སློབ་གྲྭ་འཛུགས་བསྐྲུན་ཤུགས་གནོན་བྱེད་པར་བཏོན་པའི་ལམ་སྟོན་བསམ་འཆར་(《国务院办公厅关于全面加强乡村小规模学校和 乡镇寄宿制学校建设的指导意见》 国办发〔2018〕27号)ནང་དུ་རྩ་དོན་གྱི་ཐད་ནས་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་་བར་དུ་བཅའ་སྡོད་མི་བྱེད་པར་ཉེ་འཁྲིས་སུ་གོམ་བགྲོད་ཀྱིས་སློབ་གྲྭ་འགྲོ་བར་བྱ་དགོས། སློབ་གྲྭ་དང་ཁྱིམ་ཚང་གི་ལམ་ཐག་ཀྱང་གོམ་བགྲོད་ཀྱིས་སོང་ན་ཆུ་ཚོད་ཕྱེད་ཀ་མ་འདའ་བར་སླེབས་ཐུབ་པ་ཞིག་དང་། ལོ་རིམ་བཞི་བ་ནས་ལྔ་བའི་་བར་གྱི་སློབ་མ་དག་ཀྱང་གོམ་བགྲོད་ཀྱིས་སློབ་གྲྭར་འགྲོ་བ་སྟེ་ཉིན་སློབ་གཙོ་བོར་བྱེད་པ་དང་། སྡོད་གནས་དང་འཚོ་བ། འགྲིམ་འགྲིལ་དང་བདེ་འཇགས་སོགས་ལ་འགན་སྲུང་ཡོད་པའི་མཐུན་རྐྱེན་ལྡན་ཚེ་ད་གཟོད་གནས་སྟངས་ལ་དམིགས་ཏེ་བཅའ་སྡོད་བྱས་ཆོག་ཅེས་གཏན་དབབ་བྱས་ཡོད། (原则上小学1—3年级学生不寄宿,就近走读上学,路途时间一般不超过半小时;4—6年级学生以走读为主,在住宿、生活、交通、安全等有保障的前提下可适当寄宿,具体由县级人民政府根据当地实际确定。) དེའི་ཕྱིར་སློབ་ལོ་སྔོན་དང་སློབ་ལོ་རན་པའི་བྱིས་པར་བཅའ་སྡོད་བཙན་གྱིས་བྱེད་དུ་འཇུག་པའམ་ཕ་མར་རང་གི་བུ་ཕྲུག་བཅའ་སྡོད་སློབ་གྲྭར་བསྐྱེལ་བ་ལས་གདམ་ཀ་གཞན་མེད་པའི་གཞན་དབང་གིས་བཅའ་སྡོད་སློབ་གྲྭར་བསྐྱེལ་བ་ལ་སོགས་པའི་བྱེད་ཐབས་འདི་དག་ཁྲིམས་ལུགས་དང་སྲིད་ཇུས་ལ་མི་མཐུན་པ་མ་ཟད། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཁྲིམས་འགལ་གྱིས་ཚོད་འཛིན་བཀག་འགོག་གི་བྱེད་ཐབས་ཤིག་ཡིན། ཕ་མ་བུ་ཕྲུག་ཟེར་བ་དེ།། དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཡིན། འཇིག་རྟེན་མི་ཆོས་ཀྱི་སྟེང་ནས་བཤད་ནའང་ཕ་མ་བུ་ཕྲུག་མཉམ་འཛོམས་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་དབང་དང་ཆོས་ཉིད་ཡིན་པ་མ་ཟད་ཁྱིམ་ཚང་ཀུན་གྱི་བདེ་སྐྱིད་ཀྱི་གཞི་མ་དང་འབྱུང་ཁུངས་སུ་ངོས་འཛིན་བྱེད། ཀྲུང་གོ་