རྒྱལ་སྲིད་སྤྱི་ཁྱབ་ཁང་ལ། 

༢༠༠༧་ལོའི་སྤྱི་ཟླ་༧་པའི་ཚེས་༡༣་ཉིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་དོ་དམ་བྱེད་ཐབས་ཞེས་པའི་སྒྲིག་སྲོལ་བསྒྲགས་ཏེ་ལོ་དེའི་སྤྱི་ཟླ་༩་བའི་ཚེས་༡་ཉིན་ནས་བཟུང་ལག་བསྟར་བྱས་ཤིང་། ༢༠༡༠་ལོའི་སྤྱི་ཟླ་༩་བའི་ཚེས་༢༩་ཉིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་བོད་བརྒྱུད་ནང་བསྟན་དགོན་པ་དོ་དམ་བྱེད་ཐབས་ཞེས་པའི་སྒྲིག་སྲོལ་བསྒྲགས་ཏེ་ལོ་དེའི་ཟླ་༡༡་པའི་ཚེས་༡་ཉིན་ནས་བཟུང་སྟེ་ལག་བསྟར་བྱས། ང་ཚོས་བསམ་ན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་གཏན་འབེབས་བྱས་པའི་སྒྲིག་སྲོལ་དེ་གཉིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་ཟླ་ཡོད་པ་མ་ཟད། ཏང་ཀྲུང་དབྱང་གིས་སྐུལ་འདེད་བྱེད་བཞིན་པའི་ཁྲིམས་སྐྱོང་གི་ལམ་སྟོན་དང་གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཁྲིམས་སྐྱོང་བསམ་བློའི་རྩ་དོན་ལ་ཡང་འགལ་ཡོད་པར་མཐོང་བས། ང་ཚོས་སྒྲིག་སྲོལ་གཏན་འཁེལ་བརྒྱུད་རིམ་སྲོལ་ཡིག་གི་དོན་ཚན་༣༥་བའི་ནང་རྒྱལ་ཁབ་ཀྱི་ལས་ཁང་དང་སྤྱི་ཚོགས་སྡེ་ཁག ཚོང་ལས་ཁེ་གཉེར་དང་སྤྱི་དམངས་གང་ཡང་རུང་བས་སྒྲིག་སྲོལ་གྱི་གཏན་འབེབས་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ལ་འགལ་ཡོད་པར་བསམས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡིག་ཐོག་ནས་བརྟག་དཔྱད་གཏོང་དགོས་པའི་གྲོས་གཞི་བཏོན་ན་ཆོག་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྒྲིག་ལས་ཁང་གིས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བསམ་འཆར་ལྟར་ཁྲིམས་བཅས་ཀྱི་བརྒྱུད་རིམ་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་པའི་ཁྲིམས་ཡིག་གཞིར་བཟུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་སྲོལ་འདི་གཉིས་ནུས་མེད་དུ་གཏོང་དགོས་པའི་ཞུ་ཡིག་འདི་ཕུལ། 

ང་ཚོའི་རྒྱུ་མཚན། 

