ལྷ་ས་གྲོང་ཁྱེར་བཀག་སྡོམ་བྱས་ཏེ་་ཟླ་བ་གཅིག་ལྷག་འགོར་སོང་། མི་རྣམས་ཀྱིས་དྲ་ཐོག་ནས་བསྐུར་བའི་བརྙན་ཐུང་དང་ཆ་འཕྲིན། ལྷག་པར་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་དྲ་རྒྱ་གཙོས་པའི་མི་མང་གི་སྐྱོན་བརྗོད་ཤུགས་དྲག་ལ་གཡོལ་མ་ནུས་པར་ལས་དོན་འཐུས་ཤོར་དུ་ཕྱིན་པ་ངོས་ལེན་གྱིས་མི་དམངས་ལ་དགོངས་དག་ཞུ་བཞིན་པའི་གནས་སྟངས་ལས་ང་ཚོས་ལྷ་ས་གྲོང་ཁྱེར་གྱི་མི་དམངས་དཀྱུས་་མ་རྣམས་་བརྗོད་ལས་འདས་པའི་དཀའ་ངལ་ལ་འཕྲད་དང་འཕྲད་བཞིན་པ་ཤེས་ཐུབ། བོད་ལྗོངས་ཏང་སྲིད་ལས་ཁུངས་དང་ལྷ་ས་གྲོང་ཁྱེར་གཙོས་པའི་རིམ་པ་སོ་སོའི་སྲིད་གཞུང་གིས་གཞུང་དོན་ལེགས་པར་མ་བསྒྲུབས་པས་ནད་ཡམས་ཁྱབ་བརྡལ་དུ་སོང་སྟེ་མི་མང་ལ་དཀལ་ངལ་ཚད་མེད་བཟོས་ཡོད་ཅིང་། གཞུང་དམངས་གཉིས་ལ་དཔལ་འབྱོར་སོགས་ཀྱི་གོད་ཆག་གཞལ་ལས་འདས་པ་བསྐྱེད་པའི་དོན་རྐྱེན་འདི་ལ་ཁྲིམས་ལུགས་གཞིར་བཟུང་སྟེ་བསམ་འཆར་རེ་འགའ་བཤད་ན་འདི་ལྟ་སྟེ།

དང་པོ། རྩ་ཁྲིམས་ཀྱི་དོན་ཚན་༦༧་དང་༨༩་ལྟར་ན། ཞིང་ཆེན་དང་ལྗོངས་གང་ཡང་རུང་བ་། ཡང་ན་ཞིང་ཆེན་དང་ལྗོངས་གང་རུང་གི་ས་ཆ་ག་གེ་མོ་དོན་རྐྱེན་གང་རུང་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་(紧急状态)སུ་གྱུར་བ་བསྒྲགས་དགོས་ཚེ་ཐོག་མར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ལྟར་གསལ་བསྒྲགས་བྱེད་དགོས་པ་དང་། ལས་ཁུངས་དེ་དག་གི་གསལ་བསྒྲགས་མེད་པར་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་སྲིད་གཞུང་ལ་སོ་སོ་ཛ་དྲག་གནས་སྟངས་སུ་ཡོད་པའི་ཁ་ཚོན་གཅོད་དབང་མེད་ལ་གསལ་བསྒྲགས་བྱེད་དབང་ཡང་མེད། འཕྲལ་བྱུང་བྱུར་ཆག་དོན་རྐྱེན་གདོང་ལེན་ཁྲིམས་(突发事件应对法)་ཀྱི་དོན་ཚན་༦༩་ནང་དུ་ཡང་དེ་ལྟར་གཏན་དབབ་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཛ་དྲག་གི་གནས་སྟངས་སུ་ལྷུང་ཡོད་པའི་གསལ་བསྒྲགས་ད་ལྟའི་བར་དུ་བྱས་མེད་པའི་རྐྱེན་གྱིས་བོད་ལྗོངས་དང་ལྷ་ས་དུས་དེ་རིང་བར་དུ་ཁྲིམས་ལུགས་ཀྱི་སྟེང་ནས་ཛ་དྲག་གི་གནས་སྟངས་སུ་ལྷུང་མེད། དེའི་ཕྱིར་བོད་ལྗོངས་དང་ལྷ་སའི་གྲོང་ཁྱེར་སྲིད་གཞུང་དང་དེ་འབྲེལ་གྱི་ལས་ཁུངས་དག་གིས་ཛ་དྲག་གནས་སྟངས་ལ་ཁ་གཡར་ཏེ་ལྷ་ས་ཕྱོགས་ཡོངས་ནས་ཟླ་བ་གཅིག་ལྷག་ལ་བཀག་སྡོམ་བྱས་པའི་ནད་འགོག་སྲིད་ཇུས་མཐའ་དག་གིས་ཁྲིམས་ལུགས་དང་རྒྱབ་འགལ་བྱས་འདུག

