སྐད་ཡིག་ནི་མི་རིགས་ཤིག་གི་རིག་གནས་དང་ངོ་བོ་མཚོན་བྱེད་ཡིན། དེར་བརྟེན། རང་གི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་དང་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་ཤིག་ཆགས་ཀྱི་ཡོད།  ༡༩༥༤ ལོར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་མར་གཏན་འབེབས་དང་། དེ་རྗེས་ ༡༩༧༥ ལོ་དང་།

༡༩༧༨ ལོ། ༡༩༨༢ ་ལོ་བཅས་ཀྱི་རྩ་ཁྲིམས་བཟོ་བཅོས་བརྒྱུད་རིམ་ནང་། གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་རང་དབང་ལ་ཁག་ཐེག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཡ་ང་བའི་རིག་གནས་གསར་བརྗེ་ཆེན་མོའི་དུས་སྐབས་སུའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་དེ་རྩ་ཁྲིམས་ནང་རང་སོར་གནས་ཐུབ་ཡོད།

༢༠༠༤ ་ལོར། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་རྩ་དོན་དེ་རྩ་ཁྲིམས་ཀྱི་ནང་དུ་གསར་སྣོན་བྱས། དེ་ཡང་། “གྲངས་ཉུང་མི་རིགས་སམ་མི་སྡེའི་ཚོགས་པ།     གང་ཟག་སྒེར་བ་སོགས་གང་རུང་གིས་རང་གི་གདོད་མའི་སྐད་ཡིག་བཀོལ་སྤྱོད་བྱེད་པ་བརྒྱུད་དེ། རང་གི་ཕ་སྐད་ལ་དགའ་མོས་བྱས་པ་དེས་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་འཛིན་སྐྱོང་ལ་ཕོག་ཐུག་ཐེབས་པའི་འགྲོ་བ་མིའི་ཐོབ་ཐང་ཞིག་ལ་ཡོངས་གྲགས་ཀྱིས་སྐད་ཡིག་ཐོབ་ཐང་གི་མཚན་ཉིད་ཟེར། རྒྱལ་སྤྱིའི་ཆིངས་ཡིག་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་སྐད་ཡིག་ཐོབ་ཐང་ནི་གང་ཟག་གི་ཆེ་མཐོང་དང་རང་དབང་། འདྲ་མཉམ་དང་གོ་གནས་བཅས་ཀྱི་ནང་དུ་ཁྱབ་ཡོད་པ་ཞིག་ཡིན་དགོས།” ཞེས་གཏན་འབེབས་བྱས་ཡོད། རྩ་ཁྲིམས་ཀྱི་དོན་ཚན་ ༣༨ ་པའི་ནང་དུ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་གང་ཟག་གི་ཆེ་མཐོང་ལ་གནོད་འཚེ་བྱས་མི་ཆོག” ཅེས་བཀོད་ཡོད་པ་ལྟར། སྐད་ཡིག་གང་ཞིག་བཀོལ་སྤྱོད་བྱེད་འདོད་པའི་སྤྱི་དམངས་ཀྱི་རང་དབང་དེ་ལ་སྲིད་གཞུང་གིས་ཚོད་འཛིན་དང་བཀག་སྡོམ་བྱས་པ་ཡིན་ན། བྱ་སྤྱོད་དེས་ཐོག་མར་སྤྱི་དམངས་དེའི་གང་ཟག་གི་ཆེ་མཐོང་ལ་གནོད་པ་བཟོས་ཡོད། དེའི་རྒྱུ་མཚན་གྱིས་རྩ་ཁྲིམས་ཀྱི་དོན་ཚན་ པ་ཡི་ནང་དུ། “རིགས་སོ་སོའི་མི་རིགས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད།” ཅེས་བཀོད་ཡོད་པ་རེད།

སྐད་ཡིག་གི་ཐོབ་ཐང་དང་འབྲེལ་བའི་དགེ་མཚན་ཞིག་ནི། གཞོན་ནུ་དང་བྱིས་པ་རྣམས་ལ་སློབ་གསོ་རྣལ་མ་ཐོབ་པར་ལྷག་ཏུ་ཕན་པ་དེ་ཡིན། འཛམ་གླིང་དངུལ་ཁང་གི་བསྡོམས་རྩིས་ལྟར་ན། འཛམ་གླིང་སྤྱིའི་དབང་དུ་བྱས་ན་བྱིས་པ་བརྒྱ་ཆ་ལྔ་བཅུས་སློབ་གྲྭར་འགྲོ་མཚམས་བཞག་ཡོད་པར་བཤད་ཡོད། དེ་ནི་སློབ་ཁྲིད་ཀྱི་སྐད་ཡིག་དེ་ཁྱིམ་ཚང་ནང་བཀོལ་སྤྱོད་མེད་པའི་རྒྱུ་མཚན་གྱིས་ཡིན་པར་ཕྱོགས་བསྡོམས་བྱས་འདུག རྒྱུ་མཚན་འདིས།ཁྱིམ་ཚང་གི་སྐད་ཡིག་དེ་བྱིས་པའི་སློབ་གསོའི་ངོས་ནས་གལ་ཆེན་པོ་ཆགས་ཡོད་པ་དང་། བྱིས་པར་རང་གི་ཕ་སྐད་ཀྱིས་སློབ་ཁྲིད་བྱས་པ་ཡིན་ན། དེ་ནི་བྱིས་པའི་རྒྱུད་ལ་ཡོན་ཏན་འབྱོར་བའི་ཐབས་ལམ་བཟང་ཤོས་ཡིན་པ་གསལ་བཤད་བྱས་ཡོད། དེ་བཞིན། “བུད་མེད་ཚོར་མཚོན་ནའང་རང་གི་ཕ་སྐད་ཀྱིས་སློབ་སྦྱོང་བྱས་ན་སློབ་གསོ་ཐོབ་སླ་བ་མ་ཟད། སྦྲུམ་མས་བུ་ཕྲུག་བཙའ་སྐབས་སྨན་པ་དང་ལྷན་རང་གི་ཕ་སྐད་ཀྱི་ལམ་ནས་ཁ་བརྡ་བྱས་པ་ཡིན་ན། བུ་ཕྲུག་བདེ་བླག་ངང་བཙའ་ཐུབ་པར་ཕན་ཐོགས་རྒྱ་ཆེན་པོ་ཡོད།” ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་པས་གསལ་བཤད་བྱས་ཡོད། སློབ་གྲྭ་ནས་མི་རིགས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱས་ན། རྒྱལ་ཁབ་དང་སྲིད་གཞུང་གི་སློབ་གསོའི་འགྲོ་སོང་བསྲི་ཚགས་བྱེད་ཐུབ་པ་དང་། སློབ་ཆུང་སློབ་མའི་བསླབ་འབྲས་ཀྱང་མངོན་གསལ་དོད་པོས་ཡར་རྒྱས་འགྲོ་ཐུབ་ལ། མི་རིགས་ཕན་ཚུན་བར་གྱི་འབྲེལ་བའང་ཇེ་ལེགས་སུ་གཏོང་ཐུབ། གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་དག་གིས། ཁྲིམས་ལུགས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྣམས་འཁོད་ཡོད་པ་ལྟར། སྐད་ཡིག་གི་ཐོབ་ཐང་དེ་དག་ཡོངས་སུ་བེད་སྤྱོད་བྱེད་པ་དང་། འགལ་ཟླ་དང་ཟིང་འཁྲུག་གང་ཞིག་མ་བྱུང་བའི་སྔོན་དུ། ཛ་དྲག་གི་གནད་དོན་གང་ཡིན་ནའང་ཁྲིམས་བཟོ་དང་ཁྲིམས་འཛིན། སློབ་གསོ་དང་འབྲེལ་བའི་ལས་ཁུངས་སོགས་བརྒྱུད་ནས་ཐག་གཅོད་བྱ་ཐུབ་པ་ཡིན་ན། ཟིང་འཁྲུག་དང་འགལ་ཟླའི་ཉེར་ལེན་དག་རྩ་བ་ནས་མེད་པར་བཟོ་ཐུབ་པར་བཤད་ཡོད།  རྒྱལ་ཁབ་ཅིག་ལ་མཚོན་ན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནི། རྒྱལ་ཁབ་དེའི་རིག་གནས་བང་མཛོད་ནང་གི་ནོར་བུ་ཞིག་ཡིན་པ་ལས་གད་སྙིགས་མིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་པ་ནི་མི་རིགས་ཚང་མ་འཆམ་མཐུན་མཉམ་གནས་ཡོང་བའི་སྔོན་འགྲོ་དང་རྨང་གཞིའི་ཆ་རྐྱེན་ཞིག་ཡིན། སྐད་ཡིག་ནི་གང་ཟག་ཅིག་ལ་མཚོན་ན་བརྗོད་པ་ཀུན་གྱི་རྩ་བ་ཡིན་སྟབས། རང་གི་སྐད་ཡིག་ལ་བརྟེན་ནས་རང་ཉིད་ཀྱི་ནུས་ཤུགས་དང་རིན་ཐང་ཡོད་རྒུ་ཕྱིར་འདོན་པ་དང་། རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱེད་པའི་ཆ་རྐྱེན་ཡག་ཤོས་ཀྱང་ཡིན། སྐད་ཡིག་ཅིག་ཚར་གཅོད་དང་འབྲེལ་བའི་བྱ་སྤྱོད་གང་ཞིག་ཡིན་ནའང་། དེ་ནི་སྤྱི་དམངས་ཤིག་གི་མི་ཚེ་དང་མི་རིགས་ཤིག་གི་མདུན་ལམ་ཚར་བཅད་པ་ཡིན། གཤམ་དུ་བཀོད་ཡོད་པའི་ཐབས་ལམ་ཁག་ནི། སྐད་ཡིག་གི་ཐོབ་ཐང་ཇི་ལྟར་བརྩོན་ལེན་བྱེད་པའི་དོན་གནད་སྙིང་བསྡུས་ཤིག་ཡིན།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་དང་པོ་ནི། རང་གི་སྐད་ཡིག་དེ་སློབ་གསོའི་ལས་དོན་གྱི་ཁྲོད་དུ་བཀོལ་སྤྱོད་བྱེད་དགོས་པ་དེ་རེད། སློབ་ཁྲིད་ཀྱི་ཆེད་དུ་བཀོལ་སྤྱོད་མི་བྱེད་པའི་སྐད་ཡིག་ནི་ཆེས་འཇིག་སླ་བའི་སྐད་ཡིག་ཡིན། སློབ་ལོ་མ་ཟིན་སྔོན་གྱི་བྱིས་པ་ནས་སློབ་ཆེན་སློབ་མའི་བར་དུ་རང་གི་སྐད་ཡིག་གི་སློབ་གསོ་དེ་ཤིན་ཏུ་གལ་ཆེ་བ་ངོ་འཕྲོད་དགོས་པ་དང་དེ་བཞིན་གནད་འགག་ཏུའང་འཛིན་ཐུབ་དགོས། དེར་བརྟེན། སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་རྣམས་ལ་སོ་སོའི་ཕ་སྐད་ནང་ཁྲིད་གཞི་སྣ་ཚོགས་སློབ་ཁྲིད་བྱ་རྒྱུའི་མཐུན་རྐྱེན་སྦྱོར་དགོས་པ་མ་ཟད། ཕྱོགས་མཚུངས་བྱིས་པ་དེ་དག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གོ་སྐབས་ཀྱང་བསྐྲུན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། ཕ་སྐད་ཀྱི་སློབ་གསོ་ནི་བྱིས་པ་ལ་ཕན་པའི་ཐབས་ལམ་ཡང་དག་པ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱུ་མཚན་དེའི་དབང་གིས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་ ༣༧ ་པའི་ནང་དུ། “གྲངས་ཉུང་མི་རིགས་གཙོར་བྱས་པའི་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་ཀྱི་ནང་དུ་ཆ་རྐྱེན་འཛོམས་ན་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་ཡི་གེས་མཚོན་པའི་ཁྲིད་དེབ་བཀོལ་སྤྱོད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཀྱིས་སློབ་ཁྲིད་བྱེད་དགོས། སློབ་ཆུང་གི་སློབ་རིམ་དམའ་བའམ་མཐོ་བ་གང་རུང་ནས་བཟུང་སྟེ་རྒྱའི་སྐད་ཡིག་ཀྱང་ཁྲིད་དགོས།” ཞེས་གཏན་འབེབས་བྱས་ཡོད། མིག་སྔར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་བཙན་ཤེད་སྤྱད་ནས་སློབ་ལོ་མ་ཟིན་སྔོན་གྱི་བྱིས་པ་ལ་སྐད་ཡིག་གཉིས་ཀྱི་ནང་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དེ་ནི། གྲངས་ཉུང་མི་རིགས་ཀྱི་བྱིས་པའི་འཚར་ལོངས་ལ་གནོད་ཅིང་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་དང་། རྒྱལ་སྤྱིའི་སྤྱི་འགྲོས་བཅས་དང་འགལ་ཟླར་གྱུར་པའི་བྱེད་སྟངས་ཤིག་ཡིན་པ་ང་ཚོས་ངོས་ཟིན་དགོས། རང་རེའི་རྒྱལ་ཁབ་ཀྱིས་ ༡༩༩༨ ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་༽ལ་མིང་རྟགས་བཀོད་དེ་ཁས་ལེན་བྱས་ཡོད། དེ་བས་རྩ་ཁྲིམས་ཀྱིས་ཀྱང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཚན་རྟགས་བཀོད་ཅིང་ཁས་ལེན་བྱས་པའི་རྒྱལ་སྤྱིའི་ཆིངས་ཡིག་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གྲུབ་ཆ་ཡིན།”་ཞེས་གསལ་སྟོན་བྱས་ཡོད། དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ཀྱི་དོན་ཚན་ ་པ་དང་ ༡༣ ་པ་ཡི་ནང་དུ་བྱིས་པའི་སློབ་གསོའི་སྐོར་ལ། “བྱིས་པ་དེའི་ཕ་མའི་མོས་འདུན་དང་བསྟུན་དགོས།” ་ཞེས་པའི་རྩ་དོན་གསལ་སྟོན་བྱས་ཡོད་པ་དེ་ཡང་རང་རེའི་རྒྱལ་ཁབ་ཀྱིས་བརྩི་སྲུང་བྱེད་དགོས་པའི་ཁྲིམས་ཤིག་ཏུ་གྱུར་ཡོད།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གཉིས་པ་ནི། རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་སྒེར་གཉེར་སློབ་གྲྭ་སོགས་འཛུགས་དགོས་པ་དེ་ཆགས་ཡོད། རྩ་ཁྲིམས་དང་རྒྱལ་སྤྱིའི་ཆིངས་ཡིག་ལྟར་ན། “རྒྱལ་ཁབ་ཀྱི་ངོས་ནས་གྲངས་ཉུང་མི་རིགས་ཀྱི་སྒེར་གཉེར་སློབ་གསོ་ལ་ངོས་ལེན་དང་མཐུན་རྐྱེན་སྦྱོར་བའི་འོས་འགན་ཡོད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་གནས་བབས་ཤིན་ཏུ་ཉམས་དམའ་ཞིང་ཉག་ཕྲ་བ་ཞིག་ཡིན་ཕྱིན། རྒྱལ་ཁབ་ཅིག་གི་ཐུན་མོང་གི་སློབ་གསོའི་སྲིད་ཇུས་གང་འདྲ་ཞིག་ཡིན་རུང་། རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ལ་རང་ཉིད་ཀྱི་སློབ་གྲྭ་ནས་སོ་སོའི་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་ཐོབ་པའི་ཐོབ་ཐང་ཡོད།” ཅེས་པའི་རྩ་དོན་འདི་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་དུས་རྒྱུན་དུ་ངོས་ལེན་དང་བརྩི་སྲུང་བྱེད་ཀྱིན་ཡོད། དེ་ནས་གྲངས་ཉུང་མི་རིགས་དང་མི་རིགས་གཞན་ཐ་དད་དུ་མི་འགྲོ་བའི་ཕྱིར་གྲངས་ཉུང་མི་རིགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐོབ་ཐང་ཡོད་པ་དེ་ལ་ཡང་སྲིད་གཞུང་གིས་ཁག་ཐེག་བྱ་དགོས། དེའི་རྒྱུ་མཚན་གྱིས་རྒྱལ་ཁབ་ཀྱི་སློབ་གསོའི་ཁྲིམས་ལུགས་དང་སྲིད་ཇུས་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་སྒེར་གཉེར་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་ལ་ཚོད་འཛིན་བྱེད་པའམ་མཐོང་ཆུང་དང་ཁྱད་གསོད་སོགས་མི་བྱེད་པར། དེའི་སློབ་ཐོན་ལག་ཁྱེར་སོགས་ལ་ངོས་ལེན