རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུ་རྒྱུར།

༢༠༡༢ ལོའི་ཟླ་༡༢་པའི་ཚེས་༢༨་ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་སྲོལ་ཡིག་གཏན་འབེབས་བྱས་ཤིང་། ཁྲིམས་བཟོ་ཡི་བརྒྱུད་རིམ་ལྟར་༢༠༡༣་ལོའི་ཟླ་༤་པའི་ཚེས་༢་ཉིན་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་སྲོལ་ཡིག་དེ་ལ་ཆོག་མཆན་བཀོད་ཅིང་། ༢༠༡༣་ལོའི་ཟླ་༦་པའི་ཚེས་༡་ནས་བཟུང་སྟེ་ལག་བསྟར་བྱས་ཡོད་མོད། ང་ཚོའི་བསམ་ཚུལ་ལྟར་ན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྲོལ་ཡིག་གི་དོན་ཚན་༥་པའི་གཏན་འཁེལ་དེ་རྩ་ཁྲིམས་དང་འོས་འགན་སློབ་གསོའི་ཁྲིམས་སོགས་དང་འགལ་ཟླ་ཆགས་ཡོད་པར་འདོད། དེའི་རྒྱུ་མཚན་གྱིས་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༧་གྱི་ཚན་པ་༢་པའི་ནང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་རྩ་ཁྲིམས་དང་ཁྲིམས་ལུགས་ལ་རྒྱབ་འགལ་གྱི་བཅས་པ་ཡོད་པའི་ས་གནས་ཁྲིམས་སྲོལ་དང་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོག་ཡིག་སོགས་ཕྱིར་འཐེན་ནུས་མེད་དུ་གཏོང་བའི་དབང་ཐང་ཡོད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གྱི་

དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་ཆོག་མཆན་བཀོད་ཅིང་རྩ་ཁྲིམས་དང་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༧༥་ཡི་ཚན་པ་༢་པས་གཏན་འཁེལ་བྱས་པའི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ནུས་མེད་བཟོ་བའི་དབང་ཐང་ཡོད་པ། དོན་ཚན་༩༩་ཡི་ཚན་པ་༢་པའི་ནང་གི་སྤྱི་དམངས་ཀྱིས་ས་གནས་ཁྲིམས་སྲོལ་དང་རང་སྐྱོང་སྲོལ་ཡིག་རྩ་ཁྲིམས་དང་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་ཡོད་པར་འདོད་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ཡིག་ཐོག་ནས་བརྟག་དཔྱད་གཏོང་དགོས་པའི་རེ་འདུན་ཞུས་ཆོག་པ་བཅས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ང་ཚོས་ཆེད་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་སྲོལ་ཡིག་ལ་ཁྲིམས་ལུགས་བརྟག་དཔྱད་ཀྱི་རེ་འདུན་ཞུ་བ་ཡིན།

