འཇམ་དཔལ་རྣམ་རྒྱལ།

སྔོན་གྱི་དུས་སུ་བོད་འདིར་གྲུབ་དབང་པདྨ་འབྱུང་གནས་ལྟ་བུ་མི་དང་ལྷ་འདྲེའི་བར་ལ་སྐད་ཆ་ཤོད་མཁན་དག་གིས་བོད་མི་དང༌། བོད་ཀྱི་ཡུལ་ལྷ་གཞི་བདག་ཚོའི་བར་ལ་ཆང་ཡིག་རེ་བཞག་ཡོད་སྐད། ཆང་ཡིག་དེར་ཕྱོགས་གཉིས་ཀ་གྲོས་འཆམས་བྱུང་ནས་མིང་རྟགས་ཡང་བཀོད་ཡོད་ཟེར། ཆིང་ཡིག་དེའི་ནང་དོན་གཙོ་བོ། ཡུལ་ལྷ་གཞི་བདག་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་བ་སྲུང་རྒྱུ་དང༌། རྣལ་འབྱོར་བའི་སྐུ་ཚེ་བསྲིང་རྒྱུ། བོད་ཡུལ་དང་བོད་མིའི་རྐྱེན་ངན་བར་ཆད་བཟློག་རྒྱུ་སོགས་མདོར་ན་གང་བཅོལ་འཕྲིན་ལས་སྒྲུབ་པའི་དམ་བཅའ་བྱས་ཡོད་པ་དང༌། བོད་མི་ཚོས་གཞི་བདག་སྡེ་བརྒྱད་རྣམས་ལ་བསང་གསོལ་གཏོར་བསྔོ་རྒྱུན་དུ་བྱ་རྒྱུ་དང༌། གནས་ཀྱི་རི་ཆུ་ནགས་གསུམ་བསྲུང་སྐྱོབ་དང་གཙང་སྦྲ་བྱེད་རྒྱུ་བཅས་བྱས་ཡོད་རབས། ཁ་བཤད་དོན་ལ་གནས་པའི་བོད་ཀྱི་གནའ་མི་རྒན་པོ་ཚོས། ཡུལ་ལྷ་གཞི་བདག་གི་གནས་ཁྱད་པར་ཅན་ཡིན་ཟེར་བའི་རི་འབུར། བྲག་ཐོད། ཆུ་མིག་ཚུན་ཆད་ལས། ས་ཁེམ་གང་རྐོས་ན་བྲེད་ཤ་ལང་ཞིང༌། ཤིང་རྐང་གཅིག་བཅག་ན་རྣམ་རྟོག་བྱས། ཆུ་ཁམ་གང་རྙོག་ན་སེར་སྣ་སྐྱེ་བཞིན། ད་བར་དུ་བསང་དང་གསོལ་ཁའི་རྒྱུན་དང༌། རྔ་དང་རོལ་མོའི་སྒྲ་མ་ཆད་པར་ལས་བཞིའི་འཕྲིན་ལས་སྒྲུབ་མཁན་གྱི་ལྷ་གསོན་པོ་དང༌། སྐུ་དྲོན་པོ་ཞིག་ཡོད་ཆག་ཁྲིག་ཁྲིག་བྱས་ཡོད། ཡུལ་ལྷ་གཞི་བདག་རྣམ་པས་བོད་ཀྱི་གོད་ཆགས་རྐྱེན་ངན་བཟློག་པའི་འཕྲིན་ལས་ཅི་འདྲ་ཞིག་བསྒྲུབ་ཡོད་མེད་གསལ་བོ་ཞིག་གོ་རྒྱུ་མི་འདུག་མོད། གང་ལྟར་ད་ལྟ་མི་རྣམས་ཀྱི་ཧམ་སེམས་དང་གཡོ་རྒྱུ་ལ་ཚོད་འཛིན་མེད་པའི་དུས་འདིར། གནས་རི་གཉན་པོ་དག་ལས་གང་འདོད་དུ་ཤིང་ནགས་གཅོད་གཏུབས་དང༌། གཏེར་ཁ་སྔོག་འདོན་སོགས་གནོད་སྐྱོན་ཚབས་ཆེན་རབ་དང་རིམ་པས་ཡུལ་ལྷ་གཞི་བདག་མ་ཟད། གདོད་མ་ནས་འཚོ་སྡོད་བྱས་པའི་བོད་མི་རྣམས་ཀྱང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་བསྐྱལ་ཡོད། དེ་ཡང་ང་རང་ཉིད་མགོ་ལོག་པ་ཞིག་ཡིན་པས་ཆ་ནས་དང༌། བྱེ་བྲག་ངའི་ཕ་མེས་རྒྱུད་ཀྱི་སྲུང་མ་ཡབ་མེས་གོང་མ་ཚོའི་སེམས་ནང་གི་ལྷ་གསོན་པོ་ཟོ་དོར་རྨ་རྒྱལ་སྤོམ་རའི་བང་མཛོད།