དང་པོ། བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་དོ་དམ་བྱེད་ཐབས་ཀྱི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གིས་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་རྒྱུན་ལུགས་སྲོལ་དང་མི་འཚམས་པ་མ་ཟད་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་གྱི་སྒྲོམ་གཞི་ལའང་རྒྱབ་འགལ་བྱས་པའི་དོན་ཚན་མི་ཉུང་བ་ཡོད། དཔེར་ན་བྱེད་ཐབས་དེའི་དོན་ཚན་༤་བའི་ནང་། སྤྲུང་སྐུའི་ཡང་སྲིད་ལ་ངོས་འཛིན་བྱེད་པར་རེ་ཞུ་བྱེད་སྐབས། གཤམ་གྱི་གནས་ཚུལ་ཡོད་ན་ཡང་སྲིད་ངོས་འཛིན་བྱེད་མི་རུང་། ༡ བོད་བརྒྱུད་ནང་བསྟན་གྱི་སྒྲིག་ཁྲིམས་ནང་དུ་ཡང་སྲིད་འཁྲུངས་མི་ཆོག་པར་བཅས་ཡོད་པའི་རིགས་དང་། ༢ ཁུལ་ཡོད་པའི་གྲོང་ཁྱེར་རིམ་པའམ་དེ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡང་སྲིད་འཁྲུངས་མི་ཆོག་པའི་ཐག་བཅད་པ་ཞེས་པའི་གཏན་འབེབས་ལྟ་བུའོ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཐད་གྲུབ་མཐའ་ཁག་ལ་གཅིག་གྱུར་གྱི་ཆོས་ཁྲིམས་ཤིག་མེད་པ་མ་ཟད། དེའི་ཐད་གྱི་ལག་ལེན་ཡང་མི་འདྲ་བ་སྣ་ཚོགས་ཡོད། ཆོས་བརྒྱུད་ལ་ལས་ཆོས་བརྒྱུད་གཞན་གྱི་བླ་མའི་ཡང་སྲིད་བཙལ་མི་ཆོག་ཅེས་བཀའ་འབེབས་སྲོལ་གྱི་བྱུང་བ་རེ་གཉིས་ཡོད་ནའང་། ཆོས་བརྒྱུད་དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཡོངས་རྫོགས་མཚོན་མི་ནུས། དེ་མིན། གྲོང་ཁྱེར་རིམ་པའམ་དེ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡང་སྲིད་འཁྲུངས་མི་ཆོག་ཅེས་པའི་གཏན་འཁེལ་དེ་ཡང་ལྷ་མེད་སྨྲ་བའི་ཀྲུང་གོ་རྒྱལ་ཁབ་ཀྱི་སྲིད་གཞུང་གི་རྩ་དོན་ལ་འགལ། ལྷ་མེད་གྱི་ལྟ་བ་འཛིན་པའི་མི་དམངས་སྲིད་གཞུང་གིས་ལྷ་ཡོད་པར་སྨྲ་བའི་ཐག་གཅོད་ཅིག་ཇི་ལྟར་བྱེད་དགོས་སམ། ༢༠༡༦་ལོའི་སྤྱི་ཟླ་༦་པའི་ནང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་སྟེང་གཙོ་འཛིན་ཞིས་ཅིན་ཕིན་གྱིས་མར་ལེ་རིང་ལུགས་ཀྱི་ལྷ་མེད་པར་སྨྲ་བའི་ལྟ་བ་ནི་རྩ་དོན་ཆེན་མོ་ཡིན་ཞེས་བཤད་ཅིང་། མར་ལེ་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་སྲིད་སྐྱོང་བའི་གཞི་རྩའི་ཆ་རྐྱེན་ཡིན་པས། ཆོས་ལུགས་དོ་དམ་ལས་ཁུངས་དང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྩ་དོན་ཆེན་མོ་འདི་དང་འགལ་ཏེ་སྤྲུལ་སྐུའི་ཡང་སྲིད་འཁྲུངས་རུང་མི་རུང་གི་ཐག་བཅད་ན་ག་ལ་འགྲིག 

