ད་ལོའི་ཟླ་༦པའི་ཚེས་གཅིག་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་ནས་གྲོས་ཆོད་བྱུང་བའི་༼དྲ་རྒྱ་བདེ་འཇགས་ཀྱི་ཁྲིམས་༽《网 络安全法》ཞེས་པ་དེ་ལག་བསྟར་བྱེད་པའི་འགོ་བརྩམས། ཁྲིམས་དེ་ནི་དྲ་རྒྱ་བདེ་འཇགས་ཐད་ལ་སྲིད་གཞུང་གིས་སྟངས་འཛིན་ཇི་ལྟར་བྱེད་ཆེད་བཟོས་པའི་ཁྲིམས་ལུགས་ཐོག་མ་དེ་ཆགས་ཡོད། ཁྲིམས་དེར་ཁྱོན་བསྡོམས་པའི་ས་བཅད་བདུན་དང་དོན་ཚན་བདུན་ཅུ་དོན་དགུ་ཡོད་ཅིང་། ཁྲིམས་ཡིག་དེས་དྲ་རྒྱ་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་ཡིན་ཞེས་གསལ་བསྒྲགས་བྱས་ནས་དྲ་རྒྱ་བདེ་སྲུང་བྱེད་པའི་དགོས་པ་རྒྱུ་མཚན་གསེད་བཀྲོལ་བྱས་ཏེ་། སྲིད་གཞུང་གི་དྲ་རྒྱ་ལ་རྒྱལ་ཁབ་དང་ཚོགས་པ་གཞན་གྱིས་ལྐོག་འཛུལ་བྱས་ནས་གནོད་སྐྱོན་བཟོ་བ་སོགས་ལ་སྔོན་འགོག་དང་གདོང་ལེན་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། དེ་ནས་ཁྲིམས་དེས་གང་ཟག་སྒེར་དང་ཚོགས་པ་བཅས་ཀྱི་ཆ་འཕྲིན་གནས་ཚུལ་བཀོད་ཡོད་པའི་བརྡ་འཕྲིན་དང་གནས་ཚུལ་སོགས་ཀྱི་རྒྱུ་ཆ་ལའང་དྲ་ལམ་ཁེ་གཉེར་བྱེད་པའི་ཚོགས་པས་སྲུང་སྐྱོབ་བྱེད་དགོས་པ་དང་། དྲ་ཐོག་ནས་མི་མང་ལ་མགོ་གཡོགས་མགོ་སྐོར་གཏོང་བའི་བྱ་སྤྱོད་སྔོན་འགོག་དང་ཚར་གཅོད། ཆད་པ་གཅོད་སྟངས་སོགས་གཏན་འབེབས་བྱས་ཤིང་། དཔེར་ན་ཁྲིམས་དེའི་དོན་ཚན་༤༤་ཡི་ནང་དུ་གང་ཟག་དང་ཚོགས་པ་སུ་གང་གིས་ཁྲིམས་འགལ་གྱི་སྒོ་ནས་གཞན་གྱི་སྒེར་འབྲེལ་གནས་ཚུལ་དང་ཆ་འཕྲིན་སོགས་བསྡུ་ལེན་བྱེད་མི་ཆོག་ཅིང་། མི་གཞན་ལ་ཆ་འཕྲིན་གནས་ཚུལ་དེ་དག་ཉོ་འཚོང་བྱེད་པའམ་ཁྲིམས་འགལ་གྱིས་མཁོ་སྤྲོད་ཀྱང་བྱེད་མི་ཆོག་ཅེས་འཁོད་ཡོད་པ་མ་ཟད། དེ་འདྲའི་བྱ་སྤྱོད་སྤེལ་ནས་གང་ཟག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བྱས་ཚེ་ཆད་པ་རྒྱ་སྒོར་ས་ཡ་གཅིག་གི་བར་དུ་བཅད་ཆོག་པའི་གཏན་འཁེལ་ཀྱང་བྱས།

དྲ་རྒྱ་བདེ་འཇགས་ཀྱི་ཁྲིམས་ཀྱི་ནང་དུ་དྲ་ལམ་བེད་སྤྱོད་ཀྱི་ཐོ་འགོད་བྱེད་དུས་ཐོ་འགོད་གང་ཟག་གིས་དངོས་མིང་བེད་སྤྱོད་བྱས་ཏེ་ཐོ་འགོད་དགོས་པའི་གཏན་འཁེལ་བྱས་ཡོད། ༢༠༡༢་ལོ་ནས་བཟུང་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱིས་ངེས་བར་དུ་དངོས་མིང་བེད་སྤྱོད་བྱེད་དགོས་པའི་སྲིད་བྱུས་དེ་ད་ལྟ་ཁྲིམས་སུ་བསྒྱུར་བ་ཡིན་པས། དྲ་ཐོག་ནས་མིང་རྫུན་མ་བེད་སྤྱོད་བྱས་ཏེ་མི་གཞན་གྱི་ཁེ་ཕན་ལ་གནོད་པ་བྱེད་མཁན་རྣམས་ཀྱིས་གཟབ་དགོས། དྲ་རྒྱ་བདག་གཉེར་བྱེད་མཁན་དང་དྲ་ལམ་མཁོ་སྤྲོད་བྱེད་མཁན་གྱིས་དྲ་རྒྱ་ཐོ་འགོད་བྱེད་མཁན་གྱི་དངོས་མིང་བརྟག་དཔྱད་མ་བྱས་པར་ཐོ་འགོད་བྱས་ན་དྲ་རྒྱ་བདག་གཉེར་བྱེད་མཁན་ལ་རྒྱ་སྒོར་ཁྲི་གཅིག་གི་ཡན་དང་འབུམ་གཅིག་གི་དམན་ནས་ཆད་པ་བཅད་ན་ཆོག་ཅེས་འཁོད་ཡོད་པ་དེས་སྐད་འཕྲིན་དང་པོད་འཕྲིན་སོགས་ཀྱི་ཐོག་ནས་མིང་རྫུན་བེད་སྤྱོད་བྱས་ཏེ་གཞན་ལ་སྐུར་འདེབས་དམའ་འབེབས་བྱེད་པའི་རིགས་ཀྱང་གང་ལ་གང་འཚམས་ཀྱིས་འགོག་ཐུབ། ཁྲིམས་དེས་དྲ་ལམ་མཁོ་སྤྲོད་དང་ཁེ་གཉེར་བྱེད་མཁན་གྱིས་དྲ་ལམ་བེད་སྤྱོད་བྱེད་མཁན་གྱི་ཆ་འཕྲིན་གནས་ཚུལ་བསྡུ་ལེན་བྱེད་སྐབས། ཁྲིམས་མཐུན་ལུགས་མཐུན་དང་ཡོངས་གྲགས་ཀྱི་སྒོ་ནས་བསྡུ་ལེན་བྱེད་དགོས་ཤིང་། བསྡུ་ལེན་བྱེད་སྐབས་ཕ་རོལ་པའི་མོས་མཐུན་ཀྱང་ཡོད་དགོས་ཞིང་། བསྡུ་ལེན་བྱས་པའི་རྒྱུ་ཆ་ཡང་དོ་དམ་ལེགས་པོ་བྱས་ཏེ་ཉོ་འཚོང་དང་ཕྱི་གྱེར་མི་བྱེད་པའི་འོས་འགན་ཡོད་པ་སོགས་གཏན་ལ་བབས་ཏེ། ཚོགས་པ་དང་གང་ཟག་གང་རུང་གིས་གཞན་གྱི་བརྡ་འཕྲིན་དང་ཡིག་ཚགས། གནས་ཚུལ་གྱི་རྒྱུ་ཆ་སོགས་བརྐུས་ནས་ཕྱི་གྱེར་དང་། ཉོ་འཚོང་སོགས་བྱས་ན་ཁྲིམས་འགལ་ཡིན་པ་དང་། དྲ་ཐོག་གནས་ཚུལ་རྫུན་བཟོ་བྱས་ཏེ་མི་གཞན་གྱི་རྒྱུ་ནོར་བསླུ་བྲིད་དང་མགོ་སྐོར་བཏང་ནས་བླངས་བ་ཡིན་ན་དྲ་རྒྱ་ཁེ་གཉེར་བྱེད་མཁན་ལའང་ཆད་པ་རྒྱ་སྒོར་ས་ཡ་གཅིག་གི་མན། ཡང་ན་ཁྲིམས་འགལ་ཡོང་འབེབ་ཀྱི་ལྡབ་བཅུའི་ཆད་པ་བཅད་ཆོག་ཅེས་གཏན་ལ་བབས། དྲ་རྒྱ་བདེ་འཇགས་ཀྱི་ཁྲིམས་ཀྱིས་སྲིད་གཞུང་གིས་དྲ་རྒྱ་བདེ་འཇགས་ལས་དོན་ལ་མགོ་ཁྲིད་དང་ལྟ་རྟོག་གི་དབང་ཆ་ཡོད་པ་དང་། གནས་ཚུལ་ཛ་དྲག་བྱུང་ཚེ་དགོས་མཁོ་དང་བསྟུན་ནས་དྲ་ལམ་གཅོད་པའི་དབང་ཆའང་ཡོད་ཅེས་གཏན་འཁེལ་བྱས་ཤིང་། མིང་དངོས་བེད་སྤྱོད་བྱེད་པའི་གཏན་འཁེལ་དང་གང་ཟག་སྒེར་དང་ཚོགས་པས་གང་རུང་གིས་སྲིད་གཞུང་གི་བཀའ་འཁྲོལ་མེད་པར་སྐད་ཕྲན་དང་པོད་འཕྲིན་སོགས་སུ་གསར་འགྱུར་གསར་སྤེལ་བྱས་མི་ཆོག་ལ་སོགས་པའི་གཏན་འཁེལ་འདི་དག་ལ་རྒྱལ་ཁབ་ཕྱི་ནང་ནས་རྩ་ཁྲིམས་ཀྱི་སྨྲ་བརྗོད་རང་དབང་གི་རྩ་དོན་ལ་རྒྱབ་འགལ་བྱས་ཡོད་ཅེས་དགག་པ་རྒྱག་མཁན་ཡང་མི་ཉུང་བ་ཞིག་འདུག

མདོར་ན། དྲ་རྒྱ་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་ཁྲིམས་འདི་ལ་ཤེས་རྟོགས་གང་འཚམས་ཞིག་བྱུང་ན། རང་ཉིད་ཀྱི་བརྡ་འཕྲིན་རྒྱུ་ཆ་སོགས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁེ་དབང་ཇི་ལྟར་སྲུང་སྐྱོབ་བྱེད་པ་ལ་ཕན་པ་མ་ཟད། དྲ་ཐོག་གི་ཁྲིམས་ལུགས་ཐད་ཀྱི་གནང་བཀག་གི་ལས་ལའང་མི་རྨོངས་བའི་དགེ་མཚན་ཡོད་པས་སློབ་སྦྱོང་བྱས་ན་བཟང་བར་སྙམ་ནས་འདི་རུ་མཚམས་སྦྱོར་བྱས་པ་ཡིན།