ཉེ་བའི་ཆར་གསེར་རྟ་རྫོང་ནས་གོ་བའི་གནས་ཚུལ་ཞིག་ལ། རྫོང་དེའི་སྦྲག་སྲིད་ཁང་གིས་བོད་ཡིག་གི་དཔེ་དེབ་བསྐུར་བ་ལ་བཀག་སྡོམ་བྱས་ཏེ། བོད་ཡིག་དཔེ་ཁང་གི་ཚོང་དོན་སོགས་ལ་བར་ཆད་བྱས་སོང་ཟེར། སྤྱིར་ད་ལྟའི་སྐབས་ནི་བོད་ཀྱི་སྐད་ཡིག་ལ་སློབ་གྲྭ་དང་ལས་རིགས་གང་རུང་གི་ཐད་ནས་བཀག་སྡོམ་དང་བར་ཆད་སྣ་ཚོགས་བྱེད་བཞིན་པའི་དུས་ངན་ཞིག་ལ་ཡང་བསྐྱར་སླེབས་པ་མཐོང་ཆོས་སུ་གྱུར་ནའང་། ང་ཚོས་མཐོང་ཆོས་འདི་རིགས་སྣང་མེད་དུ་བཏང་ནས་མ་མཐོང་མ་གོ་ཁུལ་མི་བྱ་བར། བོད་སྐད་ཡིག་གི་ཁྲིམས་མཐུན་གྱི་ཐོབ་ཐང་དང་བོད་མི་རིགས་ཀྱི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་དང་རང་དབང་ལ་མི་རེ་རེ་ཡིས་གང་ནུས་ཅི་ཐུབ་ཀྱིས་བརྩོན་ལེན་དང་སྲུང་སྐྱོབ་བྱ་དགོས།
རྩ་ཁྲིམས་དང་སྦྲག་སྲིད་ཁྲིམས་ཀྱིས་སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་འཕྲིན་བསྐུར་གསང་བ་བཅས་ལ་སྲུང་སྐྱོབ་བྱ་དགོས་པའི་གཏན་འཁེལ་བྱས་ཤིང་། རྒྱལ་ཁབ་བདེ་འཇགས་དང་ཉེས་སྤྱོད་རྩད་གཅོད་ཀྱི་ཆེད་དུ་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས། དེ་བཞིན་དུ་ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་ཁྲིམས་མཐུན་གྱི་བརྒྱུད་རིམ་ལྟར་བསྐུར་བཞིན་པའི་འཕྲིན་ཡིག་དང་སྦྲགས་སྲིད་ནས་བསྐུར་བྱའི་དངོས་པོ་སོགས་ལ་བརྟག་དཔྱད་བྱས་ཆོག་པ་མ་གཏོགས། གང་ཟག་དང་ལས་ཁུངས་སུ་ཡིན་ཡང་སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་འཕྲིན་བསྐུར་གསང་བ་བཅས་ལ་རྒྱུ་མཚན་གང་རུང་གི་སྒོ་ནས་བར་ཆད་དང་གནོད་འཚེ་བྱས་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད།
དང་པོ། སྦྲག་སྲིད་ཁང་བརྒྱུད་ནས་བསྐུར་མི་རུང་བའི་དངོས་རྫས།
སྦྲག་སྲིད་ཁྲིམས་ཀྱི་དོན་ཚན་༣༧་ལྟར་ན། གཤམ་གྱི་བརྗོད་བྱ་འདི་དག་ཡོད་པའི་དངོས་རྫས་སྦྲག་སྲིད་བརྒྱུད་ནས་བསྐུར་མི་རུང་།
༡ རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའམ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མཚམས་གཅོད་པ། རྒྱལ་ཁབ་ཁ་ཐོར་དུ་འགྲོ་བར་སྐུལ་སློང་དང་། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་ཉེན་ལྡན་པ།