གཉིས་པ། བཀག་སྡོམ་གྱི་དབང་གིས་ནད་པ་དང་ནད་ཕོག་མེད་མཁན་དག་ལ་བཀྲེས་ལྟོགས་ཀྱི་གནས་ཚུལ་ཡང་མང་པོ་འབྱུང་གི་ཡོད་པས་ན། འགོས་ནད་འགོག་བཅོས་ཀྱི་ཁྲིམས་(传染病防治法)ཀྱི་དོན་ཚན་༤༡་གི་ཚན་པ་གཉིས་པའི་ནང་དུ་ནད་རྟགས་ཡོད་མེད་ཀྱི་མི་རྣམས་རང་ཁྱིམ་མམ་སྒྲོམ་ཚང་སྨན་ཁང་སོགས་སུ་ཟུར་བཀག་བརྟག་དཔྱད་དང་ནད་བཅོས་(隔离治疗)ཀྱི་སྐབས་སུ་མི་དེ་དག་གི་ཟ་འཐུང་གི་སྐོར་ལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁག་ཐེག་མཁོ་སྤྲོད་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད་པ་ལྟར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་དུས་ལྟར་མི་རྣམས་ལ་ཟས་རིགས་དང་བཏུང་བ་བསྐྱལ་ལ་ཏེ་དཀའ་ངལ་འདི་དག་སེལ་དགོས།

གསུམ་པ། ལྷ་སའི་གྲོང་ཁྱེར་གྱི་ཉེན་རྟོག་པ་དང་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་པ་སོགས་ཀྱིས་ས་ཆ་དེ་གའི་ནད་རྟགས་མེད་པའི་མི་དག་སྒྲོམ་ཚང་སྨན་ཁང་དུ་མ་སོང་བར་རྐྱེན་བྱས་ནས་མི་དེ་དག་ལ་བདེ་སྲུང་དོ་དམ་ཆད་གཅོད་ཁྲིམས་(治安管理处罚法)ཀྱི་དོན་ཚན་༥༠་བ་སོགས་གཞིར་བཟུང་སྟེ་སྒོར་ཆད་གཅོད་པ་དང་སྲིད་འཛིན་བཀག་ཉར་བྱེད་པ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད། དེ་བཞིན་ཏུ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་གྱི་བཀག་རྒྱ་བྱེད་དགོས་ན་ངེས་པར་དུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གིས་ཐོག་མར་ཁྲིམས་ལུགས་གཏན་དབབ་བྱེད་དགོས་པ་རྩ་དོན་ཡིན་ཙང་། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་འདུས་པའི་མི་དམངས་སྲིད་གཞུང་ལ་སོགས་པའི་དབང་དྲག་ལས་ཁང་བཅས་ལ་གྲོང་མིའི་མི་ལུས་རབ་དབང་ལ་ཚོད་འཛིན་གྱི་ཁྲིམས་དང་སྲིད་ཇུས་ལོགས་སུ་བཅས་ཏེ་ལག་བསྟར་བྱེད་པའི་དབང་ཆ་མེད། དེ་མིན་གནས་ཚུལ་གང་དང་གང་བྱུང་ཡང་ཉེན་རྟོག་པས་མི་མང་ལ་རྡུང་རྡེག་བྱེད་ཆོག་པའི་ཁྲིམས་རྩ་བ་ཉིད་ནས་མེད་པས། ཉེན་རྟོག་པ་དེ་རིགས་ལ་མི་མང་གིས་ཐེར་འདོན་བྱས་ཏེ་ཆད་པ་ནན་མོ་གཅོད་དུ་འཇུག་དགོས།

བཞི་བ། ནད་ཡམས་འགོག་བཅོས་ལས་ཁུངས་ལ་ཞི་དྲག་གང་རུང་གིས་ནད་རྟགས་མེད་པའི་མི་རྣམས་སྒྲོམ་ཚང་སྨན་ཁང་(方舱)ལ་འདེད་པའི་དབང་ཐང་མེད། འགོས་ནད་འགོག་བཅོས་ཀྱི་ཁྲིམས་(传染病防治法)ཀྱི་དོན་ཚན་༣༩་ལ་སོགས་པའི་ནང་། ཚད་རིམ་དང་པོ་ཅན་གྱི་འགོས་ནད་ཕོག་པའི་ནད་པ་དང་། འགོས་ནད་ཀྱི་ནད་འབུ་ཡོད་མཁན།(病原携带者) འགོས་ནད་ནད་པར་དོགས་པ་ཡོད་མཁན་རྣམས་ལ་དགོས་དབང་གིས་སྨན་བཅོས་ལས་ཁང་གིས་བཀག་སྡོམ་གྱིས་ནད་བཅོས་བྱས་ཆོག་པ་དང་། མི་དེ་དག་གིས་སྨན་བཅོས་མི་བྱེད་པའམ་སྨན་བཅོས་བྱེད་ས་ནས་བྲོས་ན་ཉེན་རྟོག་པས་རམ་འདེགས་བྱས་ཏེ་བཙན་གྱིས་བཀག་སྡོམ་སྨན་བཅོས་བྱས་ན་ཆོག་ཅེས་གཏན་དབབ་བྱས་པ་མ་གཏོགས། ནད་པ་དང་འབྲེལ་འདྲིས་ཡོད་པ་ཙམ་དང་། དེའི་ཉེ་འཁོར་དུ་གནས་པ་ཙམ་གྱིས་མི་དེ་དག་ཚང་མ་བཙན་གྱིས་སྒྲོམ་ཚང་སྨན་ཁང་ལ་འདེད་ཆོག་པའི་གཏན་དབབ་མེད། ལྷ་སའི་ཉེན་རྟོག་པ་དང་ནད་འགོག་ལས་བྱེད་སོགས་ཀྱིས་ནད་རྟགས་ཡོད་མེད་ཀྱི་གྲོང་མི་ཐམས་ཅད་སྒྲོམ་ཚང་སྨན་ཁང་དུ་ཁྱུ་འདེད་བྱས་པ་དེས་སྤྱི་དམངས་ཀྱི་མི་ལུས་རང་དབང་དང་མི་ཡི་ཆེ་མཐོང་བཅས་ལ་གནོད་འཚེ་བྱས་པས་མི་ཚད། ནད་ཡམས་འགོག་བཅོས་ཀྱི་དམིགས་ཡུལ་དང་བྱེད་ཐབས་བཅས་ལའང་རྦད་དེ་འགལ་ཡོད། 

ལྔ་བ། ནད་འགོག་ལས་བྱེད་ལ་གྲོང་མིའི་ཆོག་མཆན་མེད་པར་ཁོ་ཚོའི་ཁྱིམ་ཚང་དུ་འཛུལ་བའམ་མི་གང་རུང་གི་ཁྱིམ་གྱི་སྒོ་ཟྭ་བཅག་སྟེ་ཁྱིམ་དུ་འཛུལ་ནས་དུག་སེལ་བྱེད་པ་ལ་སོགས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་གཤའ་མ་ཡིན། རྩ་ཁྲིམས་ཀྱི་དོན་ཚན་༣༩་ཡི་ནང་དུ་སྤྱི་དམངས་ཀྱི་གནས་ཁྱིམ་ལ་གཞན་གྱིས་གནོད་འཚེ་བྱས་མི་ཆོག་ཅིང་། ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་གནས་ཁྱིམ་བསྔོག་བཤེར་དང་ཁྱིམ་ལ་འཛུལ་བའི་སྦྱོར་བ་གཏན་ནས་བཀག་ཡོད་ཅེས་གཏན་དབབ་བྱས་ཡོད་པས། ནད་ཡམས་འགོག་བཅོས་མི་སྣ་གྲོང་མིའི་གནས་ཁྱིམ་དུ་བཙན་གྱིས་འཛུལ་མི་ཆོག་ཅིང་། འཛུལ་མཁན་བྱུང་ན་གྲོང་མི་རྣམས་ཀྱིས་ཁ་གཏད་བཅག་ན་ཆོག་པ་མ་ཟད། དེ་དག་གི་ཉེས་འགན་ཡང་འདེད་པའི་ཐོབ་ཐང་ཡོད། ཉེས་ཁྲིམས་ཀྱི་ནང་གི་ཁྲིམས་འགལ་གྱིས་གཞན་གྱི་གནས་ཁྱིམ་དུ་འཛུལ་བའི་ཉེས་སྤྱོད་(非法侵入他人住宅罪)བྱུང་ན་འཛུལ་མཁན་ལ་ལོ་གསུམ་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་པས་ན་ཁྱིམ་བདག་གིས་ཁྲིམས་ལུགས་གཞིར་བཟུང་སྟེ་གང་བྱུང་དུ་མི་གཞན་གྱི་ཁྱིམ་ལ་འཛུལ་མཁན་དེ་དག་ཁྲིམས་ལ་སྦྱོར་འོས། 

དྲུག་པ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཏང་སྲིད་འགོ་ཁྲིད་ལས་བྱེད་རྩ་དགོངས་ཞུ་ཐབས་ཀྱི་གནས་སྐབས་གཏན་དབབ་(党政领导干部辞职暂行规定)ཀྱི་ཡིག་ཆའི་དོན་ཚན་བཅོ་ལྔའི་ཚན་པ་གསུམ་པའི་ནང་དུ། ནད་ཡམས་འགོག་བཅོས་ཀྱི་ཐད་ལ་ལས་འགན་འཐུས་ཤོར་བྱུང་སྟེ། གོད་ཆག་ཚབས་ཆེན་དང་ཡང་ན་ཤུགས་རྐྱེན་ཤིན་ཏུ་ངན་པ་བྱུང་བའི་ཐད་འགོ་ཁྲིད་ལ་འགན་ཁུར་ཡོད་ན་འགོ་ཁྲིད་རང་ཉིད་ངེས་པར་དུ་འགོ་ཁྲིད་ཀྱི་ལས་གནས་དེ་ནས་རྩ་དགོངས་ཞུ་དགོས་(第十五条: 党政领导干部有下列情形之一的,应当引咎辞职:(三)在防治疫情等方面严重失职,造成重大损失或者恶劣影响,负主要领导责任的。)ཞེས་པའི་གཏན་འཁེལ་ལྟར་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅུའུ་ཝང་ཅོན་ཀྲིན་དང་། བོད་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཡྭན་ཅིན་ཧྭེ། ལྷ་སའི་གྲོང་ཁྱེར་ཏང་ཨུའི་་ཧྲུའུ་ཅུའུ་་ཕུར་བ་དོན་གྲུབ། ལྷ་སའི་གྲོང་ཁྱེར་གྲོང་དཔོན་སྒོ་སྒོ་གཙོས་པའི་ཏང་སྲིད་འགོ་ཁྲིད་རྣམས་ཀྱིས་ཐེངས་འདིའི་ནད་ཡམས་འགོག་བཅོས་ཀྱི་འགོ་ཁྲིད་ལས་དོན་ལ་ནོར་འཁྲུལ་ཆེན་པོ་བྱུང་སྟེ་མི་དམངས་དང་རྒྱལ་ཁབ་ལ་གོད་ཆག་དང་བརྡབ་གསིག་ཚབས་ཆེན་པོ་བཟོས་པས་མི་ཚད། ལྷ་ས་མི་མང་གི་ཡིད་སྐྱོ་བའི་གནས་སྟངས་དེ་འཛམ་གླིང་ཡོངས་ལ་ཁྱབ་པས་རྒྱལ་ཁབ་ཀྱི་རྣམ་པ་དང་མཚན་སྙན་ལའང་ཤིན་ཏུ་ནས་གནོད་པ་བྱས་རྐྱེན། འགོ་ཁྲིད་འདི་དག་་གོང་གི་གཏན་དབབ་ལྟར་སོ་སོའི་འགོ་ཁྲིད་ཀྱི་ལས་གནས་དེ་ནས་རྩ་དགོངས་ཞུས་ཏེ་རྒྱལ་ཡོངས་དང་བོད་ལྗོངས་ཀྱི་མི་དམངས་ལ་དགོངས་དག་ཞུ་དགོས།

