ཉེ་ཆར་ཞིབ་འཇུག་པ་བཀྲ་ལོ་ཟེར་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་སྟེང་དུ་བོད་རང་སྐྱོང་ལྗོངས་ན་རོང་འབྲོག་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྤྱི་སྤྱོད་སྐད་ཡིག་ནི་བོད་སྐད་ཡིག་ཡིན་ཞེས་བསྒྲགས་ནས་དེ་ནི་རྒྱལ་ཁབ་ཀྱི་བོད་སྐད་ཡིག་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པའི་མཚོན་རྟགས་སུ་དྲངས་ཡོད། གུང་ཁྲན་ཏང་གིས་དབང་བསྒྱུར་བའི་སྔོན་ལ་བོད་སྐད་ཡིག་ནི་རོང་འབྲོག་མང་ཚོགས་ཀྱི་སྤྱི་སྤྱོད་སྐད་ཡིག་མིན་ན་ཅི་རེད། དེ་འདྲའི་ཁུངས་ལུངས་མེད་པའི་ཁ་ཕོ་ལ་ངོ་མི་ཚ་བ་ནི་དེང་གི་ཞིབ་འཇུག་པར་ཁས་འཆའ་བའི་མི་མང་ཤོས་ཀྱི་

འཇོན་ཐང་ཡིན། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་དོན་ཚན་༩་བ་ལྟར་ན། སྤྱི་སྤྱོད་སྐད་ཡིག་ཡིན་པའི་རྟགས་མཚན་གཅིག་ནི་སྲིད་གཞུང་དང་ཁྲིམས་ཁང་ལ་སོགས་པའི་དབང་འཛིན་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་སྐབས་ངེས་པར་དུ་བཀོལ་སྤྱོད་བྱེད་པའི་གཞུང་ཕྱོགས་ཀྱི་སྐད་ཡིག་ཡིན་དགོས་པ་དེ་མ་གཏོགས། རོང་འབྲོག་མང་ཚོགས་ཀྱིས་ཁ་ནང་ནས་ཇི་ཞིག་བཤད་གི་ཡོད་པ་དང་བཀའ་འགྱུར་བསྟན་འགྱུར་ཞིག་གསོ་མཛད་པ་དེ་བོད་སྐད་ཡིག་སྤྱི་སྤྱོད་སྐད་ཡིག་ཡིན་པའི་སྒྲུབ་བྱར་བཞག་ན་དངོས་གནས་དགོད་སྤྱད་བསླངས་པ་ཞིག་མིན་ནམ། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོ་དང་ཁྲིམས་འཛིན། སྲིད་འཛིན་དང་ལྟ་རྟོགས་ལས་ཁུངས་གང་གི་དྲ་རྒྱ་གང་གི་ནང་དུ་སོང་ནའང་བོད་སྐད་ཡིག་གི་ཞབས་ཞུ་སྒེའུ་ཁུངས་མེད་པ་མ་ཟད། བོད་རང་སྐྱོང་ཁུལ་མང་བོ་ཞིག་གིས་ད་བར་བོད་རང་སྐྱོང་ཁུལ་མི་ཟེར་བར་ཁུལ་ཟེར་གི་ཡོད། དཔེར་ན་བདེ་ཆེན་ཁུལ་དང་དཀར་མཛེས་ཁུལ་ལ་སོགས་པ་ལྟ་བུ། དེ་ཚོའི་གཞུང་ཡིག་གི་ནང་ན་བོད་ཡིག་ནི་ཉིན་མོའི་སྐར་མ་ལྟར་འཚོལ་དཀའ་བ་ཞིག་ཏུ་གྱུར། དེ་སྔོན་ལོ་རབས་བརྒྱད་ཅུ་དགུ་ཅུའི་སྐབས་སུ་གཞུང་གཉེར་གྱི་སྤྱི་སྤྱོད་རླངས་འཁོར་དང་བསྐྱེལ་འདྲེན་རླངས་འཁོར་གི་སྒོ་དང་གསོལ་མགྲོན་ཁང་བཅས་ཀྱི་མིང་རྟགས་སྟེང་བོད་ཡིག་མང་པོ་མཐོང་རྒྱུ་ཡོད་མོད་ད་བར་གཅིག་ཀྱང་མཐོང་བར་དཀོན། ཁྲིམས་ཁང་ནང་ནས་བོད་སྐད་ཀྱིས་ཁྲིམས་བཤེར་བྱེད་དགོས་པ་ནི་རྩ་ཁྲིམས་ཀྱི་ཐོབ་ཐང་ཡིན་མོད་ལྷ་སའི་ཁྲིམས་ཁང་གི་བཅད་ཁྲ་ཡི་བརྒྱ་ཆའི་དགུ་ཅུ་རྒྱ་ཡིག་ཡིན་པ་དང་། རང་སྐྱོང་ཁུལ་མང་ཆེ་བའི་སྲིད་གཞུང་དང་ཁྲིམས་ཁང་གི་ཡིག་ཆ་ཚང་མ་རྒྱ་ཡིག་ཡིན། བོད་སྐད་ཡིག་སྤྱི་སྤྱོད་སྐད་ཡིག་ཡིན་དགོས་ན་སྲིད་གཞུང་དང་ཁྲིམས་ཁང་སོགས་ཀྱི་སྤྱི་སྤྱོད་སྐད་ཡིག་ཡིན་དགོས་ལས། རོང་འབྲོག་མང་ཚོགས་ལ་མཚོན་ན་ཕ་སྤྲེའུ་དང་མ་བྲག་སྲིན་མོའི་སྐབས་སུ་བོད་སྐད་ཡིག་སྤྱི་སྤྱོད་སྐད་ཡིག་ཏུ་ཆགས་ཚར།