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་པའི་འཛམ་གླིང་བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་ཀྱི་ནང་དུ་བྱིས་པ་ཐམས་ཅད་ངེས་པར་དུ་ཁྱིམ་ཚང་གི་ཁོར་ཡུག་ནང་འཚར་ལོངས་འབྱུང་བར་བྱེད་པ་ནི་བྱིས་པའི་བདེ་སྐྱིད་དང་རང་ཚུགས་ལྡན་པའི་མི་གཞི་གོམས་ལོབས་སུ་འགྱུར་བའི་ཆ་རྐྱེན་ཡིན་པ་སྤྱི་ཆིངས་ལ་ཞུགས་པའི་རྒྱལ་ཁབ་ཀུན་གྱིས་མོས་མཐུན་བྱེད་པ་མ་ཟད། ཁྲིམས་ཁང་གི་ཞལ་ལྕེ་དང་མནར་གཅོད་སོགས་དམིགས་བསལ་གྱི་ཆ་རྐྱེན་མེད་ན་ཕ་མ་དང་བྱིས་པའི་ཕ་མའི་མངོན་འདོད་ལ་མ་བལྟས་པར་ཕ་མ་དང་བྱིས་པ་སོ་སོར་དགར་མི་ཆོག་པའི་ཐད་ལ་སྤྱི་ཆིངས་ནང་ཞུགས་པའི་རྒྱལ་ཁབ་ཀུན་གྱིས་འགན་སྲུང་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་པས་ཕ་མ་བུ་ཕྲུག་མཉམ་འཛོམས་ནི་འཇིག་རྟེན་མི་ཆོས་དང་མཐུན་པ་དང་དེ་བཤིག་ན་འཇིག་རྟེན་མི་ཆོས་དང་འགལ་བ་མཚོན་ཐུབ། ལྷ་གཅིག་ཕྱག་ན་པདྨོ་རྒྱལ་བ་རིན་པོ་ཆེའི་ཞལ་ནས་ཡ་རབས་བཟང་སྤྱོད་ཟེར་བ་དེ་འཛིན་གྲྭ་ཚོགས་ཏེ་བསླབ་རྒྱུ་གཅིག་པུ་མ་རེད། དེ་ཁྱིམ་ཚང་སོ་སོའི་ནང་གི་བཟའ་ཚང་དང་། ཕ་མ་བུ་ཕྲུག་ཚོའི་དབར་ལ་འབྲེལ་བ་བྱེད་ཕྱོགས། ཁྱིམ་ཚང་དེའི་ནང་གི་རྒྱུན་ལྡན་གྱི་སྤྱོད་ལམ་ཡ་རབས་གུས་ཞབས་ལྡན་པ། སྐད་ཆ་ཤོད་སྟངས། རྣམ་འགྱུར་སྟོན་སྟངས་སོགས་བཟང་པོའི་མིག་ལྟོས་རྣམས་ཕྲུ་གུར་འཇགས་ཐབས་ལ་ཁྱིམ་ཚང་སོ་སོ་ནང་ནས་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡ་རབས་སྤྱོད་བཟང་འདི་དག་སྲོག་རྩ་ལྟ་བུ་ཡིན་བསམ་པ་བྱེད་དགོས་ཞེས་ཁྱིམ་ཚང་སློབ་གསོའི་གཞལ་ཏུ་མེད་པའི་རིན་ཐང་དང་ཁྱད་ཆོས་གསུངས་ཤིང་། རྩ་ཁྲིམས་ཀྱི་དོན་ཚན་ཞེ་དགུ་བའི་ནང་དུ་ཁྱིམ་ཚང་དང་ཨ་མ། བུ་ཕྲུག་བཅས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་ཞེས་པའི་གཏན་དབབ་བྱེད་དོན་ཡང་གནད་འདི་ལ་ཐུག