བྱ་རྡོ་རྡོ་ནི་གཤོག་པ་ཡོད་ཀྱང་བཀོལ་སྤྱོད་མ་བྱས་པའི་དབང་གིས། འཚེར་ལོངས་ཀྱི་ཁྲོད་དུ་གཤོག་པ་རང་བཞིན་གྱིས་ཇེ་ཆུང་དུ་སོང་ནས་རང་གི་ལུས་ཕུང་དབྱིངས་སུ་འདེགས་པའི་འཕུར་རྩལ་དང་འཕུར་ཤུགས་ཉམས་པའམ་བྲལ་ནས་ཐང་དུ་ལུས་པའི་འདབ་ཆགས་ཤིག་ཏུ་གྱུར་ཅིང་། ཕྱིས་སུ་ཕྱི་

རོལ་ནས་ཡོང་བའི་མི་དང་སེམས་ཅན་ཁྱི་ལྟ་བུས་བརྔོན་པས། ལོ་བརྒྱ་ལྷག་གི་རྗེས་སུ་བྱ་དེ་ཁ་དག་ཅིང་རིགས་རྒྱུད་རྩ་བ་ཉིད་ནས་རྫོགས་པའི་འདབ་ཆགས་ཀྱི་རིགས་རྒྱུད་ཅིག་ཡིན། མི་རིགས་ཤིག་གི་སྐད་རིགས་ཀྱི་ཆགས་གནས་ཉམས་གསུམ་གྱི་ལོ་རྒྱུས་ཀྱང་བྱ་འདིའི་རྣམ་ཐར་དང་ཤིན་ཏུ་མཚུངས་བར་སྙམ། མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ནི་འཚོ་གནས་ཀྱི་རྟེན་གཞི་ཞིག་ཡིན། ཇི་ལྟར་བྱ་ཞིག་ལ་གཤོག་པ་གལ་ཆེ་བ་ཇི་བཞིན། དེ་ལྟར་མི་རིགས་ཤིག་ལ་སྐད་ཡིག་གལ་ཆེ། བྱ་ཡིས་གཤོག་པ་བཀོལ་སྤྱོད་མ་བྱས་ན་གཤོག་པའི་རྩལ་རིམ་གྱིས་ཉམས་འགྲོ་བས་དེའི་ཉེར་ལེན་གྱིས་བྱ་དེ་ཡང་རིམ་གྱིས་འཇིག་འགྲོ་བ་ཇི་བཞིན། མི་རིགས་ཤིག་གི་སྐད་ཡིག་བཀོལ་སྤྱོད་མ་བྱས་ཚེ། མི་རིགས་དེའི་སྐད་ཡིག་ལ་ངོ་མཚར་རྨད་བྱུང་གི་ལོ་རྒྱུས་དང་ཁྱད་ཆོས་ཇི་ལྟར་ལྡན་ཡང་སྐད་ཡིག་དེ་རིམ་གྱིས་འཇིག་སྟེ་མི་རིགས་དེ་ཡང་ཉམས་དམས་སུ་འགྲོ་བ་ནི་མཐོང་ཆོས་ཡིན། དེའི་ཕྱིར་སྐད་ཡིག་གི་ཚེ་སྲོག་ནི་བཀོལ་སྤྱོད་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༤་བ་ནང་དུ། རིགས་སོ་སོའི་མི་རིགས་ལ་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་རང་དབང་ཡོད་ཅེས་གཏན་འཁེལ་བྱས་ཡོད། མི་རིགས་གང་རུང་ཞིག་གིས་དེའི་སྐད་ཡིག་བཀོལ་སྤྱོད་བྱེད་པ་ནི་རྩ་ཁྲིམས་ཐོབ་ཐང་ལོངས་སྤྱོད་བྱེད་པ་ཞིག་ཡིན་ཕྱིན། གང་ཟག་དང་སྲིད་གཞུང་འདུས་པའི་ཚོགས་པ་སུ་གང་གིས་ཐོབ་ཐང་དེ་ལ་གནོད་པ་བྱས་ན་རྩ་ཁྲིམས་ལ་གནོད་པ་བྱས་པ་དང་ངོ་བོ་གཉིས་སུ་མ་མཆིས། ཡིན་ནའང་རྩ་ཁྲིམས་ཀྱིས་ཐོབ་ཐང་སྦྱིན་པ་ཙམ་གྱིས་སྐད་ཡིག་ཆགས་གནས་ལ་མི་ཕན་ཏེ། ཡང་སྙིང་ནི་མི་རིགས་དེའི་སྐད་ཡིག་ཆོས་ལུགས་དང་ཆབ་དཔལ་རིག་གསུམ་གང་རུང་གི་ཁྲོད་དུ་མཛེས་ཆོས་ཙམ་མ་ཡིན་པར་དོན་དང་ལྡན་པའི་བཀོལ་སྤྱོད་བྱས་ན་ད་གཟོད་མི་རིགས་དེའི་སྐད་ཡིག་ཡུན་ཏུ་གནས་ཐུབ། འཛམ་གླིང་ན་འཕུར་མི་ཤེས་པའི་བྱ་མང་བོ་ཡོད་ཀྱང་དེ་དག་ཚང་མའི་རིགས་རྒྱུད་ཆད་མེད། དཔེར་ན་ངང་བ་གྲོད་ལུག་ལྟ་བུར་མཚོན་ན་གཤོག་པ་ལ་བརྟེན་ནས་འཕུར་མི་ཐུབ་ཀྱང་གཤོག་པ་ལ་བརྟེན་ནས་ཆུ་རྐྱལ་ཐུབ་པའི་རྒྱུ་མཚན་གྱིས་དེའི་རིགས་རྒྱུད་ད་དུང་སྟོབས་དང་ལྡན་པའི་སྒོ་ནས་འཚོ་ཞིང་གཞེས་ཡོད། དེའི་ཕྱིར་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གཤོག་པ་དང་སྐད་ཡིག་བཀོལ་སྤྱོད་བྱེད་པ་ནི་བྱ་དང་མི་རིགས་ཡུན་གནས་ཀྱི་མན་ངག་ཡིན།