བརྟག་བྱ།
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སློབ་གསོ་སྲོལ་ཡིག་གི་དོན་ཚན་༥་པའི་ནང་དུ། ༼རང་སྐྱོང་ཁུལ་གྱིས་ངེས་པར་དུ་སློབ་ལོ་སྔོན་གྱི་སློབ་གསོ་དང་མཐོ་འབྲིང་སྐབས་ཀྱི་སློབ་གསོ་ཕལ་ཆེ་བར་དར་ཁྱབ་བྱེད་དགོས་པ་དང་། ལོ་དགུའི་འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱས་ཏེ། ལོ་བཅོ་ལྔ་ཡི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ། འོས་འགན་སློབ་གསོའི་ཁག་ཐེག་སྒྲོམ་གཞི་གསར་འཛུགས་བྱས་ཏེ་ལས་རིགས་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་དར་སྤེལ་བྱེད་པ། སྐད་གཉིས་སློབ་གསོ་དང་དམིགས་བསལ་སློབ་གསོ་དང་སློབ་གྲྭའི་ཕྱི་རོལ་སློབ་གསོ་སོགས་གཙིགས་ཆེར་བཟུང་སྟེ་བཅའ་སྡོད་ཅན་གྱི་སློབ་གྲྭ་ཚད་ལྡན་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་བཅས་པ་ལྡན་པའི་སྒོ་ནས་དོ་དམ་བྱས་ཏེ། དེང་རབས་རྒྱལ་དམངས་རང་བཞིན་ཅན་གྱི་སློབ་གསོ་དང་ཚེ་གང་སློབ་གསོ་དང་སློབ་གསོ་རོགས་སྐྱོབ་བཅས་ཀྱི་ཕུང་པོ་འཐུས་ཚང་བ་ཞིག་གསར་འཛུགས་བྱེད་པ།༽ཞེས་པའི་༼ལོ་བཅོ་ཡི་ལྔ་འོས་འགན་སློབ་གསོ་ལག་བསྟར་བྱེད་པ་༽ཚན་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༨༧་ལ་རྒྱབ་འགལ་བྱས་ཡོད་མེད་དང་། དོན་ཚན་༩༦་ནང་གི་ཁྲིམས་འོག་མས་ཁྲིམས་གོང་མར་རྒྱབ་འགལ་བྱས་མི་ཆོག་ཅིང་ཁྲིམས་བཟོའི་དབང་ཐང་ལས་བརྒལ་བའི་ས་གནས་སྲོལ་ཡིག་ཅིག་ཡིན་མིན་ལ་བརྟག་དཔྱད་གཏོང་དགོས།

དོན་དངོས་དང་རྒྱུ་མཚན།
ཉེ་བའི་ལོ་འགའི་རིང་ལ། རྔ་བ་རང་སྐྱོང་ཁུལ་གྱི་སྲིད་གཞུང་དང་དབང་འཛིན་ལས་ཁུངས་ཀྱིས་སློབ་གསོ་སྲོལ་ཡིག་འདིའི་གཏན་འཁེལ་ལ་བརྟེན་ཏེ། བཙན་དྲག་གི་སྒོ་ནས་ཁུལ་དེའི་སློབ་ལོ་སྔོན་གྱི་བྱིས་པ་ལ་འོས་འགན་སློབ་གསོ་སྤེལ་བ་མ་ཟད། འོས་འགན་སློབ་གསོའི་སློབ་ལོ་ལས་བརྒལ་བའི་གཞོན་ནུ་མང་པོའང་དགོན་པ་སོགས་ནས་བཙན་གྱིས་དབྱུངས་ཏེ་རང་ལོ་བཅོ་བརྒྱད་སོན་པའི་བར་དུ་འོས་འགན་སློབ་གསོ་མི་འདོད་བཙན་གྱིས་འཇུགཔར་བྱས། འོས་འགན་སློབ་གསོའི་ཆོས་ཉིད་ནི་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་ཤིག་ཡིན་ཕྱིན། འོས་འགན་སློབ་གསོའི་དུས་ཡུན་བསྲིང་ན་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚད་བཀག་བྱས་པའི་དུས་ཡུན་བསྲིང་བ་དང་དོན་གཅིག་ཏུ་འཁུམས། རྩ་ཁྲིམས་དང་ཁྲིམས་ལུགས་ལྟར་ན། སློབ་ལོ་སྔོན་གྱི་བྱིས་པ་དང་ལོ་ན་བཅུ་བཞིར་སོན་པའི་གཞོན་ནུ་རྣམས་ནི་འོས་འགན་སློབ་གསོ་སྤེལ་ཡུལ་མིན་པས་འོས་འགན་སློབ་གསོ་དོན་གཉེར་དང་ལེན་བྱེད་པའི་འོས་འགན་མེད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྲོལ་ཡིག་གིས་འོས་འགན་སློབ་གསོའི་དུས་ཡུན་ལོ་དྲུག་ཏུ་སྤར་ཏེ་ལོ་བཅོ་ལྔར་བསྒྱུར་བ་དེ་རྔ་བ་རང་སྐྱོང་ཁུལ་གྱི་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་གི་ཐོབ་ཐང་ལ་ལོ་དྲུག་རིང་ཚད་བཀག་བྱས་པ་གོར་མ་ཆག

ཁྲིམས་ཡིག་གཞི་འཛིན་ས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༣༧་པའི་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བྱས་མི་ཆོག་པ། ཁྲིམས་འགལ་གྱི་བཀག་བཀྱིག་དང་ཐབས་ལམ་གཞན་ལ་བརྟེན་ནས་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་རྩིས་མེད་དང་ཚད་བཀག་བྱས་མི་ཆོག་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༧༡་ནང་དུ་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོ་ལ་རོགས་དངུལ་མང་དུ་བཏང་ནས་དམིགས་བསལ་གྱི་ཐབས་ལམ་བེད་སྤྱོད་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱིས་ལོ་དགུའི་འོས་འགན་སློབ་གསོ་མྱུར་ཏུ་ཁྱབ་བརྡལ་འབྱུང་བར་རོགས་རམ་བྱེད་པ་དང་རིགས་སོ་སོའི་མི་དམངས་ཀྱི་ཚན་རིག་རིག་གནས་ཆུ་ཚད་མཐོར་འདེགས་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་ཀྱི་དོན་ཚན་༩་པ་ཡི་ནང་དུ་མི་ལུས་རང་དབང་ཚད་བཀག་བྱེད་པའི་སྲིད་འཛིན་ཆད་པ་ངེས་པར་དུ་ཁྲིམས་ལུགས་ཀྱི་བཅས་པ་ལ་བརྟེན་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོས་འགན་སློབ་གསོའི་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་རྒྱལ་ཁབ་ཀྱིས་ལོ་དགུ་ཡི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་པ།

བདག་ཅག་གི་རེ་བ་ནི།
གོང་དུ་འཁོད་པའི་ཁྲིམས་ལུགས་གཞིར་བཟུང་ནས་ང་ཚོས་བསམ་ན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་འོས་འགན་སློབ་གསོའི་དུས་ཡུན་རིང་དུ་བསྲིང་བའི་དབང་ཐང་མེད་པ་མ་ཟད། སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ལྷན་ཁང་ལའང་འོས་འགན་སློབ་གསོའི་དུས་ཡུན་རིང་དུ་བསྲིངས་པའི་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་དབང་ཐང་མེད། ས་གནས་ཁྲིམས་བཟོ་ལས་ཁུངས་དེ་གཉིས་ལ་སྤྱི་དམངས་ཀྱི་མི་ལུས་རང་དབང་ཚད་བཀག་བྱེད་པའི་ཁྲིམས་བཟོའི་དབང་ཐང་མེད་པས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སློབ་གསོ་སྲོལ་ཡིག་གི་དོན་ཚན་༥་པར་ལོ་བཅོ་ལྔ་ཡི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ་ཞེས་པའི་སྲོལ་ཡིག་གི་བཅས་པ་དེ་ནི་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༦་པའི་ཚན་པ་དང་པོའི་དབང་ཐང་གི་ཚད་ལས་བརྒལ་བའི་བཅས་པ་དང་། ཚན་པ་གཉིས་པར་ཁྲིམས་འོག་མས་ཁྲིམས་གོང་མར་རྒྱབ་འགལ་བྱས་པའི་ས་གནས་ཁྲིམས་སྲོལ་ཡིན་ན་ངེས་པར་དུ་བཟོ་བཅོས་དང་ཕྱིར་འཐེན་བྱེད་དགོས་ཞེས་གསལ་བའི་ཁོངས་སུ་འདུ་བས། ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་དང་བོད་རིགས་ཡིན་པའི་ཆ་ནས། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་ཁྲིམས་ཀྱི་དོན་ཚན་༩༩་ཡི་ཚན་པ་༢་པའི་གཏན་འཁེལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ཞུ་ཡིག་འདི་ཕུལ་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སློབ་གསོ་སྲོལ་ཡིག་ལ་ཁྲིམས་ལུགས་བརྟག་དཔྱད་ཀྱི་རེ་བ་ཞུ་བ་ཡིན་ཞེས་སྒྲོལ་མ་སྐྱབས་ལ་སོགས་པས་༢༠༡༨་ལོའི་ཟླ་༥་པའི་ཚེས་༣་ཉིན་ལ།