ད་ལྟའི་ཁ་ཡག་དོན་སྟོང་གི་ལབ་ཚུལ་ལྟར་ན། རྒྱལ་ཁབ་ཀྱིས་ཆེད་དུ་སྲུང་སྐྱོབ་བྱས་པའི་གཙང་བོ་གསུམ་གྱི་མགོ་ཁུངས་སུ་གཏོགས་ཤིང༌། དད་མོས་ཅན་གྱི་ས་གནས་མགོ་ལོག་མི་དམངས་ཚོས་བཤད་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་རི། དྷི་གནས་གཏེར་མཛོད་དུ་གྲགས་པར་ད་ལྟ་ཝེ་སུ་ཐུ་ཟངས་གཏེར་ཀུང་སི་ཟེར་བ་ཞིག་གིས་མི་དམངས་ཀྱི་དད་མོས་ལ་རྡོག་བརྫིས་བྱས་ཤིང༌། ཁོར་ཡུག་གི་གནོད་སྐྱོན་སྣང་མེད་དུ་བཞག་ནས། མིག་སྔའི་ཁེ་ཕན་ཆུང་ཆུང་ཞིག་ལ་དམིགས་ནས་འདོད་སྔམས་ཧམ་སེམས་སྒོས་གང་འདོད་དུ་གཏེར་སྔོག་བྱས་རྐྱེན། གནས་འདིའི་སྐྱེས་པ་ཤིང་དང༌། འབབ་པ་ཆུ། སྲ་བ་བྲག་ལ་གནས་པའི་ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ལ་ཕོག་ཐུག་དང༌། ས་གནས་མི་མང་གི་ལུས་སེམས་གཉིས་ཆར་ཚད་མེད་པའི་དཀའ་སྡུག་དང༌། ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་སོགས་བསམ་ཡུལ་ལས་འདས་པ་ཞིག་བཟོས་ཡོད།

ལོ་འདི་དག་གི་རིང་ལ་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་སྲུང་སྐྱོབ་བྱས་ནས་གྲུབ་འབྲས་མི་དམན་པ་བླང་དང་ལེན་བཞིན་ཡོད་རབས་ཀྱི་ཁ་གཡང་སྙན་མོ་ཞིག་གྱེར་བཞིན། འཇིགས་རུང་གི་འཕྲུལ་ཆས་སྣ་ཚོགས་ཀྱིས་ཉིན་མཚན་བར་མེད་དུ་བསློགས་ནས་རི་བོ་དེའི་ནང་གི་ས། རྡོ། འདམ་བཅས་གཞན་དུ་སྐྱེལ་འདྲེན་བྱས་ནས། ཤུལ་དུ་ལྷག་པའི་ཆུ་ལའང་དཔག་ཚད་དང༌། རྒྱང་གྲགས་དབར་གྱི་ས་འོག་ས་སྟེང་གི་སྲོག་ཆགས་ཕྲ་མོའི་རིགས་གཅིག་ཀྱང་གསོན་མི་ཐུབ་པའི་རྫས་དུག་གང་མང་ཕོག་ཡོད་འདུག