དང་པོ། སྲིད་འཛིན་ཆོག་མཆན་ཞུ་སྐབས། བོད་ཀྱི་རྩྭ་ཐང་དང་རི་འགོ་ན་དབྱར་རྩྭ་དགུན་འབུ་སྐྱེས། རྩྭ་དེ་ས་འོག་ཏུ་ཡོད་པའི་སྐབས་སུ། དམངས་ཁྲིམས་དང་དངོས་དབང་གི་ཁྲིམས་སོགས་ཀྱི་གཏན་འཁེལ་ལྟར་ན། དབྱར་རྩྭ་སྐྱེས་ས་དེ་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བརྒྱུད་ནས་རྩྭ་སའི་ཕན་སྤྱོད་དངོས་དབང་སྟེ་བདག་གཉེར་དང་ཁེ་ཕན་ལེན་པའི་ཐོབ་ཐང་བདོག་པའི་འབྲོག་པ་ལ་དབང་། དངོས་དབང་གི་ཁྲིམས་ཀྱི་དོན་ཚན་༡༢༤་ཡི་ཚན་པ་༢་དང་། ཁྲིམས་དེའི་དོན་ཚན་༡༢༥་ནང་དུ་གཏན་འཁེལ་ཡོད། དེའི་ཕྱིར་དབྱར་རྩྭ་སྐྱེས་པའི་དུས་སུ་དེའི་བདག་དབང་ནི་རྩྭ་ས་འཛིན་མཁན་

གྱི་འབྲོག་པ་དག་ལ་བདོག དབྱར་རྩྭ་ནི་དཀོན་ཞིང་རྙེད་དཀའ་བའི་རྒོད་སྐྱེས་རྩྭ་ལྡུམ་ཡིན་པས་རྒྱལ་ཁབ་ཀྱི་མཆོག་གྱུར་ལྡུམ་རིགས་གྱི་ཨང་རིམ་གཉིས་པའི་གྲས་སུ་གཏོགས།རྩྭ་ཐང་གི་ཁྲིམས་དང་མཆོག་གྱུར་ལྡུམ་རིགས་སྲུང་སྐྱོབ་ཀྱི་ཁྲིམས་ལ་སོགས་པའི་གཏན་འཁེལ་ནང་དུ་བསྲུང་བྱའི་ཡུལ་དུ་གྱུར་ཡོད། ལོ་རེའི་ཟླ་༥་བ་ནས་༦་པ་ནི་དབྱར་རྩ་བརྐོ་པའི་དུས་ཚུགས་ཡིན། འདིའི་སྐབས་སུ་དབྱར་རྩྭ་ལ་བདག་དབང་ཡོད་པའི་འབྲོག་པ་རྣམས་ཀྱིས་དབྱར་རྩྭ་བརྐོ་བའམ། གཞན་གྱིས་འབྲོག་པ་དང་གན་རྒྱ་བཞག་ནས་དབྱར་རྩྭ་བརྐོ་རྒྱུ་ཡིན་ན། ཐོག་མར་ས་གནས་སྲིད་གཞུང་ལ་དབྱར་རྩྭ་བརྐོས་ན་ཆོག་པའི་སྲིད་འཛིན་ཆོག་མཆན་ཡི་གེ་ཞུ་དགོས། དབྱར་རྩྭ་བརྐོ་མཁན་གྱིས་ཆོག་མཆན་ཞུས་རྗེས། ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་ཞུ་མཁན་ལ་སྤྲོད་མིན་གྱི་ཐག་གཅོདདུས་ལྟར་བྱེད་དགོས་ཤིང་། ཆོག་མཆན་སྤྲོད་གི་མིན་ན་རྒྱུ་མཚན་བཤད་ནས་ཆོག་མཆག་ཞུ་མཁན་ལ་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་དང་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་སོགས་ཀྱི་ཐོབ་ཐང་ཡོད་པ་གསལ་བཤད་ཡི་གེ་སྤྲོད་དགོས། ཆོག་མཆན་ཞུས་མཁན་གྱིས་ཀྱང་དུས་ལྟར་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་སོགས་ཀྱི་ཐབས་ལམ་བསྟེན་ནས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱས་ན་འགྲིག དཔེར་ན། བོད་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན། དབྱར་རྩ་བརྐོ་བ་དང་ཉོ་འཚོང་བྱེད་དུས་། སྲིད་གཞུང་གི་ཆོག་མཆན་ཡི་གེ་ངེས་པར་དུ་ཡོད་དགོས་ཟེར། མཚོ་སྔོན་ཞིང་ཆེན་གྱིས་ཀྱང་༢༠༠༤་ཡི་ལོར་དབྱར་རྩྭ་བརྐོ་བའི་ཐད་ལ་་གཏན་འཁེལ་ཞིག་བཞག་ཡོད་པ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས། ཡིན་ནའང་ཉོ་འཚོང་གི་སྐོར་ལ་དོ་དམ་གྱི་གཏན་འཁེལ་མེད་པས། མཚོ་སྔོན་ཞིང་ཆེན་ལ་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད་མོད། ༢༠༡༤་ལོར་མཚོ་སྔོན་ཞིང་ཆེན་གྱིས་བོད་ཡུལ་གྱི་གནས་བབ་ལ་གཞིགས་ནས་ཉོ་ཚོང་སྐོར་ལ་སྲིད་འཛིན་དོ་དམ་མི་བྱེད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད། སྤྱིར་བཏང་ཡིན་ན། འབྲོག་པས་རང་གི་ས་ཐོག་ནས་དབྱར་རྩྭ་བརྐོ་ཆོག་མོད་ས་གནས་སྲིད་གཞུང་གིས་ཆོག་མཆན་ལམ་ལུགས་བཙུགས་པ་དེར་ཁྲིམས་ཀྱི་གཞི་རྩ་མེད། འོན་ཀྱང་འདི་རུ་གླེང་བྱ་མིན་པས་མ་སྤྲོས། ཆོག་མཆན་མེད་པར་དབྱར་རྩྭ་བརྐོས་ན་སྲིད་གཞུང་གི་ལས་ཁུངས་འདྲ་མིན་གྱིས་ཆད་པ་འདྲ་མིན་གཅོད་པའི་ཉེན་ཁ་ཡོད། 

གཉིས་པ། དབྱར་རྩྭ་བརྐོ་བའི་སྐབས། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཐོབ་པའི་རྗེས་སུ། དབྱར་རྩྭ་བརྐོ་མཁན་རྩྭ་ཐང་དང་རི་འགོར་བུད་ནས་དབྱར་རྩྭ་བརྐོ་བར་སྟ་གོན་བྱེད་པའམ་བརྐོ་བཞིན་པའི་སྐབས་སུ། ཡང་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་འདྲ་མིན་ཡོང་ནས་ཆད་པ་འདྲ་མིན་གཅོད་གི་རེད། འདིའི་སྐབས་སུ་སྲིད་གཞུང་གི་ཁོར་ཡུག་དང་། རྩྭ་ཐང་དང་ས་ཆུ་དོ་དམ་བྱེད་པའི་ལས་ཁུངས། ཁྲལ་རིགས་དང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འཁེལ་ལྟར་ཆད་པ་བཅད་ཚེ། སྲིད་འཛིན་ཆད་གཅོད་ཕོག་པའི་གང་ཟག་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད། སྲིད་གཞུང་གི་ལས་ཁུངས་ཁག་གིས་ཆད་པ་གཅོད་པར་གཞི་འཛིན་སའི་ཁྲིམས་ལུགས་སྣ་ཚོགས་ཡོད། འདིའི་སྐབས་སུ་སྒོར་ཆད་གཙོ་བོ་ཡིན། ཁོར་ཡུག་དང་སྤྱི་ཚོགས་བདེ་འཇགས་གལ་ཆེན་ཡིན་མོད། སྲིད་གཞུང་གི་གནད་ཡོད་ལས་ཁུངས་ཀྱིས་དུས་སྐབས་འདི་དང་བསྟུན་ནས་སྒོར་ཆད་ལ་བརྟེན་ཏེ་སོ་སོའི་ལས་ཁུངས་ལ་ཁྲིམས་འགལ་གྱི་ཕོག་བཟོ་(创收)ལས་དོན་ཀྱང་སྤེལ་གི་ཡོད། གལ་ཏེ་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་བཅད་ཚེ། ཁོར་ཡུག་དང་རྩྭ་ཐང་དང་ས་ཆུ་ལ་ལ་སོགས་པའི་ལས་ཁུངས་གཞན་གྱིས་དོན་དག་གཅིག་གི་སྟེང་ནས་དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་ཡང་བསྐྱར་གཅོད་མི་ཆོག་པ་ནི་རྩ་དོན་ཡིན། སྲིད་འཛིན་ལས་ཁུངས་ཀྱིས་དེ་ལྟར་ཡང་བསྐྱར་ཆད་པ་བཅད་ཚེ་ཁྲིམས་འགལ་ཡིན་པ་ཤེས་དགོས། དེ་ལ་དོན་དག་གཅིག་ལ་ཆད་པ་ཐེངས་གཉིས་བཅད་མི་ཆོག་པའི་རྩ་དོན་ཟེར། (一事不二罚) དེ་མིན་སྲིད་འཛིན་ལས་ཁུངས་ཀྱིས་གོང་ནས་བཤད་པའི་བརྒྱུད་རིམ་བརྒྱུད་དགོས་ཤིང་། ཆད་པ་ཕོག་མཁན་ལ་ཁོང་གི་ཐོབ་ཐང་གང་ཡོད་སོགས་མངོན་གསལ་བྱ་དགོས། འདིའི་སྐབས་སུ་སྲིད་གཞུང་གི་ལས་བྱེད་ཀྱིས་ནམ་རྒྱུན་སྒོར་ཆད་ཕོན་ཆེན་པོ་གཅོད་གི་ཡོད་པས། ཆད་པ་ཕོག་མཁན་ལ་ངེས་བར་དུ་ཉན་ཚོགས་བསྐོང་བའར་རེ་འདུན་ཞུ་བའི་ཐོབ་ཐང་དང་།  སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ཐོབ་ཐང་དང་དུས་ཡུན། ཐབས་ལམ་སོགས་མཚམས་སྦྱོར་བྱེད་དགོས། སྲིད་འཛིན་ཆད་པ་ཕོག་མཁན་གྱིས་ཀྱང་རང་ཉིད་ཀྱི་ཐོབ་ཐང་བསྲུངསྐྱོབ་བྱེད་བར་ཐབས་ལམ་དེ་དག་བརྒྱུད་དེ་ཐོབ་ཐང་སློར་གསོ་ལ་རེམ་དགོས་པ་མ་གཏོགས་། སྒྱུད་ལུག་གི་ངང་ནས་དུས་འདའ་བར་མི་བྱའོ། དུས་ལས་འདའ་ཚེ་གོང་རིམ་སྲིད་གཞུང་དང་ཁྲིམས་ཁང་བཅས་ཀྱིས་ཞུ་གཏུག་ལ་ངོས་ལེན་མི་བྱེད་པའི་གནད་དེ་ཤེས་དགོས། དབྱར་རྩྭ་བརྐོས་ཚར་བའི་རྗེས་སུ། བརྐོ་ཤུལ་ཕྱིར་སྙོམས་ཏེ་རྩྭ་ས་སྲུང་སྐྱོབ་བྱེད་པ་དང་། གལ་སྙིགས་ཕྱོགས་ཕྱོགས་སུ་མི་གཏོར་བ་ཞིག་བྱས་ཏེ་འཁོར་ཡུག་སྲུང་སྐྱོབ་ཀྱི་གནད་ལ་གཟབ་དགོས་ཤིང་གནས་མ་ཡིན་པའི་གནས་ནས་དབྱར་རྩྭ་བརྐོས་ན་ཁྲིམས་དང་འགལ། དཔེར་ན། རྩྭ་ཆུ་ཉམ་ཐག་པའི་རྩྭ་ས་ལྟ་བུ་ནས་བརྐོ་མི་ཆོག དེ་ལྟ་མ་ཡིན་པར་ཁོར་ཡུག་ལ་གནོད་པ་བཟོས་ན། སྲིད་གཞུང་གི་ས་ཆུ་ལས་ཁུངས་ཀྱིས་རྩྭ་ཐང་གི་ཁྲིམས་དང་། ས་ཆུ་དོ་དམ་གྱི་ཁྲིམས་ལུགས་ལྟར་གང་ཟག་ཅིག་ལ་སྒོར་ཆད་ཁྲི་ལྔ་མན་ལ་བཅད་ཆོག