དེའི་ཕྱིར་དེང་སྐབས་བོད་ཀྱི་ས་ཁུལ་དུ་བྱིས་སྐྱོང་ཁང་ནས་བཟུང་སྟེ་དམའ་འབྲིང་བར་དུ་བཙན་དྲག་དང་ཁྱིམ་བདག་ལ་གདམ་ཀ་མེད་པར་བུ་ཕྲུག་ངེས་པར་དུ་བཅའ་སྡོད་སློབ་གྲྭ་བསྐྱེལ་དགོས་པའི་ས་གནས་སྲིད་ཇུས་དང་ལས་གཞི་དེ་དག་ལ་ཁྲིམས་དང་སྲིད་ཇུས་ཀྱི་གཞི་འཛིན་ས་མེད་པས་ན་ཁྲིམས་མེད་ལུགས་མེད་ཅེས་བརྗོད་པ་ཡིན།
གསུམ་པ། ང་ཚོས་ཅི་ཞིག་བྱ་དགོས།
བོད་རིགས་དང་གྲངས་ཉུང་མི་རིགས་ས་ཁུལ་སོགས་ཀྱི་བཅའ་སྡོད་རང་བཞིན་ཅན་གྱི་བྱིས་སྐྱོང་ཁང་དང་སློབ་ཆུང་ལ་ཚད་ལྡན་དང་བདེ་འཇགས་ཀྱི་བཅའ་སྡོད་སློབ་གྲྭ་འཛུགས་པའི་དཔལ་འབྱོར་གྱི་མཐུན་རྐྱེན་སྲབ་པ་མ་ཟད། དགེ་རྒན་དང་བྱིས་པ། སློབ་མ་དག་གི་འཚོ་བ་དང་བདེ་ཐང་ལ་རམ་འདེགས་ཚད་ལྡན་བྱེད་པའི་ལས་བྱེད་དང་ཁོར་ཡུག་གི་མཐུན་རྐྱེན་ཡང་ཤིན་ཏུ་ཞན་པས། ད་ཡོད་ཀྱི་བཅའ་སྡོད་བྱིས་སྐྱོང་ཁང་དང་སློབ་ཆུང་དེ་དག་ནི་ས་གནས་སྲིད་གཞུང་གིས་རང་གི་དཔལ་འབྱོར་གྱི་གནས་བབ་ལ་མ་བལྟས་པར་རྡོ་ཆག་བཙན་སྒྲིག་གིས་བཙུགས་པའི་སློབ་གྲྭ་ཉག་ཅིག་ཡིན་པས། དེ་འདྲའི་ཁོར་ཡུག་གི་ནང་དུ་སོ་སོའི་ནར་མ་སོན་པའི་བྱིས་པ་དང། ལྷག་པར་དུ་ལོ་གསུམ་ཡན་དང་ལོ་བཅུ་བཞིའི་མན་གྱི་བྱིས་པ་དག་ལ་ཚད་དང་ལྡན་པའི་ཁྱིམ་ཚང་སློབ་གསོ་ཐོབ་མི་ཐུབ་ལ་སློབ་གྲྭའི་སློབ་གསོ་སྤུས་ལེགས་ཀྱང་རྒྱུད་ལ་འབྱོར་དཀའ་བར་གདའ། མ་ཟད་དེ་འདྲའི་ཁོར་ཡུག་གི་ནང་དུ་བྱིས་པ་དག་གི་ལུས་སེམས་ལ་མངོན་ལྐོག་གཉིས་ཀྱི་གནོད་འཚེ་མི་ཉུང་བ་ཞིག་ཐེབས་དང་ཐེབས་བཞིན་ཡོད་པ་དེའང་ཁྱིམ་བདག་ལ་མཚོན་ན་ལྐོག་གྱུར་གྱི་གནས་སུ་ལུས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་བྱིས་པ་ནི་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཀྱི་རུ་མ་ཡིན་པས། བྱིས་པ་དེ་དག་བཅའ་སྡོད་སློབ་གསོའི་མིང་ཐོག་ནས་ཁྱིམ་ཚང་དང་སོ་སོར་བཀར་དེ་བཅའ་སྡོད་བྱེད་དུ་བཅུག་ན་བྱིས་པ་དེ་ལ་བདེ་སྐྱིད་མེད་པ་མ་ཟད་ཁྱིམ་ཚང་དེ་