ཡུལ་ལྷ་གཞི་བདག་རྣམས་ཀྱིས་རང་གི་ཁང་ཁྱིམ་དང༌། གནས་མལ། བང་མཛོད་ཀྱི་དོད་དུ་བཤད་པའི་གནས་རི་དག་གཏོར་བཅོམ་རྩ་བརླགས་བྱས་སོང་བར་རུ་ང་དང༌། ཕྲག་དོག་བྱས་ནས་མཐུ་དང་རྫུ་ཕྲུལ་ཅི་འདྲ་ཞིག་གི་སྒོ་ནས་ལེ་ལན་བསྤྲོད་རྩིས་ཡོད་མེད་མི་ཤེས་མོད། མགོ་ལོག་མི་དམངས་ལ་མཚོན་ན། ཁོ་ཚོའི་ཕ་མེས་རྒྱུད་ཀྱི་སྲུང་མ། བུ་ཕྲུག་དར་གྱི་དགྲ་ལྷ། ས་བཅུ་ཐོབ་པའི་སེམས་དཔའ། སྲིད་པའི་ལྷ་གཉན་སྨ་རྒྱལ་སྦོམ་རའི་གནས་རི་ཞེས། ཡུལ་སྡེའི་ཆོས་ལུགས་ཆོ་ག་དང༌། ངག་རྒྱུན་ཁྲོད་གནའ་ནས་ད་ལྟའི་བར་གླེང་དང་གླེང་བཞིན་ཡོད་པའི་སེམས་གཏིང་གི་བླ་རི་འགངས་ཆེན་ཞིག་དང༌། དད་མོས་ཆེ་སའི་གཞི་བདག་དང༌། གནས་རི་བྱིན་ཅན་ཞིག འདི་ལྟར་བཙན་དང་དབང་གིས་ཕྱི་ནང་བསྒྱུར་སོང་བ་ནི། དད་མོས་ཅན་གྱི་མི་རིགས་ཞིག་ལ་མཚོན་ན་རང་གི་བྲང་ཁོག་ཚལ་བར་གཤགས་ནས་དོན་ལྔ་སྣོད་དྲུག་བྲུས་སོང་བ་དང་འདྲ་འདྲ་རེད། ལྷ་མེད་སྨྲ་བའི་གཞུང་ཞིག་ལ་མཚོན་ན། ཁོར་ཡུག་དང༌། སྐྱེ་དངོས་སྲུང་སྐྱོབ་དགོས་པར་བཤད་བཞིན་ས་རྐོ་རྡོ་སློག་བྱས་ན་ཁ་དོན་མི་མཚུངས་བ་ཙམ་ལས་མེད་ཀྱང༌། གཞན་གྱི་དད་མོས་རང་དབང་ལ་ཚད་ལས་འདས་པའི་རྡོག་བརྫིས་བཏང་ཡོད་པ་སྨོས་ཅི་དགོས།

ཡུལ་ལྷ་གཞི་བདག་དང༌། ལྷ་སྲིན་སྡེ་བརྒྱད་ཀྱི་འཁུ་ལྡོག་དང་རུ་ང་སོགས་རྨོང་དད་ཡིན་ཞེས་མཐོང་ཆུང་དང༌། འཕྱ་སྨོད་བྱེད་བཞིན་མཐོ་སྒང་གི་ལྗོན་ཤིང་ནགས་ཚལ་དང༌། སྤང་ཤུན་སོགས་ཚོད་མེད་དུ་བཤུས་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་ལ། སྤྱིར་སྤང་ཐང་དང༌། ལྗོན་ཤིང་ནགས་ཚལ་སོགས་ལ་གོ་ལའི་ཚ་དྲོད་འགོག་སྲུང་བྱེད་པའི་ནུས་པ་ཡོད་པས་དང༌། དགོས་སུ་གཙང་བོ་གསུམ་གྱི་མགོ་ཁུངས་སུ་གཏོགས་པས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཚུལ་བཤད་ན། ཀུང་སི་དེའི་རྒྱབ་རྩར་ལང་བའི་མཐོ་རིམ་དཔོན་རིགས་ཚོ་རླུང་ལངས་ནས་གཏེར་ཁ་འདི་རིགས་བསྔོག་པར་གནོད་པ་གང་ཡང་མེད་ཚུལ་དང༌། ས་གནས་མི་དམངས་དང་ནོར་སྲིད་ཕྱོགས་ལ་ཕན་པ་ཆེ་བས་ངེས་པར་དུ་བསྔོག་འདོན་བྱེད་དུ་འཇུག་དགོས་ཚུལ་ལབ་ནས་སྤྱང་ཀིའི་རྒྱབ་རྩ་འཕར་བས་བྱེད་ཀྱིན་ཡོད། མཐོ་སྒང་གི་གཏེར་ཁ་འདི་དག་གོང་རིམ་དཔོན་རིགས་ཚོའི་བྱིས་པའི་ཁ་ནང་གི་ནུ་མ་ལྟ་བུར་ཆགས་འདུག་པས་ཕྱོགས་དང་ཟུར་གང་ནས་གླེང་ན་ཁོང་ཚོའི་ཞལ་ངོ་གནག་འོང༌། ཡབ་མེས་གོང་མ་ཚོའི་རིང་ནས་ད་བར་དུ་འཚོ་སྡོད་བྱེད་སའི་ཕ་གཞིས་དྲོན་མོ་འདིའི་ཆེད་དུ། དམངས་ཀྱི་རེ་ཞུ་དང་ལེན་བྱེད་པའི་སྟེགས་བུར་གྲགས་པའི་རིམ་པ་སོ་སོའི་དམངས་ཆེན་དང༌། སྲིད་གྲོས་སོགས་ཀྱི་སྐབས་སུ་མཐུས་མི་དང༌། ཨུ་ཡོན་ཚོས་ཡར་ཞུ་གང་མང་མང་བྱས་ཀྱང༌། དེར་འབྲས་བུ་ཐོན་པ་ནི་མོ་གཤམ་གྱི་བུ་ལ་རེ་བ་དང་མཚུངས་བས་ཨ་ཐང་ཆད་ཡོད།

སྤྱིར་དམངས་ཆེན་མཐུས་མི་དང༌། སྲིད་གྲོས་ཨུ་ཡོན་གྱི་གདན་འདིར་ང་ཡང་ལོ་ཤས་རིང་འདུག་མྱོང། དེ་ནི་ང་རང་ལ་མཚོན་ན། མིང་རྒན་དོན་སྟོང་གི་བླ་བཙོང་སྟེགས་བུ་ཞིག་ལས་ཅི་ཡང་མ་མཐོང་བས་སྔོན་ནས་བཟུར་ཡོད། ད་དུང་སྟེགས་བུ་འདིར་བླ་སྤྲུལ་མི་ཆེན་སྐོར་ཞིག་གིས་ཨུ་ཚུགས་ཆེན་པོས་ཤི་སྦར་འཐམས་ལུགས་ལ་བལྟས་ན། མཆོག་གྱུར་དོན་སྙིང་ཞིག་གིས་གཏམས་ཡོད་པ་གོར་མ་ཆག་སྙམ། སྤྱི་ལོ་ ༢༠༡༡ ལོའི་ལོ་མགོར། མགོ་ལོག་དགེ་ཐོན་སློབ་གྲྭའི་སློབ་མ་ཡོངས་ཀྱིས། ཕ་མ་སྔ་རབས་པའི་སྲུང་མ། བུ་ཚ་ཕྱི་རབས་པའི་འཚོ་རྟེན། གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བ། མགོ་ལོག་མི་དམངས་ཀྱི་ཕ་ས་མ་མཚེར་འདིའི་ཆེད་དུ། ཁོང་ཚོས་མདུན་གྱི་འོབ་དང༌། རྒྱབ་ཀྱི་རྦབ་གང་ལའང་མ་འཛེམས་པར། གཅིག་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་གཏོར་བརླག་བྱེད་མི་རུང་བ་དང༌། གཉིས་ནས་མགོ་ལོག་མི་དམངས་ཀྱི་དད་མོས་ལ་བརྩི་འཇོག་དགོས་པའི་སྐད་འབོད་བྱེད་བཞིན་གོམ་བགྲོད་ཀྱིས་གཏེར་སྔོག་སར་འབྱོར་བ་ན། སྔོ་ལྗང་གི་རྩྭ་ཐང་དང༌། དྭངས་གཙང་གི་ཆུ་བོ་དང༌། ཡིད་འོང་གི་མཁའ་དབུགས་སོགས་གང་ཡང་མཐོང་རྒྱུ་མེད་པར། འཇིགས་སུ་རུང་བའི་མྱ་ངམ་གྱི་ཐང་སྟོང་དུ་བསྒྱུར་ཟིན་པ་དེར། རྣ་བར་གཟན་པའི་འཕྲུལ་འཁོར་གྱི་སྡུར་སྒྲ་དང༌། མིག་གི་མི་བཟོད་པའི་གློག་འོད་ཀྱི་ཟེར་དུག