མདོར་ན། གཙོ་འཛིན་ཞི་ཅིན་ཕིན་གྱིས་ཇི་ལྟར་ནད་འགོག་གི་ལས་དོན་ཤིན་ཏུ་བྱ་དཀའ་བའི་གནས་སུ་ལྷུང་ནའང་། དེ་ལྟར་ཁྲིམས་ལུགས་ལ་བརྟེན་ནས་ནད་འགོག་བྱེད་དགོས་ཤིང་། ཁྲིམས་སྐྱོང་གི་ལྕགས་ལམ་སྟེང་ནས་ནད་འགོག་གི་བྱ་གཞག་ཐམས་ཅད་འཆར་གཞི་དང་ལྡན་པར་སྤེལ་ཏེ། ནད་འགོག་གི་ལས་དོན་བདེ་བླག་ངང་སྤེལ་བ་ལ་ཁག་ཐེག་བྱ་དགོས། ཞེས་ཡང་ཡང་བཤད་པའི་གདམས་ངག་དེ་བོད་ལྗོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་རྣམས་ཀྱིས་རྣ་ལྟག་གི་རླུང་ལྟར་བསྐྱུར་ཏེ་དོ་སྣང་མ་བྱས་པའི་རྐྱེན་གྱིས་ཐེངས་འདིར་བོད་ལྗོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་ལ་འཐུས་ཤོར་དང་བྱུར་ཆག་བྱུང་། ཉེ་ཆར་་ཀྲུང་གུང་ཀྲང་དབྱང་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི་འགོ་ཁྲིད་ལས་བྱེད་ཀྱིས་ལས་འགན་འདེགས་ནུས་འཇོག་ནུས་ཀྱི་ལས་དོན་སྐུལ་འདེད་(推进领导干部能上能下规定)ཀྱི་གཏན་འཁེལ་གྱི་དོན་ཚན་ལྔ་བ་ནང་དུ། འགོ་ཁྲིད་ལས་བྱེད་ཀྱིས་མི་དམངས་མང་ཚོགས་ཀྱི་ལུས་སྲོག་ལོངས་སྤྱོད་ཤིན་ཏུ་ཛ་དྲག་པའི་གནས་སུ་ལྷུང་བའི་སྐབས་སུ་དཔའ་སྤོབས་ཀྱི་གདོང་ལེན་མི་བྱེད་པར་ཝ་འགྲོས་བྱེད་པ་དང་། ལས་འགན་ཤིན་ཏུ་གལ་ཆེན་ཁུར་དུ་མི་ལེན་པའམ། ཁུར་དུ་བླངས་རུང་དོན་ཕན་མ་བྱུང་བ་ལ་སོགས་པའི་གནད་དོན་བྱུང་ད་ཡོད་ཀྱི་འགོ་ཁྲིད་ལས་གནས་སུ་འཕོ་འགྱུར་གཏོང་དགོས་ཞེས་གཏན་དབབ་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་དང་ལྷ་སའི་གྲོང་ཁྱེར་གྱི་གོང་སྨྲས་ཏང་སྲིད་འགོ་ཁྲིད་བཅས་ཀྱིས་གཙོ་འཛིན་དང་ཏང་གི་བཀའ་དང་དུ་མ་ལེགས་པར་མ་བླངས་པའི་རྐྱེན་གྱིས་བོད་ལྗོངས་མི་དམངས་མང་ཚོགས་ཡོངས་ལ་ལུས་སྲོག་རྒྱུ་ནོར་ཐདབཟོད་བླག་བྲལ་གྱོད་གུན་བསྐྱེད་པས་དེ་དག་ལས་གནས་སུ་འཕོ་འགྱུར་གཏོང་དགོས་ཞིང་། དེ་ལྟར་འཕོ་འགྱུར་བཏང་ན་ད་གཟོད་བོད་ལྗོངས་ཀྱི་རིམས་ནད་འགོག་བཅོས་ཀྱི་ལས་དོན་དེ་དག་ཁྲིམས་སྐྱོང་དང་མཐུན་པར་སྤེལ་ཐུབ། 

གསལ་འདེབས། ནད་ཡམས་འགོག་བཅོས་ཀྱི་ཁྲོད་དུ་མི་མང་རྣམས་ཀྱིས་ཀྱང་གཅིག་ཕན་གཅིག་གྲོགས་ཀྱི་འདུ་ཤེས་ཀྱིས་ཁྱིམ་མཚེས་དང་ཉེ་འབྲེལ་བཅས་ལ་ལྟ་སྐྱོང་དང་རོགས་རམ་སོགས་བྱས་ཏེ་ལྟོ་གོས་གནས་སྨལ་དང་སྨན་སོགས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་སྐྱིད་སྡུག་གི་མཐུན་ལམ་བཟང་པོ་བསྐྲུན་དགོས་ཤིང་ནམ་ནམ་ཞར་ཞར་གཞུང་དང་གཞན་ལ་ངང་སྒུག་རེ་ལྟོས་མི་བྱེད་པར་རང་རྐྱ་ཐུབ་པའི་བཙན་ས་ཟིན་དགོས།