ལའང་སྡུག་བསྔལ་ཚད་མེད་པ་བསྐྱལ་ངེས་རེད། ད་བར་བོད་ཁུལ་ན་བཅའ་སྡོད་སློབ་ཆུང་མང་པོ་བཙུགས་པའི་རྐྱེན་གྱིས། ཁྱིམ་བདག་གིས་རང་གི་བྱིས་པ་ལྟ་རྟོག་གི་ཆེད་དུ་ཞིང་ལས་འབྲོག་ལས་བཞག་སྟེ་སློབ་གྲྭའི་ཉེ་འཁོར་ནས་ཁང་བ་གླས་ནས་འདུག་པའམ་རླངས་འཁོར་དུ་འདུག་པ་ལ་སོགས་པ་་མང་ཚོགས་ལ་དགོས་མེད་ཀྱིས་བསྐྱེད་པའི་དཀའ་ངལ་དང་སྐྱོ་གར་གང་མང་ཞིག་མཐོང་ཞིང་ཐོས་བཞིན་པ་རེད། མེ་དང་ཉི་མ་དྲོ་ན་སྐྱིད།། ཕ་མ་བུ་ཕྲུག་འཛོམས་ན་སྐྱིད། གཙོ་འཛིན་ཞི་ཅིན་ཕིན་གྱིས་ཁྱིམ་ཚང་ནི་རྒྱལ་ཁབ་དར་རྒྱས་དང་མི་རིགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན། ཁྱིམ་ཚང་ཁྲི་ཕྲག་སྟོང་ཕྲག་ལ་བདེ་སྐྱིད་བྱུང་ན་ད་གཟོད་རྒྱལ་ཁབ་དང་མི་རིགས་ལ་བདེ་སྐྱིད་འབྱུང་ཐུབ་(家庭是国家发展、民族进步、社会和谐的重要基石,千家万户都好,国家才能好,民族才能好。)ཅེས་བཤད་པ་ལྟར། ས་གནས་སྲིད་གཞུང་གིས་བཅའ་སྡོད་སློབ་གྲྭའི་མིང་ཐོག་ནས་ཁྱིམ་ཚང་བརྒྱ་ཕྲག་སྟོང་ཕྲག་གི་བདེ་སྐྱིད་གཏོར་བཤིག་བཏང་སྟེ་སྡུག་བསྔལ་བར་བཏང་ན་རྒྱལ་ཁབ་བདེ་སྐྱིད་དང་མི་རིགས་བདེ་སྐྱིད་ཅན་ཞིག་ཡོང་ཐབས་བྲལ། གནད་འགག་འདི་ལ་གཞིགས་ཏེ་ང་ཚོས་ས་གནས་སྲིད་གཞུང་དང་སློབ་གསོ་ལས་ཁུངས་དག་གིས་ཁྲིམས་ལུགས་དང་གཙོ་འཛིན་གྱི་བསླབ་བྱ་རྣ་ལྟག་གི་རླུང་ལྟར་བཞག་སྟེ། སོ་སོའི་དཔལ་འབྱོར་ཁེ་ཕན་ཉི་ཚེ་བ་ཡི་ཆེད་དུ་ཁྱིམ་ཚང་སྟོང་ཕྲག་ཁྲི་ཕྲག་གི་བདེ་སྐྱིད་ལ་གཏོར་བཤིག་བཏང་སྟེ་དགོས་མེད་དང་ཁྲིམས་མེད་ལུགས་མེད་ཀྱིས་བཅའ་སྡོད་སློབ་ཆུང་བཙུགས་དང་འཛུགས་བཞིན་པའི་སྲིད་ཇུས་ལ་དགག་པ་བརྒྱབ་སྟེ། རང་གི་བུ་ཕྲུག་ལ་ཚད་ལྡན་གྱི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་ཚང་གི་བདེ་སྐྱིད་འཐོབ་ཆེད་གཤམ་གྱི་ལས་གཞི་ཁག་མ་བསྐུལ་དང་བླངས་ཀྱིས་བསྒྲུབ་དགོས།