གང་སར་ཁྱབ་པའི་དུག་ཆུའི་འབག་བཙོག ད་དུང་གཏེར་རྫས་ཐམས་ཅད་ཟོང་ཁོར་ཆེན་པོ་རྣམས་ཀྱིས་ཕྱོགས་སོ་སོར་སྐྱེལ་འདྲེན་བྱེད་པའི་རྣམ་པ་དང༌། ཁོར་ཡུག་ལ་ནམ་ཡང་སོས་ཐབས་བྲལ་བའི་རྨས་སྐྱོན་ཚབས་ཆེན་ཐེབས་པ་དེ་དག་མཐོང་བའི་མོད་ལ། མགོ་ལོག་ཁག་གསུམ་གྱི་གཅེས་ཕྲུག་ཚོའི་སེམས་པ་རབ་དུ་སྐྱོ་ནས། རང་དབང་མེད་པར་མིག་ནས་མཆི་མ་བཞུར་ཞིང༌། སྐད་ཤུགས་ཆེན་པོས་ངུ་འབོད་བྱས་པས་དེར་ཡོད་ཚང་མ་ཧ་ལས་ཤིང་ཧོན་འཐོར་སོང༌།
འོན་ཀྱང་ཁོང་རྣམས་ལ་སྙིང་རྗེ་སྒོམ་མཁན་ཞིག་ཕར་ཞོག གནས་ལུགས་ལ་ཉན་མཁན་དང༌། དྲང་བདེན་གྱི་རྒྱབ་ནས་སྐྱོར་མཁན་ཞིག་ལར་ནས་རྙེད་མ་སོང༌། ཕྱིར་སློབ་གྲྭར་ཐོན་པ་ན། སློབ་རའི་ཕྱི་ནང་ཐམས་ཅག་དམག་མི་དང་ཉེན་རྟོགས་པས་སྲུང་ནས། ཁྱེད་ཚོའི་བྱ་བ་དེ་ཐོག་མར་སུ་ཞིག་གིས་མགོ་རྩོམ་པ་དང༌། རྒྱབ་ན་མི་སུ་ཡོད། དམིགས་ཡུལ་ཅི་ཞིག་ཡིན་པ་སོགས་རྩར་བཅད་ནས་དགེ་སློབ་ཡོངས་ལ་དཀའ་ཁག་གང་མང་སྤྲད། ཁོང་ཚོས་ནམ་ནམ་ཞར་ཞར་ལ་རྒྱབ་ན་མི་སུ་ཡོད་དང༌། དམིགས་ཡུལ་ཅི་ཞིག་ཡོད་མེད་རྩར་གཅོད་བྱེད་རྒྱུར་ལོབ་ཡོད། དེ་ནི་དོན་ཆུང་ཞིག་ཆེ་རུ་བཏང་བ་དང༌། འདྲེ་ཡི་སེམས་ལ་མ་ཤར་བ་ཞིག་ནད་པའི་ཁོག་ལ་འཆར་བཞིན་ཡོད་པ་རེད།

ཞིབ་ཏུ་བསམ་ན་ཁ་བྲལ་ལ་ཁ་གཡར་ནས་ཁ་བྲལ་གཏོང་གི་ཡོད་པ་རེད། མི་ཞིག་ལ་བསམ་བསམ་འདོད་འདོད་ཞིག་བཅའ་དགོས་ན། ཐོག་མའི་ཆ་རྐྱེན་ཁ་བྲལ་སྣ་བྲལ་གྱི་ཞྭ་མོ་ཞིག་འགེབས་ཐབས་མ་བྱས་ན་སྟབས་བདེ་ཞིག་ཡིན་གྱི་མེད་ཚོད་རེད། དེ་རྗེས་སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ནང་མགོ་ལོག་ཁུལ་མི་དམངས་མཐུས་མི་ཚོགས་ཆེན་དང༌། ཆབ་སྲིད་གྲོས་མོལ་ཚོགས་འདུ་སྟེ་ཚོགས་ཆེན་གཉིས་ཀྱི་སྐབས་སུ། “དྷི་གནས་གཏེར་མཛོད་ཀྱི་གཏེར་ཁ་བླང་ན་ཕན་པ་ལས་གནོད་པ་ཆེ་བས་མཚམས་འཇོག་འོས་པའི་ཞུ་ཡིག” བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་ནས་མགོ་ལོག་འབྲོག་དམངས་ཡོངས་ཀྱིས་མཉམ་དུ་མིང་རྟགས་བཀོད་དེ་ཕུལ་ཡོད། རྫོང་ཁག་སོ་སོའི་མཐུས་མི་དག་གིས་དམངས་ཀྱི་རེ་བའམ་བསམ་ཆར་ཡར་ཞུ་བྱས་ཡོད་ལ། བསམ་ཆར་དེ་དག་དང་ལེན་བྱེད་པར་ཁུལ་དམངས་ཆེན་གྱི་ཀྲུའུ་ཞུའུ་ཚོགས་པར་གསོལ་བ་ཕུར་ཚུགས་སུ་བཏབས་ཡོད་ནའང༌། ཁོ་ཚོས་དམངས་ཀྱི་རེ་བར་རྩི་འཇོགས་བྱེད་རྒྱུ་ཕར་ཞོག་རྣ་རྒྱབ་ལྷགས་པའི་ཚད་དུའང་མི་འཇོག་པས། མགོ་ལོག་མི་དམངས་ཀྱི་རེ་འདོད་དང་མཐུན་པའི་དངོས་གྲུབ་ཞིག་ཐོབ་པར་རེ་བ་ནི་རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་རེད། ཝེ་སུ་ཐུ་ཟངས་གཏེར་ཀུང་སིས་ད་ལོ་ནས་གཏེར་སྔོག་པ་དང༌། སྐྱེལ་འདྲེན་བྱེད་པའི་སྟོབས་ཤུགས་དང་མྱུར་ཚད་ཇེ་མཐོར་བཏང་ཡོད་ནའང༌། འགལ་རྐྱེན་བར་ཆད་གང་ཡང་མེད་པར་ཡོད་ཚད་ལེགས་འགྲུབ་ཡིན་པ་ནི། ཁོ་ཚོའི་ཁ་སྟོང་བའི་གསོལ་འདེབས་ཙམ་གྱི་གོ་གང་ཡང་མི་ཆོད་པ་ཤེས་ནས། གྱ་ནོམ་པའི་མཆོད་པ་ཞིག་ཕུལ་ཡོད་པ་ལོས་ཡིན་སྙམ། ད་དུང་ཀུང་སུ་འདི་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ཀྲུག་ཡོང་ཁང་ལགས་ཀྱིས་གཏེར་ཁ་འདི་བསྔོག་ཆོག་པ་དང༌། འདི་ལ་ས་གནས་རིམ་པས་རྒྱབ་སྐྱོར་དགོས་པར་གསུང་ཡོད་ཚུལ་ལབ་ནས་མི་དམངས་ལ་མགོ་སྐོར་དང་འཇིགས་སྐུལ་གཏོང་བཞིན་ཡོད། སྤྱིར་ལོ་འདི་དག་གི་རིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དགོས་ཞེས་ཁ་འདོན་བྱེད་བཞིན་ཡོད་ལ།

 

ཁྱད་པར་ ༢༠༡༡ ལོའི་ཟླ་ ༡༡ པའི་ཚེས་༡༦ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་ཚོགས་འདུ་བསྡུས་ནས། “མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཡུལ་དུ་འཇོག་རྒྱུའི་ཐག་བཅད་ཡོད་” པར་བཤད། ཚོད་ལྟའི་ཁུལ་དུ་མགོ་ལོག་དང༌། ཡུལ་ཤུལ། རྨ་ལྷོ། མཚོ་ལྷོ་བཅས་གཙོ་བོ་ཡིན་འདུག་ལ། ཚོགས་འདུའི་དོན་སྙིང་མདོར་དྲིལ་ན། རྩྭ་སའི་རྩི་ཤིང་ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་དང༌། རྩྭ་ས་ས་ནག་དང་བྱེ་ཐང་དུ་འགྱུར་བའི་རྣམ་པ་ཚོད་འཛིན་བྱེད་རྒྱུ། ལྗང་མདོག་འཕེལ་རྒྱས་ཆེད་རྩྭ་ཕྱུགས་སྙོམ་སྒྲིག་དགོས་ཞེས་འབྲོག་པས་ཕྱུགས་འཚོ་བའང་མཚམས་འཇོག་དགོས་པར་བཤད་འདུག