༢ རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར།
༣ དཀྲོགས་གཏམ་བརྒྱུད་བསྐུར་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་གཏོང་བ།
༤ མི་རིགས་བར་དུ་སྡང་ཟུག་སློང་བ་དང་། མི་རིགས་གཞན་ལ་ཁྱད་གསོད་དམའ་འབེབས། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བ།
༥ ལོག་ཆོས་དང་རྨོངས་དད་སྤེལ་བ།
༦ ཆགས་སྲེད་དང་རྒྱན་པོ་འགྱེད་པ། འཇིགས་སྐུལ་སོགས་ཀྱི་ནང་དོན་ཡོད་པ། ཡང་ན་ཉེས་སྤྱོད་ལ་བསྒོ་བའམ་ཐབས་ལམ་སྟོན་པ། བརྗོད་བྱ་འདི་དག་ཡོད་པའི་དཔེ་ཆ་དང་བརྙན་སོགས་སྦྲག་ཁང་བརྒྱུད་ན་ཁྲིམས་འགལ་ཡིན།
དེ་བཞིན་དུ་སྦྲག་སྲིད་ལས་ཁུངས་ཀྱི་ལས་མིས་བསྐུར་བ་པོ་ཡིས་གང་བསྐུར་བའི་འཕྲིན་དང་དངོས་རྫས་བཅས་ལ་རགས་ལྟ་ཡི་སྒོ་ནས་བརྟག་དཔྱད་གཏོང་བའི་དབང་ཆ་ཡོད་པ་དང་། བསྐུར་པ་པོས་བལྟ་རུ་མ་བཅུག་ན་སྦྲགས་སྲིད་ལས་ཁུངས་ཀྱིས་ཞབས་ཞུ་མཁོ་འདོན་མ་བྱས་ན་ཆོག དཔེར་ན་བསྐུར་བ་པོས་དཔེ་དེབ་ཞིག་བསྐུར་རྒྱུ་ཡིན་ན། སྦྲགས་སྲིད་ལས་མིས་བསྐུར་བྱ་དེ་དཔེ་དེབ་ཡིན་མིན་ལ་བལྟ་བའི་དབང་ཐང་ཡོད་པ་དང་། གལ་ཏེ་བསྐུར་བྱའི་དངོས་རྫས་ཀྱི་ནང་དུ་གོང་འཁོད་ཀྱི་ཁྲིམས་འགལ་བརྗོད་བྱ་ཡོད་ན་སྦྲག་སྲིད་ཁང་ལ་དངོས་པོ་དེ་བསྐུར་བར་བཀག་འགོག་བྱ་རྒྱུའི་དབང་ཐང་ཡོད། དེ་མ་ཡིན་པར་ཁྲིམས་མཐུན་གྱིས་པར་བསྐྲུན་བྱས་པའམ། པར་བསྐྲུན་ཚད་ལྡན་བྱས་མེད་ཀྱང་གོང་སྨྲས་ཀྱི་བརྗོད་བྱ་མེད་པའི་བོད་ཡིག་གདགས་གཞི་ཡིན་པའི་དཔེ་ཆ་དང་དེ་འབྲེལ་གྱི་དངོས་རྫས་སོགས་སྦྲགས་སྲིད་ཁང་བརྒྱུད་ནས་བསྐུར་ན། སྦྲག་སྲིད་ཀྱིས་བར་ཆད་བྱས་ན་མི་འགྲིག སྦྲག་སྲིད་ཀྱི་རྩ་དོན་ནི་འཕྲིན་བསྐུར་རང་དབང་དང་འཕྲིན་བསྐུར་གསང་བ་ལ་སྲུང་སྐྱོབ་བྱས་ཏེ་སྦྲགས་སྲིད་བཀོལ་སྤྱོད་བྱེད་མཁན་གྱི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། (保护通信自由和通信秘密,保护用户合法权益) བོད་ཡིག་གདགས་གཞི་ཡིན་པ་ཁོ་ནར་དམིགས་ཏེ་བོད་ཡིག་གི་དཔེ་ཆ་བསྐུར་བར་བཀག་འགོག་བྱས་ན། དེ་ནི་མི་རིགས་དབྱེ་འབྱེད་དང་ཁྱད་གསོད། དེ་བཞིན་ཏུ་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་སྤྱོད་ཅིག་ཡིན། གང་ཡིན་ཞེ་ན་བོད་ཡིག་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་ཡི་གེ་ཞིག་ཡིན་པ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་སོགས་སུ་མངོན་གསལ་དུ་གཏན་འབེབས་བྱས་ཡོད་པས། བོད་མི་རིགས་ལ་བོད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་རང་དབང་དང་ཐོབ་ཐང་ཡོད་པ་ནི་རྩ་ཁྲིམས་དུ་གཏན་འབེབས་བྱས་པའི་ཐོབ་ཐང་ཡིན། གསེར་རྟ་སྦྲག་སྲིད་ཁང་གིས་བོད་ཡིག་གི་དཔེ་དེབ་ཡོད་དོ་ཅོག་བཀག་འགོག་བྱས་ན་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་འགལ་བ་མ་ཟད། ད་ལྟའི་ཁྲིམས་སྐྱོང་གི་སྲིད་ཇུས་ལའང་རྒྱབ་འགལ་བྱས་པ་རེད།
གཉིས་པ། སྦྲག་སྲིད་ཁང་དུ་བོད་ཀྱི་སྐད་ཡིག་ཤེས་པའི་ལས་མི་ངེས་པར་དུ་དགོས།
ཁྲིམས་ཐོག་ནས་བཤད་ན། བོད་ཡིག་ནི་གསེར་རྟ་རྫོང་གི་སྤྱི་སྤྱོད་སྐད་ཡིག་གི་གྲས་ཡིན་པ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས། དེ་བཞིན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་དང་། བོད་སྐད་ཡིག་ལས་དོན་སྲོལ་ཡིག་སོགས་ཀྱིས་གཏན་འཁེལ་གསལ་པོ་བྱས་ཡོད། དཔེར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གི་དོན་ཚན་༤་བའི་ནང་། བོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་དབང་ཐང་གལ་ཆེན་ཞིག་ཡིན། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དང་ལས་དོན་ལས་ཁང་བཅས་ཀྱིས་ལས་དོན་བསྒྲུབ་སྐབས། བོད་སྐད་ཡིག་དང་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་(第四条:使用藏族语言文字是自治州的一项重要自治权。自治州各级地方国家机关和企事业单位执行职务时,使用藏族语言文字或者国家通用语言文字。) ཞེས་གཏན་འཁེལ་མངོན་སུམ་དུ་བྱས་ཡོད་པ་ལྟ་བུའོ། དཀར་མཛེས་ཁུལ་དང་དེའི་མངའ་འོག་གི་རྫོང་རིམ་པ་ལ་སོགས་པའི་སྦྲགས་སྲིད་ལས་ཁུངས་ཡོད་དོ་ཅོག་ནི་མི་དམངས་སྲིད་གཞུང་གི་གཤམ་འོག་གི་ཞབས་ཞུ་ལས་ཁུངས་ཞིག་ཡིན་པས། གོང་གི་སྲོལ་ཡིག་ལྟར་ན་སྦྲགས་སྲིད་ལས་ཁུངས་འདི་རིགས་ཀྱིས་ངེས་པར་དུ་བོད་སྐད་ཡིག་གི་ཞབས་ཞུ་ལས་ཚན་ཡང་མཁོ་སྤྲོད་བྱེད་དགོས།