དང་པོ། ཤེས་ཡོན་པ་དང་རོང་འབྲོག་མང་ཚོགས་མཉམ་སྦྲེལ་བྱས་ཏེ་ས་གནས་མི་དམངས་སྲིད་གཞུང་དང་དེའི་སློབ་གསོའི་ལས་ཁུངས་བཅས་ལ་རང་རང་གི་སྡེ་བ་ནང་གི་སྒོ་བརྒྱབ་ཟིན་པའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་དང་བྱིས་སྐྱོང་ཁང་ཡང་བསྐྱར་སྒོ་འབྱེད་དགོས་པའི་རེ་འདུན་བཏོན་ཏེ་སྡེ་བའི་བྱིས་པ་དག་གིས་རང་རང་གི་ཁྱིམ་ཚང་གི་ཉེ་འཁྲིས་སུ་སློབ་གྲྭའི་སློབ་གསོ་འཐོབ་པ་དང་དགོང་དྲོར་རང་གི་ཁྱིམ་ཚང་དུ་ཁྱིམ་ཚང་སློབ་གསོ་འཐོབ་དགོས་པའི་གནད་འགག་ཞུ་དགོས། དེ་མིན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་ལྷན་ཁང་། སློབ་གསོ་པུའུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ལྷན་ཁང་བཅས་ལའང་སྙན་ཞུ་ཕུལ་ཏེ་རང་རང་གི་སྡེ་བའི་སློབ་ཆུང་ཡང་བསྐྱར་སྒོ་འབྱེད་པའམ་གསར་འཛུགས་ཀྱི་རེ་འདུན་ཡི་གེ་ཕུལ་དགོས། གལ་ཏེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། དགོན་སྡེ་དང་ས་གནས་བུད་མེད་ལྷན་ཚོགས་སོགས་ཀྱི་ངོས་ནས་དེ་འདྲའི་སྙན་ཞུ་ཞིག་ཡར་ལ་ཕུལ་ཐུབ་ན་དེ་བས་ཀྱང་ལེགས། སྙན་ཞུ་ཡི་གེ་ནང་དུ་ཐུན་མོང་སློབ་གྲྭ་ཡིས་བྱིས་པ་དག་གི་ལུས་སེམས་ལ་བསྐྱེད་པའི་ཤན་ཤུགས་དང་དགེ་མཚན་སོགས་བརྗོད་དེ་ཐག་ཉེ་ས་ནས་སློབ་གྲྭར་སོང་ན་བྱིས་པ་དང་ཁྱིམ་ཚང་དང་སྤྱི་ཚོགས་བཅས་ལ་ཕན་ཡོན་ཡོད་པ་མ་ཟད་ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་ཁྱིམ་བདག་གིས་ལག་བསྟར་བྱེད་ཐུབ་ལ། སྲིད་གཞུང་གིས་ནམ་རྒྱུན་བོད་ཡུལ་གྱི་འཛུགས་བསྐྲུན་དང་དཔལ་འབྱོར་ཡར་རྒྱས་སུ་བཏང་རབས་བཤད་གིན་ཡོད་པས་ན། སྡེ་བ་རེ་རེ་ན་གཞུང་སྒྲུབ་སློབ་གྲྭ་ཡོད་ན་སྲིད་གཞུང་གི་ཁ་བཤད་དོན་ལ་གནས་པ་མཚོན་ཐུབ་པའི་གནད་འགག་བརྗོད་དེ་སྡེ་བ་རེ་རེ་ནས་ཐུན་མོང་སློབ་གྲྭའམ་ཉིན་སློབ་བཙུགས་ན་སྲིད་གཞུང་ལའང་ཕན་རབས་བཤད་དེ། དེ་ལྟ་བུའི་སློབ་གྲྭ་འཛུགས་པར་སྲིད་གཞུང་ལ་རྒྱུ་འབྱོར་གྱི་སྟོབས་ཤུགས་དང་མཐུན་རྐྱེན་འཛོམས་ལུགས་ཀྱང་བཤད་དགོས། དེ་མིན་བཅའ་སྡོད་སློབ་གྲྭ་ནས་མནར་གཅོད་དང་སྣང་མེད་ཀྱིས་བྱིས་པ་ལ་གནོད་སྐྱོན་བྱུང་བའི་དཔེ་མཚོན་དེ་དག་ཀྱང་རྒྱུ་མཚན་བྱས་ཏེ་བྱིས་པར་ཁྱིམ་ཚང་སློབ་གསོ་རག་ཐབས་ལ་བརྩོན་ལེན་བྱེད་དགོས།