དེ་ལྟར་བཤད་བཞིན་ཀྲུག་ཡོང་ཁང་གིས་ཝེ་སུ་ཐུ་ཟངས་གཏེར་ཀུང་སི་ལ། མཐོ་སྒང་གི་ས་རྣམས་རྐོས་ཤོག གཏེར་རྣམས་ཁྱེར་ཤོག ཁོར་ཡུག་རྣམས་རློག་ཤོག་ཞེས་བཤད་མེད་པའི་ཡིད་ཆེས་ལོས་ཡོད། ཁོང་འདི་ལྟར་སྔ་ཚིག་གིས་ཕྱི་ཚིག་མི་ནོན་ཞིང༌། རྐང་རྗེས་ལག་པས་བསུབ་མཁན་ཞིག་ཡིན་ན་སྟོབས་ལྡན་རྒྱལ་ཁབ་ཆེན་པོ་འདིའི་མཐོ་རིམ་དཔོན་རིགས་ཞིག་གི་ཁྲི་ལ་ཇི་ལྟར་འཛེགས་སོང་བ་ཡིན།

འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ། སེམས་མ་སྐྱིད་ན་ཤོད། ལུས་མ་བདེ་ན་རེག་ཟེར་བ་ལྟར། ཉོག་བཤད་འདི་ང་དང་ངའི་ཡུལ་མི་སྤུན་ཟླ་ཚོའི་ནང་གི་ན་ཟུག་ཡིག་ཐོག་ཏུ་ཕབ་པ་ཙམ་ཡིན། སྤྱིར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་མནོལ་བཙོག་དང་གཏོར་བརླག་ཐེབས་ཚུལ་ལ་བསམ་ན་འདི་ཡང་ཆ་ཤས་ཆུང་ཆུང་ཞིག་ཡིན་རྒྱུ་རེད་དེ།  ཉེ་ཆར་ཁོ་བོའི་དྲ་ཐོག་ནས་རྩོམ་ཡིག་ཞིག་མཐོང་བའི་ནང་འདི་ལྟར་བཀོད་འདུག དངུལ་འཛིན་ཚོང་རའི་རེས་གཟའ་དུས་དེབ་ཀྱི་གསར་འགོད་པས། “གང་སའི་མ་རྩས་མདོ་དབུས་ས་ཆའི་གཏེར་ཁ་སྔོག་པ། འཛུགས་སྐྲུན་དང་གསར་འདོན་བྱ་བ་མང་ཆེ་ཤོས་ཤིག་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིན་ཐང་དང་སྙིང་དོན་སྣང་མེད་དུ་བཞག་སྟེ། མིག་སྔུན་གྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ། ས་ཆ་སོ་སོའི་དམངས་གཉེར་མ་རྩ་དང༌། ཚོང་རར་འདོན་པའི་ཀུང་སི། གཏེར་དཔོན་བཅས་ཀྱི་མ་རྩ་དེ་བོད་ཀྱི་ས་ཆར་བཏང་ནས་གཏེར་ཁ་འདོན་གྱིན་ཡོད་པ་དང༌། མདོ་དབུས་ལྕགས་ལམ་ནས་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང༌། བོད་ལྗོངས་ས་ཆ་སོ་སོ་ནི་ལག་ཏུ་མ་དངུལ་འབོར་ཆེན་ཐོགས་པའི་མ་རྩའི་མི་སྣས་མ་དངུལ་གཏོང་སར་གྱུར། རང་སྐྱོང་ལྗོངས་ཚོང