གཉིས་པ། བོད་བརྒྱུད་ནང་བསྟན་དགོན་པ་དོ་དམ་བྱེད་ཐབས་ཀྱི་ནང་དུ་ཁྲིམས་འགལ་གྱི་སྒོ་ནས་སྲིད་འཛིན་ཆོག་མཆན་བཅས་ཏེ་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་དང་དགོན་པ་ཡི་ཐོབ་ཐང་འཕྲི་འཐེན་བྱས་ཤིང་། ས་གནས་སོ་སོའི་ནང་བསྟན་མཐུན་ཚོགས་ལ་ཁྲིམས་ལས་བརྒལ་བའི་དབང་ཐང་སྤྲད་དེ་རྣམ་པ་བསྒྱུར་བའི་སྒོ་ནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁང་གི་དབང་ཐང་རྒྱ་ཆེར་བསྐྱེད་པའི་གནད་དོན་ཅན་གྱི་དོན་ཚན་མི་ཉུང་བ་ཞིག་ཡོད། དཔེར་ན་བྱེད་ཐབས་དེའི་དོན་ཚན་༡༦་དང་༡༧་དང་༡༨། དེ་བཞིན་དུ་དོན་ཚན་༢༡་དང་༢༢་དང་༢༥་དང་༢༧་ལ་སོགས་པ་ལྟ་བུའོ། ཆོས་ལུགས་ལས་དོན་ལས་ཁུངས་ལ་སྤྱི་དམངས་གང་ཞིག་གི་འགྲོ་འདུག་རང་དབང་ལ་ཚད་བཀག་ཅན་གྱི་སྒྲིག་སྲོལ་བཅའ་བའི་དབང་ཐང་མེད་པས། འོས་འགན་སློབ་གསོའི་སློབ་ལོ་ལས་བརྒལ་བའི་སྤྱི་དམངས་གང་རུང་དགོན་པར་ཐོས་བསམ་གྱི་ཐོབ་ཐང་དེར་སྲིད་འཛིན་རང་བཞིན་ཅན་གྱི་ལོ་ཚད་ཀྱི་བཀག་རྒྱ་བཅས་ན་ཁྲིམས་ལུགས་ལ་མངོན་པར་འགལ། དེ་ནས་རྒྱལ་ཁབ་ཀྱི་ཁྱིམ་ཐོའི་རྩ་བའི་སྲིད་ཇུས་དང་འགལ་ཏེ་དགོན་པའི་དགེ་འདུན་པའི་ཁྱིམ་ཐོ་བཙན་དྲག་གིས་དགོན་པར་གཅིག་གྱུར་ཏུ་བསྡུས་ན་དེ་ཡང་ཁྲིམས་དང་མི་མཐུན། མ་ཟད་སྲིད་འཛིན་གྱི་དབང་ཆ་མེད་པའི་ཆོས་ལུགས་མཐུན་ཚོགས་སོ་སོར་སྲིད་འཛིན་ཆོག་མཆན་གྱི་དབང་ཐང་སྤྲད་དེ་དགེ་འདུན་པ་བོད་ཁུལ་གྱི་དགོན་པ་དང་གནས་འགང་ཅན་སོགས་ལ་མཆོད་མཇལ་དུ་འགྲོ་བར་བཀག་སྡོམ་བྱས་པ་དེས་སྤྱི་དམངས་ཀྱི་མི་ལུས་རང་དབང་དང་ཆོས་ལུགས་དད་མོས་རང་དབང་གི་རྩ་ཁྲིམས་ཐོབ་ཐང་རྡོག་རོལ་དུ་བཏང་། དཔེར་ན་དེང་སང་མདོ་སྟོད་སྨད་ཀྱི་དགེ་འདུན་པ་ཞིག་དབུས་གཙང་ལ་མཆོད་མཇལ་དུ་འགྲོ་བར་རང་ཉིད་ཡོད་སའི་དགོན་པ་དང་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་ཁུངས་བཅས་ནས་གནང་ཞུ་ཡི་གེ་ལ་སོགས་པའི་ཆོག་མཆན་འདྲ་མིན་ལེན་དགོས་ཤིང་། དེ་མེད་ན་ལམ་བར་ནས་ཉེན་རྟོག་པས་འདྲི་རྩད་བཀག་སྡོམ་བྱས་ཏེ་དཀའ་ངལ་རབ་དང་རིམ་པ་སྤྲོད་ཀྱིན་པའི་གནས་སྟངས་འདི་དག་ཀྱང་སྒྲིག་སྲོལ་འདི་ཡི་ཉེས་དམིགས་ལས་བྱུང་། ལྷག་པར་དུ་བྱེད་ཐབས་དེའི་དོན་ཚན་༢༨་པ་ཡིས་གྲྭ་སྐོར་དང་ཆོས་སྐོར་ལ་འགྲོ་བའི་དགེ་འདུན་པ་དང་། གྲྭ་སྐོར་ཆོས་སྐོར་ཚོགས་སའི་དགོན་པ་བཅས་ལ་ཆོས་ལུགས་ལས་དོན་ལས་ཁུངས་དང་ནང་བསྟན་མཐུན་ཚོགས་ནས་དགོས་མེད་ཀྱི་ཆོག་མཆན་མང་པོ་ཞུ་དགོས་པ་མ་ཟད་དུས་ཡུན་རིང་བའི་བརྒྱུད་རིམ་ཁག་ཀྱང་བརྒྱུད་དགོས་པའི་གཏན་འཁེལ་མཁྲེགས་པོ་བྱས་ཡོད་པ་དེར་ཁྲིམས་ལུགས་ཀྱི་གཞི་རྩ་མེད་པ་མ་ཟད། གཏན་འཁེལ་དེ་དག་གིས་དགེ་འདུན་པ་དང་དགོན་པ་ཡི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་དགོས་མེད་ཀྱི་བར་ཆད་དང་བཀག་སྡོམ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གྲྭ་སྐོར་ལ་འགྲོ་བའི་ལུགས་སྲོལ་བཟང་པོར་གནོད་པ་ཚབས་ཆེན་བསྐྱེལ།  སྲིད་འཛིན་ཆོག་མཆན་སྤྲོད་པའི་ལམ་ལུགས་ཀྱི་ངོ་བོ་ནི་སྲིད་གཞུང་རིམ་པས་ཁྲིམས་ལྟར་སྤྱི་དམངས་དང་ཚོགས་པ་ཡི་རང་དབང་ལ་བཀོད་འདོམས་དང་དབང་བསྒྱུར་བྱེད་པའི་ཐབས་ཤིག་ཡིན་པས་དེས་སྤྱི་དམངས་ཀྱི་ཐོན་བསྐྱེད་དང་འཚོ་བ་ལ་ཤན་ཤུགས་ཚབས་ཆེན་བསྐྱེད་ངེས་པའི་རྒྱུ་མཚན་གྱིས་ལམ་ལུགས་དེ་གང་འདོད་དུ་བཀོལ་རུང་བ་ཞིག་མིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་ཀྱང་སྲིད་འཛིན་ཆོག་མཆན་ཁྲིམས་གྱི་གཏན་འཁེལ་ལ་ངེས་པར་དུ་བརྩི་སྲུང་བྱས་ཏེ། གྲྭ་སྐོར་ཆོས་སྐོར་གྱི་ལས་ལ་བརྩོན་པའི་དགེ་འདུན་པ་དང་དགོན་པ་དག་ལ་འབྲེལ་མེད་ཀྱི་ཇུས་གཏོགས་དང་བཀོད་འདོམ་བྱས་ན་མི་རུང་། 

གསུམ་པ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་བཅས་ཀྱིས་རིགས་སོ་སོའི་མི་རིགས་ལ་རང་གི་ཡུལ་སྲོལ་གོམས་གཤིས་བཅོས་བསྒྱུར་དང་རྒྱུན་འཛིན་གྱི་རང་དབང་ཡོད་ཅེས་གསལ་ཁ་གཏོད་ནས་གཏན་འཁེལ་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དང་དགོན་པ་བཅས་ཀྱི་ལས་དོན་དེ་ཆོས་ལུགས་ལས་དོན་ཁོ་ན་ཙམ་མིན་པར། ལས་དོན་དེ་དག་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་སྲིད་ཇུས་བཅས་ལའང་འབྲེལ་བ་ཐད་ཀར་བདོག་པ་མ་ཟད་། དེ་ནི་བོད་མི་རིགས་ཀྱིས་རང་གི་ཆོས་ལུགས་རིག་གནས་བརྒྱུད་འཛིན་དང་དར་སྤེལ་དང་བཅོས་བསྒྱུར་སོགས་ཀྱི་བྱ་གཞག་གི་ཁོངས་སུ་གཏོགས་པས། ཆོས་ལུགས་ལས་ཁུངས་ཁོ་ནས་ཇུས་གཏོགས་དང་བཀོད་འདོམས་བྱས་ཆོག་པ་ཞིག་མིན། ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༢་ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁང་གཉིས་ཡན་གྱི་དབང་ཁོངས་སུ་གྱུར་བའི་ལས་དོན་སྐོར་ལ་སྒྲིག་སྲོལ་བཟོ་དགོས་བྱུང་ན། ལས་ཁུངས་དེ་དག་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཁྲིམས་སྲོལ་བཟོ་བའི་རེ་ཞུ་དགོས་པ་དང་། ཡང་ན་ལས་ཁང་དེ་དག་གིས་ལྷན་ཏུ་