ང་ཚོ་རོང་འབྲོག་མང་ཚོགས་ལ་ཡིད་བརྟན་རུང་བའི་རྒྱུ་ནོར་ཉག་གཅིག་ཡོད་པ་དེ་ནི་ས་ཞིང་དང་སྒོ་ཟོག་ཡིན། ས་ཞིང་དང་སྒོ་ཟོག་ཚར་ན་མི་འགྱང་བར་ང་ཚོ་རང་གི་ས་ཐོག་ནས་བྲན་གཡོག་ཏུ་གདོན་མི་ཟ་བར་འགྱུར་ངེས་ཡིན།

རྒྱལ་ཁབ་ཀྱི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཞུད་ལམ་ལ་གཞིགས་ཡོང་དུས། རང་རེའི་རྒྱལ་ཁབ་ཀྱི་གཞུང་གི་སྟོབས་འབྱོར་ནི་འཛམ་གླིང་གི་འགྲན་ཟླ་བྲལ་བའི་བླ་མེད་སྟོབས་ལྡན་རྒྱལ་ཁབ་ཀྱི་(超级强国)(Hyperpower)གྲས་སུ་ཚུད་ཡོད་ཀྱང་། ནུབ་རྒྱུད་དང་ལྷག་པར་དུ་བོད་ཁུལ་གྱི་མི་སྒེར་གྱི་ཡོང་སྒོ་(GDP)ད་དུང་འཛམ་གླིང་གི་དབུལ་བོ་རྒྱལ་ཁབ་བམ་འཕེལ་རྒྱས་སུ་འགྱུར་བཞིན་པའི་རྒྱལ་ཁབ་(发展中国家)ཆུ་ཚད་ལས་མ་འདས། དེ་ནི་ཨ་ཧྥེ་རུ་ཀའམ་ཧྥེ་གླིང་རྒྱལ་ཁབ་ཀྱི་མང་ཚོགས་ཕལ་ཆེ་བའི་འཚོ་བའི་ཆུ་ཚད་དང་ཀུན་ནས་མཚུངས། བོད་རིགས་ལྟ་བུར་མཚོན་ན་ལོ་རབས་བརྒྱད་ཅུའི་ནང་དུ་རྒྱལ་ཁབ་ཀྱི་འབྱོར་ཕྱུགས་ལྡན་པའི་མི་རིགས་ཀྱི་གྲས་སུ་ཚུད་ཡོད་ཅིང་། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་དུ་ཕྱིན་པ་དང་ཆབས་གཅིག་ཏུ་བོད་རིགས་ཀྱི་དཔལ་འབྱོར་གྱི་འཕེལ་སྟོབས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཟད་དེ་ཉིན་རེ་ནས་ཉིན་རེ་ཇེ་དབུལ་དང་ཇེ་ཞན་དུ་འགྲོ་བཞིན་གདའ། བྱི་ལ་དཀར་ནག་གི་སྐབས་སུ་རྒྱལ་ཁབ་ཀྱི་ཁྲིམས་དང་སྲིད་ཇུས་ཀྱི་གླགས་ལྟ་མཁས་པའི་ནང་ལོག་གི་ཚོང་བ་དང་བོད་ཁུལ་གྱི་དཔོན་ངན་ཁག་རྐྱ་རྒྱབ་ནས་བོད་ཀྱི་རང་བྱུང་དཔལ་འབྱོར་ཐོན་ཁུངས་ཀྱི་སྲོག་རྩ་འཇུས་ཤིང་། མང་ཚོགས་ཀྱིས་རང་བྱུང་ཐོན་ཁུངས་ལ་རྟེན་ནས་མ་རྩ་གདོད་མའི་གསོག་འཇོག་(资本原始积累)གི་ནུས་ཤུགས་དཕྱུངས། སྲོལ་རྒྱུན་གྱི་གོམས་གཤིས་ཀྱིས་ཚོང་ལ་མཁས་པར་གྱུར་བའི་རྒྱ་དང་ཁ་ཆེ་སོགས་ཀྱིས་བོད་ཁུལ་གྱི་འབྲོག་པའི་ཐོན་བསྐྱེད་དང་ཚོང་ར་སོགས་ཀྱི་མིད་ཐག་བསྡམས་པས་བོད་མིའི་འབྲོག་རྫས་དང་ཚོང་ལམ་ལ་རྟེན་ནས་གདོད་མའི་མ་རྩ་གསོག་འཇོག་གི་གོ་སྐབས་བཀག དེ་ནས་གྲངས་གནས་ཚན་རྩལ་གྱི་སྐབས་སུ་ང་ཚོ་དེ་བས་ཀྱང་རྗེས་སུ་ལུས་ཏེ་ཚན་རྩལ་ལ་རྟེན་ནས་དཔལ་འབྱོར་འདུ་འགོད་ཀྱི་གོ་སྐབས་ཤོར། དེང་སྐབས་མི་མང་བོས་ས་ཚོང་ཁང་ཚོང་ལ་རྟེན་ནས་ཕྱུག་པོར་གྱུར་བའི་སྐབས་སུ་ང་ཚོས་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་བའི་ས་ཞིང་ཕྱིར་བཙོང་ཟིན་པའི་ཡང་བསྐྱར་ལག་པ་སྟོང་བར་ལུས་ཡོད། རྒྱུ་འབྲས་དང་མི་མཐུན་པའི་ཁང་རིན་དང་ས་གནས་སྲིད་གཞུང་གི་ངན་གཡོའི་སྲིད་ཇུས་ལས། རྒྱལ་ཁབ་ཀྱི་ཁྱིམ་ཚང་མང་བོ་ཁང་བ་དང་སྨན་རིན་སོགས་ཀྱི་ཆེད་དུ་དོམ་འོག་ཏུ་འཚོ་བ་རོལ་ཏེ། ནམ་རྒྱུན་དངུལ་ཁང་དང་ཁྲིམས་ཁང་ཀྱི་མི་སྣ་ཡོང་ནས་ཕྱིར་འབུད་གཏོང་བར་སེམས་ཁྲལ་གྱིས་མ་བཟོད་པའི་གནས་སུ་ལྷུང་ཡོད། དངུལ་ཁང་གི་ནང་དུ་དངུལ་འཛད་པའི་མི་ཚོགས་ཀྱིས་ཁང་བ་དང་ས་ཞིང་སོགས་བུ་ལོན་གཡར་དེ་ཉོས་ནས་སླར་གོང་མཐོན་པོའི་སྒོ་ནས་བཙོང་བཞིན་པའི་སྣང་ཚུལ་གྱིས། ཁང་རིན་གྱི་གོང་ཚད་དེ་མིའི་ཡོང་སྒོ་དང་རྦད་དེ་མི་མཐུན་པའི་སྒོ་ནས་གོང་དུ་འཕར་བས། ཁང་བ་ནི་མང་ཚོགས་དཀྱུས་མའི་གོད་ཆག་ཅིག་ཏུ་གྱུར། ༢༠༠༧་གྱི་ལོར་རྒྱལ་ཡོངས་ཀྱི་མི་རེའི་ཡོང་སྒོ་ནང་གི་(GDP)བརྒྱ་ཆའི་ཉི་ཤུ་ཡས་མས་དོམ་ཡིན་པ་དང་། ད་ལོར་གྲངས་ཚད་དེ་ཡར་འཕར་ནས་བརྒྱ་ཆའི་ལྔ་ཅུ་ང་གསུམ་ཟིན། ཛ་དྲག་གི་གནས་ཚུལ་དེ་ལ་གཞིགས་ནས་ཚོགས་ཆེན་༡༩་སྐབས་སུ་ཁང་བ་ནི་མི་འདུག་ས་ཡིན་པ་མ་གཏོགས་སྒོར་མོ་བཙལ་སྤྱད་མིན་(房子不是用来炒的)ཅེས་ཀྲུད་དབྱང་གིས་འོ་དོད་བོས། ཚོང་བ་དང་སྲིད་གཞུང་དང་དངུལ་ཁང་སོགས་རྐྱ་བརྒྱབ་ནས་མང་ཚོགས་ཀྱི་གསོག་སྒོར་བཙགས་ཟིན་པས། དབུལ་ཞིང་ཕོངས་བའི་མང་ཚོགས་ནི་ཚོང་བ་དང་དཔོན་པོའི་རྒྱ་ཆེན་གསོལ་མགྲོན་གྱི་ཕྱི་རོལ་ན་སྤྲང་འཁྱམས་བྱེད་བཞིན་པའི་སྡོམ་པོ་ལྟར་འདུག་པ་མ་གཏོགས་བྱ་ཐབས་ཅི་ཡང་མེད། དེའི་ཕྱིར་ཕྱི་ཚུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལྟར་སྣང་བ་ལ་མགོ་མི་འཁོར་བར། རང་ཉིད་འཚོ་རྟེན་བྱེད་སའི་མཐར་ཐུག་གི་དཔལ་འབྱོར་འབྱུང་ཁུངས་ས་ཞིང་སོགས་རང་གར་བོར་བར་མི་བྱ་བར་བདག་སྐྱོང་དང་དོན་གཉེར་ཐབས་མཁས་བྱེད་དགོས་པ་མི་ཚད། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་རང་སྐྱོང་སྲོལ་ཡིག་གི་གཏན་འཁེལ་ལྟར་རང་སྐྱོང་ས་གནས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ཡང་གཞན་གྱི་ལག་ཏུ་མི་ཤོར་བར་ཅི་ནུས་ཀྱང་བདག་ཏུ་ཟིན་ཐབས་བྱ་དགོས། ཕྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དམ་དུ་ཟིན། ནང་རོང་འབྲོག་ས་ཞིང་གི་བདག་དབང་མ་བོར་ན་ད་གཟོད་དོམ་གྱི་དགུ་ཞབས་སུ་མི་ལྷུང་བར་དཔལ་འབྱོར་གྱི་རང་ཚུགས་སམ་བཙན་ས་འཛིན་ཐུབ་པས་གནད་འདི་ལ་མ་འཕྱུགས་པར་བླངས་དོར་གྱིས།