་འགུག་དངུལ་འདྲེན་སྡེ་ཁག་ལ་ཁ་པར་གཏོང་བ་སོགས་ཀྱི་འབྲེས་གཏུག་མི་སྣ་ཕུད། ཐད་ཀར་ངོ་གཏུག་ཚོང་གཏམ་དང་བརྟག་ཞིབ་དང་མ་དངུལ་གཏོང་འདོད་མཁན་ཉིན་རེར་ཉུང་མཐའ་ཡང་མི་སྣ་བརྒྱ་ཕྲག་རེ་ཡོད། ཞེས་དང༌། ལྷ་སའི་གྲོང་དུ་གཏེར་ལས་ཀུང་ཟི་ཤིན་ཏུ་མང་སྟེ་ཕལ་ཆེར་གྱོན་ཆས་ཚོང་ཁང་གི་གྲངས་ཀ་དང་མཉམ།” ཞེས་བཤད་འདུག་གོ། ཉོག་བཤད་འདི་མཚམས་འདི་ནས་མ་བཞག་ན་ཀློག་མཁན་ཞིག་ཡོད་ན་སུན་རྒྱུ་རེད་མོད། འོན་ཀྱང་མིག་སེར་གྱི་མདུང་ཁ་ནང་དུ་བསྐོར་ནས་ཕུང་དཀྲུག་བྱེད་པ་ལས། འུ་ཚང་གི་གཡས་ལོག་གཡོན་རྡིབ་ཀྱི་དོན་དངོས་འདི་རིགས་བཤད་རྒྱུ་གལ་ཆེ་བ་རེ་མིན་ནམ་སྙམ།

 

ཨོ་ད་དུང་བཤད་རྒྱུ་ཞིག་ཡོད་པ་ནི། རི་རྨ་རྒྱལ་གྱི་འདབ་དུ་འཚོ་མྱོང་ཞིང། ལྷ་རྨ་ཆེན་ལ་བསང་གསོལ་བྱེད་མྱོང་མཁན། ཆུ་རྨ་ཀླུང་གི་བྲོ་བ་མྱང་མྱོང་ནི། མདོར་ན་ས་མགོ་ལོག་གི་ཡུལ་དུ་སྐྱེས་པ་ཞིག་ཡིན་ཕྱིན། ད་ལྟ་གོ་ལ་འདིའི་ཕར་ནང་ཚུར་ནང༌། རྒྱལ་ཁབ་འདིའི་ཕྱི་རོལ་ནང་རོལ་གང་དུ་ཡོད་ཀྱང་ཁྱེད་རྣམ་པའི་ཤེས་དགོས་རྒྱུ་ཞིག་ལ། འདི་ལྟར་འུ་ཚང་གི་རྩྭ་ཡར་སྐྱེས་གུར་ཀུམ་འདྲ་བོ་བཅོམ་བཞག་ཐལ། ཆུ་མར་འབབ་བདུད་རྩི་འདྲ་བོ་རྙོག་བཞག་ཐལ། རང་ས་གོས་དཀར་གྱི་གོང་བ་འདྲ་བོ་བརླག་ཚར་ཐལ། བུ་ཚ་ཕྱི་རབས་ལ་སྤྲོད་རྒྱུའི་འཚོ་རྟེན་ཞིག་མ་ལྷག་ཐལ། འོན་ཀྱང༌། འདིའི་ལེ་ལན་ཡོད་ཚད་གཞན་ལ་འགེལ་ཆོག་ཆོག་ཞིག་མ་རེད། རྒྱུ་མཚན་ནི། ཡུལ་ལྷ་གཉན་པོའི་བཀའ་ཡིས་ཆད་པ་གཅོད་ན་ཕྱི་སྡུག་ནང་ལ་ཕོ་ས་དང༌། རང་བྱུང་ཁོར་ཡུག་འབག་བཙོག་བཟོས་པའི་གྱོད་རྩ་དེད་ན་ཉེས་ཅན་ཁྲིམས་ལ་སྦྱོར་རྒྱུ། འུ་ཚང་གི་བླ་རི་དང་གནས་རི་བཙོང་ནས་ཧམ་ཟ་བྱེད་མཁན་གྱི་ཁྲེལ་མེད། རང་མྱི་དགྲ་དང༌། སྲུང་མ་གཤེད་དུ་གྱུར་བའི་མི་སྐོར་ཞིག་ཡོད། ཁོ་ཚོའི་མིང་དང་ལོ་རྒྱུས་སོགས་གསལ་བོ་ཞིག་མ་ཤེས་མོད། མི་རིང་བར་ཁོ་ཚོ་འུ་ཚང་གི་ལོ་རྒྱུས་སྟེང་ཉེས་ཅན་མི་སྣ་ཤ་སྟག་དུ་འགྱུར་རྒྱུ་ཡིན་པར་གདོན་མི་ཟ་བས་གསལ་འོང༌།