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་སློབ་ཆེན་སོགས་སུ་འགྲིམས་ས་ཡོད་པའི་མཐུན་རྐྱེན་སྦྱོར་རྒྱུ་ནི་རྒྱལ་ཁབ་ཀྱི་འོས་འགན་ཡིན་དགོས། དེ་ལྟར་མ་བྱས་པ་ཡིན་ན། དེ་ནི་གྲངས་ཉུང་མི་རིགས་ལ་ཁྱད་གསོད་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སློབ་གསོ་ཚར་གཅོད་བྱེད་པའི་སྲིད་ཇུས་སྤེལ་བ་ཆགས་ཀྱི་ཡོད། འཇར་པན་ལྟ་བུར་མཚོན་ན། རྒྱལ་ཁབ་དེའི་སློབ་ཆེན་གྱིས་ཁྲོ་ཞན་རིགས་(ཀོ་རི་ཡ་)ཀྱི་སྒེར་གཉེར་སློབ་ཐོན་ལག་ཁྱེར་ངོས་ལེན་བྱེད་ཀྱིན་ཡོད། བྱེད་ཚུལ་དེས་འཇར་པན་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དགོངས་པ་དེ་དག་ལག་ལེན་བསྟར་གྱིན་པ་མཚོན་ཐུབ།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གསུམ་པ་ནི། སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཁྲོད་དུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། རྒྱལ་སྤྱིའི་ཁྲིམས་དང་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ལྟར། སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་ན། གྲངས་ཉུང་མི་རིགས་ཡིན་པའི་མིར་ལས་ཀ་རག་པར་ཕན་པ་དང་། གྲངས་ཉུང་མི་རིགས་ཀྱིས་རང་གི་སྲིད་གཞུང་དང་རྒྱལ་ཁབ་ཀྱི་ངོ་བོ་ཁས་ལེན་དང་མོས་མཐུན་བྱེད་པ་ལའང་ཕན། སྲིད་གཞུང་གིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དུ་འཇུག་པར་སྐུལ་སློང་བྱས་ཏེ་གྲངས་ཉུང་མི་རིགས་ལ་རང་གི་སྐད་ཡིག་གི་ལམ་ནས་ལས་རིགས་གཉེར་བཅུག་པ་ཡིན་ན། སྲིད་གཞུང་ལ་ཡིད་ཆེས་དང་བློ་གཏད་བྱེད་ཚད་མཐོ་རུ་འགྲོ་བ་སོགས་ཀྱི་དགེ་མཚན་མང་པོ་དང་ལྡན་པའང་ཡིན།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་བཞི་པ་ནི། རུས་མིང་དང་ས་མིང་། ཡུལ་མིང་སོགས་སུ་རང་གི་སྐད་ཡིག་བེད་སྤྱོད་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཆེད། གྲངས་ཉུང་མི་རིགས་ཀྱི་གང་ཟག་གི་རུས་མིང་དང་ཡུལ་ལུང་གི་མིང་བྱང་སོགས་ལ་སྲིད་གཞུང་གིས་བརྩི་བཀུར་ངོས་ལེན་དང་བཀོལ་སྤྱོད་བྱེད་དགོས། རྒྱལ་ཁབ་གང་དང་གང་ཡིན་རུང་དེའི་སྤྱི་དམངས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་རང་གི་མིང་ཡིག་འབྲི་ཀློག་བྱེད་པའི་ཐོབ་ཐང་ཡོད། རང་གི་མིང་རང་གི་སྐད་ཡིག་གིས་འབྲི་ཀློག་བྱེད་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་ས་མིང་དང་སྲང་ལམ་སོགས་ཀྱི་མིང་རྟགས་དེ་དག་ཀྱང་མི་རིགས་དེའི་སྐད་ཡིག་གིས་འབྲི་བའམ་ཀློག་འདོན་བྱེད་པ་ནི་ཤིན་ཏུ་གལ་ཆེ། ས་མིང་དང་ཡུལ་མིང་དེ་དག་གི་ནང་དུ་མི་རིགས་དེའི་རིག་གནས་བསྟིམས་ཡོད་པ་ཡིན་སྟབས། སྲིད་གཞུང་གིས་ས་གནས་མི་མང་གིས་རུས་མིང་དང་ས་མིང་བཀོལ་སྤྱོད་བྱེད་པ་ལ་འགོག་རྐྱེན་བཟོས་ན་མི་འགྲིག