གཉིས་པ། བཅའ་སྡོད་བྱིས་སྐྱོང་ཁང་དང་སློབ་ཆུང་དང་ཐག་མི་རིང་བའི་་ཁྱིམ་བདག་རྣམས་ཀྱིས་རང་རང་གི་ས་ནས་དགོང་མོར་བཅའ་སྡོད་སློབ་ཆུང་དང་བྱིས་སྐྱོང་ཁང་གི་བུ་ཕྲུག་ནང་ལ་ཁྱིམ་ཚང་སློབ་གསོ་སྤྲོད་པར་ཁྲིད་དེ། ཞོགས་པར་ཕྱིར་དུས་ལྟར་སློབ་གྲྭར་བསྐྱེལ་བའི་ལས་འགན་བསྒྲུབ་དགོས། གལ་ཏེ་ཁྱིམ་ཚང་དང་སློབ་གྲྭ་དང་བར་ཐག་ཤིན་ཏུ་རིང་ན། ཁྱིམ་བདག་གིས་ཁྱིམ་བདག་གཞན་ལ་འབྲེལ་ལམ་བཙུགས་ཏེ་སློབ་མ་རླངས་འཁོར་ཚད་ལྡན་གྱིས་ཚུར་ལེན་ཕར་བསྐྱེལ་གྱི་ཞབས་ཞུ་ལས་རེས་བཙུགས་ཏེ་ཁྱིམ་བདག་གཞན་གྱིས་ཀྱང་དེ་ལ་རམ་འདེགས་བྱེད་དུ་འཇུག་པ། མ་མཐའ་ཡང་གཟའ་མཇུག་དང་གུང་སེང་གི་སྐབས་སུ་རང་རང་གི་བྱིས་པ་ངེས་པར་དུ་རང་ཁྱིམ་ལ་ཁྲིད་དེ་ཁྱིམ་ཚང་སློབ་གསོ་སྤྲོད་པའི་ལས་ལ་གཞོལ་དགོས།
ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་ལྟར་ན་ཕ་མར་རང་རང་གི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་རྒྱུའི་་འགན་ཁུར་ཡོད་པ་དང་། འགན་ཁུར་དེ་མ་བསྒྲུབ་ན་ཁྲིམས་ལུགས་ཀྱི་ཆད་པ་ཡོད་པས་དེ་ལུགས་སློབ་གྲྭར་བཤད་དེ་ནངས་དགོང་དང་གུང་སེང་གི་དུས་ཚིགས་སུ་རང་གི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་དངོས་སུ་སྤྲོད་དགོས། གལ་ཏེ་སློབ་གྲྭས་ཁྱིམ་བདག་ལ་སློབ་མ་ཁྲིད་མི་ཆོག་ཅེས་བརྗོད་ན་ཁྱིམ་བདག་གིས་ཁོ་བོ་ཅག་གིས་རང་གི་བུ་ཕྲུག་ལ་ཁྱིམ་ཚང་སློབ་གསོ་སྤྲོད་དགོས་ཞེས་ནན་བསྐུལ་གྱིས་ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་བསྟན་དེ་རྒྱུ་མཚན་བཤད་པ་དང་། གལ་ཏེ་སློབ་གྲྭས་ཁྱིམ་ཚང་སློབ་གསོ་ཁོང་ཚོས་སྤྲད་ན་ཆོག་ཅེས་བརྗོད་ན་སློབ་གྲྭ་ནི་ཁྱིམ་ཚང་སློབ་གསོ་སྤྲོད་མཁན་མིན་པ་ཁྲིམས་དེ་ན་གསལ་བའི་དོན་ཚན་ཁག་ལུང་དྲངས་ཏེ་རྩོད་པར་བྱ། གང་ལྟར་ཞི་བའི་སྒོ་ནས་རང་གི་བྱིས་པ་དགོང་མོ་ནང་ལ་ཁྲིད། སྔ་དྲོར་་སློབ་གྲྭར་བསྐྱེལ་བའི་ལས་གཞི་སྤེལ་ཏེ་བཅའ་སྡོད་སློབ་མའི་འཚོ་བའི་དཀའ་སྡུག་དང་ཁྱིམ་ཚང་གི་དཀའ་ངལ། བཅའ་སྡོད་སློབ་གྲྭ་ནས་བྱུང་བའི་རྐྱེན་ངན་ལ་སོགས་པའི་གནས་ཚུལ་དང་ཆ་འཕྲིན་སོགས་དྲ་ཐོག་ཏུ་བཞག་སྟེ་དྲ་དམངས་ཀྱིས་རྒྱབ་སྐྱོར་བྱེད་པར་འབད་བརྩོན་བྱེད་དགོས།
མདོར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲའོ་ཡིས་ཁྱིམ་ཚང་སློབ་གསོ་སྐུལ་འདེད་ཁྲིམས་ལག་བསྟར་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཁབ་ཀྱིས་ཁྱིམ་ཚང་སློབ་གསོའི་ཐད་ལ་ཆེད་དུ་ཁྲིམས་ལུགས་བཅའ་བའི་དམིགས་ཡུལ་ནི་རེ་འདུན་འདོན་པ་ཙམ་དང་སྒྲིག་ལམ་འཇོག་པ་ཙམ་མ་ཡིན་པར། ཁྱིམ་ཚང་ལ་དབང་ཆ་དང་ནུས་པ་སྤྲད་དེ་ཁྱིམ་བདག་ལ་རོགས་རམ་བྱེད་པའི་ཆེད་དུ་ཁྲིམས་འདི་བཅས་པ་ཡིན་(国家就家庭教育专门立法,不仅是提要求、立规矩,也是为家庭赋能、为家长提供帮助。)ཞེས་གསལ་འདེབས་བྱས་པ་ལྟར། རྒྱ་ཆེ་བའི་རོང་འབྲོག་དམངས་ཚོགས་ཀྱི་ཁྱིམ་བདག་རྣམས་ཀྱིས་རྒྱལ་ཁབ་དང་ཁྱིམ་ཚང་གི་བདེ་སྐྱིད་དང་། རང་རང་གི་བྱིས་པ་བདེ་ཐང་ངང་འཚར་་ལོངས་འབྱུང་བའི་ཆེད་དུ་ཁྱིམ་ཚང་སློབ་གསོའི་འགན་ཁུར་ཕྲག་ལ་བླངས་ནས། སྲིད་འཛིན་ཞིའི་བསླབ་བྱ་དང་སློབ་གསོ་སྐུལ་འདེད་ཁྲིམས་ཀྱིས་ཁྱིམ་བདག་རྣམས་ལ་སྤྲད་པའི་དབང་ཆ་དང་ཐོབ་ཐང་ལོངས་སུ་སྤྱད་དེ་རང་རང་གི་བུ་ཕྲུག་ནང་དགོང་ལ་ཁྱིམ་ཚང་དུ་ཁྲིད་ནས་ཟོག་ལ་ཆས་སྟེར་དུ་འཇུག་པ། གཡོས་བསྐོལ་བ། ཡང་ན་སྟོན་མོ་དང་རིམ་གྲོ་དང་འདུ་འཛོམས་སོགས་ལ་ཁྲིད་དེ་མི་རིགས་ཀྱི་རང་བཞིན་དང་ཤེས་ཡོན་རྒྱུད་ལ་འབྱོར་བར་བྱེད་པའི་ཁྱིམ་ཚང་སློབ་གསོ་སྤྲོད་པ་ལ་འབད་འབུངས་ངང་ངམ་ཤུགས་ཀྱིས་འཇུག་དགོས།
Leave a Reply