༢༠༠༠་ལོའི་ཟླ་༦་པའི་ཚེས་༢༨་ཉིན། རྒྱལ་ཁབ་སྦྲགས་སྲིད་ཅུའུ་དང་སློབ་གསོ་པུའུ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལས་དོན་ལྷན་ཁང་བཅས་ཀྱིས་སྦྲག་སྲིད་ལས་རིགས་ཀྱི་མ་ལག་ཁྲོད་དུ་སྐད་ཡིག་གཅིག་གྱུར་ཚད་ལྡན་ཅན་དུ་གཏོང་ཐབས་ལས་དོན་སྐོར་གྱི་གསལ་བསྒྲགས་(国家邮政局、教育部、国家语言文字工作委员会关于加强邮政系统语言文字规范化工作的通知) ཞེས་བྱ་བ་སྤེལ་ཏེ། ཁྱབ་བསྒྲགས་དེའི་ནང་དུ་ཡུལ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་བཀོལ་སྤྱོད་བྱེད་དགོས་པའི་གནས་སྟངས་མ་གཏོགས། སྦྲག་སྲིད་ལས་དོན་གཉེར་མཁན་ལས་བྱེད་ཡོད་དོ་ཅོག་གིས་ལས་དོན་གྱི་ཁྲོད་དུ་ཚད་ལྡན་རྒྱ་སྐད་བཀོལ་སྤྱོད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཤིང་། (除需要使用方言、少数民族语言和外语的场合外,邮政系统所有员工在工作中均需使用普通话。) དེ་མིན་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་ཕྱི་རྒྱལ་ཀྱི་ཡི་གེ་བཀོལ་སྤྱོད་བྱེད་དགོས་པའི་གནས་སྟངས་ཕུད། སྦྲག་སྲིད་མ་ལག་ནང་གི་གཞུང་ཡིག་དང་། སྒོ་བྱང་། མིང་བྱང་། ཐམ་ག་དང་
བྱུང་འཛིན། རེའུ་མིག་དང་ལམ་སྟོན་ཡི་གེ གསལ་བཤད་ཡི་གེ་དང་བརྡ་ཐོ། དྲིལ་སྒྲོག་ཡིག་ཆ་ལ་སོགས་པའི་སྟེང་དུ་ངེས་པར་དུ་ཚད་ལྡན་རྒྱ་ཡིག་འབྲི་དགོས་ (除需要使用少数民族文字和外文外,邮政系统所有公文、名称牌、印章、票据、报表、标牌、指示牌、说明书、广告、宣传材料等,必须使用规范汉字。) ཞེས་འགཏན་འཁེལ་བྱས་ཡོད་པ་ལྟར་ན། བོད་རིགས་རང་སྐྱོང་ས་ཁུལ་དུ་བོད་སྐད་ཡིག་གི་དཔེ་དེབ་དང་བརྙན་སོགས་བསྐུར་ན་སྦྲག་ཁྲིམས་དང་མཐུན་པ་མ་ཟད། སྦྲག་སྲིད་ལས་ཁུངས་འདི་དག་གིས་བོད་སྐད་ཡིག་ལ་བརྟེན་ནས་བོད་རིགས་མི་དམངས་ལ་སྦྲག་སྲིད་ཞབས་འདེགས་ཞུ་དགོས་པའང་མངོན་པར་བསྟན།
སྡོམ་ཚིག
མདོར་ན། མི་རྣམས་ཀྱིས་སྦྲག་སྲིད་ཁང་དུ་བོད་སྐད་ཡིག་གི་ཁྲིམས་མཐུན་གྱི་དཔེ་དེབ་དང་གློག་བརྙན་ལ་སོགས་པའི་རྒྱུ་ཆ་བསྐུར་ན་ཁྲིམས་མཐུན་ཡིན་པ་དང་། གསེར་རྟ་སྦྲག་སྲིད་ཁང་གིས་དེ་ལ་བར་ཆད་དང་བཀག་སྡོམ་སོགས་བྱས་ན་ཁྲིམས་ལ་འགལ་བས་མི་ཚད་དེ་ནི་མི་རིགས་དབྱེ་འབྱེད་དང་གྲགས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་འདྲ་མཉམ། མི་རིགས་མཐུན་སྒྲིལ་བཅས་ལ་གནོད་པ་སྐྱེལ་བཞིན་པའི་སྦྱོར་བ་ཞིག་ཡིན་ཕྱིན། ང་ཚོས་མཐའ་གཅིག་ཏུ་གནད་དོན་དེ་རིགས་ཐེར་འདོན་དང་དེ་དག་ལ་ཁ་གཏད་གཅོག་དགོས། མ་ཟད། བོད་རིགས་རང་སྐྱོང་ས་ཁུལ་གཙོས་པའི་སྦྲག་སྲིད་ལས་ཁུངས་ནང་དུ་བོད་སྐད་ཡིག་གི་སྦྲག་སྲིད་ཞབས་ཞུའི་ལས་གཞིའི་རྣམ་གྲངས་མེད་པ་དག་ཁ་གསབ་བྱ་རྒྱུ་དང་ཡོད་པ་དག་གོང་འཕེལ་དུ་གཏོང་བར་འབད་བརྩོན་ཆེན་པོ་བྱེད་དགོས།
Leave a Reply