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་ལྔ་པ་ནི། ཁྲིམས་གཏུག་གི་སྐབས་སུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། ཉེས་དོན་གཏུག་བཤེར་སོགས་ཀྱི་ཁྲིམས་བཤེར་བརྒྱུད་རིམ་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་ལོ་ཙཱ་བྱེད་པའམ། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཆ་ནས་གྲངས་ཉུང་མི་རིགས་རང་གི་སྐད་ཡིག་ལ་བརྟེན་ནས་ཁྲིམས་བཤེར་བྱེད་དགོས། ཁྲིམས་དང་གནས་ལུགས་ལྟར་ན། ཁྲིམས་བཤེར་འདྲ་མཉམ་དང་དྲང་བདེན་ཞིག་ཡོང་དགོས་ན། དོ་བདག་གིས་ཁྲིམས་བཤེར་སྐབས་ཀྱི་སྐད་ཡིག་དེ་གོ་བརྡ་འཕྲོད་དགོས་པ་ནི་མ་མཐའི་ཆ་རྐྱེན་ཡིན། དོ་བདག་གིས་གོ་བའི་སྐད་ཡིག་བཀོལ་སྤྱོད་བྱེད་པའམ་དོ་བདག་ལ་སྐད་ཡིག་གི་ལོ་ཙཱ་མཁོ་སྤྲོད་བྱེད་པ་ནི་རྒྱལ་ཁབ་དང་སྲིད་གཞུང་གི་འགན་ཁུར་ཡིན། དེའི་རྒྱུ་མཚན་གྱིས་རྩ་ཁྲིམས་ཀྱི་དོན་ཚན་ ༡༣༤ པ་དང་། ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་ ་པ། དམངས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་ ༡༡ པ་་དང་། སྲིད་འཛིན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་ ་པ་བཅས་ཀྱི་ནང་དུ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཁྲིམས་བཤེར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་དྲུག་པ་ནི། གསར་འགྱུར་རྒྱང་སྒྲོག་དང་རིག་རྩལ་ལེ་ཚན། གློག་བརྙན་ལ་སོགས་པའི་སྤྱི་ཚོགས་བརྒྱུད་ལམ་གང་དུའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། གསར་ལམ་ནི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ཡིན་པས། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་ ༣༨ ་པའི་ནང་དུ། “གྲངས་ཉུང་མི་རིགས་ལ་རང་རྐྱ་ཐུབ་པའི་སྒོ་ནས་རང་གི་ཁྱད་ཆོས་དང་ལྡན་པའི་རྩོམ་རིག་དང་སྒྱུ་རྩལ། གསར་འགྱུར་དང་པར་སྐྲུན། གློག་བརྙན་དང་བརྙན་འཕྲིན་བཅས་ཀྱི་རིག་གནས་ལས་དོན་དར་སྤེལ་བྱེད་པའི་ཐོབ་ཐང་ཡོད།” ་ཅེས་གཏན་ལ་ཕབ་ཡོད། འདི་ནི་རིག་རྩལ་སྣ་མང་དང་མི་དམངས་མཉམ་དུ་གནས་ཐུབ་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་པ་མ་ཟད། རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་སྨྲ་བརྗོད་རང་དབང་དེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནས་མངོན་ཏུ་འགྱུར་བའི་ཐབས་ལམ་ཡག་ཤོས་ཀྱང་ཡིན།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་བདུན་པ་ནི། མི་སྒེར་གྱི་འཚོ་བའི་ཁྲོད་དང་ཁྱིམ་ཚང་ནང་དུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། སྒེར་དོན་གྱི་ཆེད་དུ་ཕ་སྐད་བཤད་པའམ་རང་མི་རིགས་ཀྱི་ཡི་གེ་བཀོལ་སྤྱོད་བྱེད་པ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན། དེར་བརྟེན། རྒྱལ་ཁབ་ཀྱིས་ཁྲིམས་དང་སྲིད་ཇུས་བཟོས་ནས་ཐོབ་ཐང་དེ་ལ་ཚོད་འཛིན་བྱས་ན་མི་འགྲིག ཕ་མས་རང་གི་ཕ་སྐད་ཀྱིས་བུ་ཕྲུག་ལ་ཁ་བརྡ་བྱེད་པའི་ཐོབ་ཐང་དེ་ལ་ཡང་སྲིད་གཞུང་གིས་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པ་ལས་གནོད་པ་བྱས་མི་ཆོག གྲངས་ཉུང་མི་རིགས་ཕན་ཚུན་དབར་སྒེར་དོན་སོགས་གླེང་མོལ་བྱེད་སྐབས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་པ་ཡིན་ན། སྐད་ཡིག་ཡུན་གནས་ལ་ཕན་པ་བླ་ལྷག་ཡོད།

སྐད་ཡིག་གི་ཐོབ་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་བརྒྱད་པ་ནི། སྤྱི་ཚོགས་འདུ་ར་ནས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། སྤྱི་དོན་གྱི་ཆེད་དུ་འདུ་ཚོགས་སུ་ཞུགས་པའམ། སྤྱི་སྤྱོད་ཡོ་བྱད་སོགས་བེད་སྤྱོད་བྱེད་དུས་སམ་ཕན་ཚུན་བརྡ་སྤྲོད་དུས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ་དེ་ཤིན་ཏུ་ནས་གལ་གནད་ཆེ་བ་ཡིན། ལྷག་པར་སྐུ་ཚབ་འཐུས་མི་འདེམས་བསྐོའི་ལས་དོན་རིགས་སྒྲུབ་པའི་སྐབས་སུ། མི་མང་གི་སྐུ་ཚབ་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་ ཆབ་སྲིད་ཀྱི་ལྟ་གྲུབ་རང་གི་མི་རིགས་ལ་འགྲེལ་བརྗོད་དང་། འདི་བྱ་འདི་བྱེད་ཀྱི་ཁས་ལེན་དམ་བཅའ་བྱེད་པ་ནི་ཤིན་ཏུ་གལ་ཆེ། དེ་ལྟར་བྱས་ན། གྲངས་ཉུང་མི་རིགས་ཀྱིས་རང་གི་ཆབ་སྲིད་སྐུ་ཚབ་ཀྱི་རེ་འདུན་ཅི་ཡིན་ཤེས་རྟོགས་ཡོང་བར་ཕན་པ་མ་ཟད། རང་གིས་ཀྱང་དེའི་ཐད་ལ་བསམ་ཚུལ་བཏོན་ནས་ཆབ་སྲིད་ལས་དོན་གྱི་ནང་དུ་མཉམ་ཞུགས་བྱེད་པའི་ཀུན་སློང་འབྱུང་བར་ཕན་ཐོགས་ཡོད། ཆབ་སྲིད་ཀྱི་གཏམ་བཤད་དང་། གཏུག་བཤེར་དང་འདུ་ཚོགས། ཁྱབ་བསྒྲགས་དང་ཆབ་སྲིད་ཀྱི་རྩོད་སྒྲུབ་བྱེད་པའི་སྐབས་སུ། ལས་དོན་འདི་དག་རང་མི་རིགས་ཀྱི་སྐད་ལ་བརྟེན་ནས་སྒྲུབ་ཐུབ་པ་ཡིན་ན། ཆབ་སྲིད་ཀྱི་ཐོབ་ཐང་བརྩོན་ལེན་དང་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་ལ་ཤིན་ཏུ་ཕན་ཆེ་བ་ཡིན་ནོ།། །།