སྒྲིག་སྲོལ་བཟོ་དགོས་ཞེས་གཏན་འཁེལ་བྱས་ཤིང་། སྒྲིག་སྲོལ་བཟོ་བའི་བརྒྱུད་རིམ་སྲོལ་ཡིག་གི་དོན་ཚན་༩་བ་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁང་གཉིས་དང་ཡང་ན་དེ་ལས་མང་བ་དག་གི་དབང་ཁོངས་ལ་འབྲེལ་བ་ཡོད་པའི་ལས་དོན་ལ་སྲིད་འཛིན་ཁྲིམས་སྲོལ་བཟོ་བའི་དུས་ལ་མ་བབས་ཀྱང་ངེས་པར་དུ་སྒྲིག་སྲོལ་བཟོ་དགོས་བྱུང་ན། ལས་ཁང་དེ་དག་གིས་མཉམ་དུ་སྒྲིག་སྲོལ་བཟོ་དགོས་ཤིང་། ལས་ཁང་གང་རུང་གི་རང་ངོས་ནས་སྒྲིག་སྲོལ་བཟོས་ན་སྒྲིག་སྲོལ་དེ་རིགས་ལ་ནུས་པ་མེད་ཅེས་གཏན་འཁེལ་ལྟར། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་རང་ཤེད་ཀྱིས་བཟོས་པའི་སྒྲིག་སྲོལ་དེ་གཉིས་ཁྲིམས་ལུགས་ཀྱི་བཅས་པ་འདི་དག་ལ་ཡང་འགལ་བས་ནུས་པ་མེད་པའི་སྒྲིག་སྲོལ་གྱི་ཁོངས་སུ་གཏོགས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་ལྷན་ཁང་སོགས་ཀྱང་ཡང་བོད་བརྒྱུད་ནང་བསྟན་དགོན་པ་དང་སྤྲུལ་སྐུའི་ཡང་སྲིད་དོ་དམ་བཅས་ཀྱི་ཁྲིམས་བཟོ་ལས་དོན་ལ་མཉམ་ཞུགས་ཀྱི་དབང་ཐང་དང་འགན་ཁུར་ཡོད། 

མདོར་ན། རྩ་ཁྲིམས་ནི་བླ་ན་མེད་པའོ་ཞེས་གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཡང་ཡང་བཟློ་ཞིང་་། ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་སྐོར་གྱི་གྲོས་ཆོད་གལ་ཆེན་སྐོར་ཞིག་ཅེས་པའི་ནང་དུ་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ཀྱི་བཅས་མཚམས་ལས་འདའ་སྟེ་དབང་ཐང་གསར་བཟོ་བྱས་ན་མི་ཆོག་ཅིང་། ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པར་སྤྱི་དམངས་དང་ཁྲིམས་མི་དང་ཚོགས་པ་གཞན་དག་གི་ཐོབ་ཐང་འཕྲི་འཐེན་དང་ཡང་ན་འགན་ཁུར་འཕར་སྣོན་གྱི་ཐག་གཅོད་བཏང་ན་མི་ཆོག་ཅེས་གཏན་འཁེལ་བྱས་ལ། ཁྲིམས་བཟོ་བའི་ཁྲིམས་ཀྱིས་ཀྱང་དེ་ལྟར་གཏན་འཁེལ་བྱས་ཡོད་པའི་དགོངས་དོན་འདི་དག་་གཞིར་བཟུང་སྟེ། ང་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་དོ་དམ་བྱེད་ཐབས་དང་བོད་བརྒྱུད་ནང་བསྟན་དགོན་པ་དོ་དམ་བྱེད་ཐབས་ཞེས་པའི་སྒྲིག་སྲོལ་འདི་གཉིས་ནུས་མེད་དུ་གཏོང་བར་འབོད་སྐུལ་ཡི་གེ་འདི་སྤྲིངས་བ་དགེའོ།།

ཡར་ཞུ་བྱེད་མཁན། གང་ཟག་གི་མིང་དང་ཡང་ན་དགོན་སྡེའི་མིང་གང་རུང་། 

ཡར་ཞུའི་དུས་ཚོད། ༢༠༢༤་ལོའི་སྤྱི་ཟླ་༤་པའི་ཚེས་༢༨་ཉིན།