དེའི་ཕྱིར་གནད་འདི་ལ་གཟབ་དགོས། བརྐོས་ནས་ལག་ཏུ་སོན་པའི་དབྱར་རྩྭའི་བདག་དབང་ནི་བརྐོ་མཁན་རང་ལ་ཡོད་པ་དང་། ཁྲིམས་མཐུན་གྱི་གན་རྒྱ་བརྒྱུད་ནས་མི་མཐུན་པའི་གཏན་འཁེལ་བྱས་ཡོད་ན་གན་རྒྱ་ལྟར་འགྲོ་དགོས། དབྱར་རྩྭ་གཞན་ལ་བཙོང་དུས། བོད་ལྗོངས་ལྟ་བུ་ལ་མཚོན་ན། དབྱར་རྩྭའི་བདག་པོས་དབྱར་རྩྭ་བཙོང་སྐབས། ངེས་བར་དུ་དབྱར་རྩྭ་ཉོ་བསྡུ་དང་ཚོང་གཉེར་གྱི་ཐོབ་ཐང་ཡོད་པའི་ཚོགས་པ་ལ་བཙོང་དགོས་ཞེས་ཁྲིམས་བཟོས་ཡོད། འབྲོག་པ་རང་གིས་བརྐོས་པའི་དབྱར་རྩྭ་ཡིན་ན། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་ལ་བརྟེན་ནས་རང་ཉིད་ཀྱིས་བརྐོས་པའི་དབྱར་རྩྭ་དེ་དབྱར་རྩྭ་ཉོ་འཚོང་བྱས་ཆོག་པའི་གང་ཟག་དང་ཚོགས་པ་ལ་བཙོང་ཆོག མཚོ་སྔོན་གྱི་བོད་ཁུལ་དུ་དབྱར་རྩྭ་བརྐོ་བ་ལ་ཁྲིམས་བཟོས་ཡོད་པ་མ་གཏོགས་ཉོ་ཚོང་གི་ཐད་ལ་ཁྲིམས་བཟོས་མེད།

གསུམ་པ། ཉན་ཚོགས་ཞུ་སྐབས།(听证) དབྱར་རྩྭ་བརྐོ་སྐབས་དང་ཉོ་འཚོང་བྱེད་སྐབས། སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་དང་བཟོ་ཚོང་ལས་ཁུངས་ཀྱིས་བརྐོ་བ་བོ་དང་ཉོ་འཚོང་བྱེད་མཁན་ལ་སྒོར་༥༠༠༠་ཡན་གྱི་་སྒོར་ཆད་བཅད་པ་དང་། ཡང་ན་རིན་གོང་སྒོར་༥༠༠༠་ཡན་ལ་སོན་པའི་དབྱར་རྩྭ་གཞུང་བཞེས་བཏང་བ།  སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭའི་དོ་བདག་ལ་སྒོར་༢༠༠༠་ཡན་གྱི་ཆད་པ་བཅད་པ་དང་། དབྱར་རྩྭ་བརྐོ་བའི་ཆོག་མཆན་ཡི་གེ་དང་ཉོ་འཚོང་ཡི་གེ་སོགས་ཕྱིར་བསྡུ་བྱེད་པའི་ཆད་པ་བཅད་ཚེ། ཆད་པ་ཕོག་མཁན་གྱིས་ཆད་པ་གཅོད་མཁན་གྱི་ལས་ཁུངས་ལ་ཉན་ཚོགས་བསྐོང་བའི་རེ་བ་ཞུས་ཏེ། ཆད་པ་དྲང་བདེན་དང་ཁྲིམས་མཐུན་ཡིན་མིན་ལ་བརྟག་དཔྱད་དང་རྩོད་སྒྲུབ་བྱས་ན་ཆོག ལམ་ལུགས་དེ་ལ་ “ཉན་ཚོགས་” ཟེར།ཆད་པ་གཅོད་མཁན་གྱིས་ཀྱང་ཆད་པ་ཕོག་མཁན་གྱི་རེ་བ་ལྟར་ཉན་ཚོགས་བསྐོང་ནས་སྲིད་འཛིན་ཆད་པ་དེ་དྲང་བདེན་དང་ཁྲིམས་མཐུན་ཡིན་མིན་ལ་དཔྱད་པ་གཏོང་དགོས།

བཞི་པ། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར། རྒྱལ་ཁབ་གུན་གསབ་ཀྱི་སྐབས། ཁྲིམས་ལྟར་ན། དབྱར་རྩྭ་བརྐོ་མཁན་ལ་སྒོར་ཆད་ལ་སོགས་པའི་ཆད་པ་གང་རུང་ཞིག་ཕོག་ཚེ། ཆད་པ་ཕོག་མཁན་གྱིས་ཆད་པ་གཅོད་མཁན་གྱི་ལས་ཁུངས་ཀྱི་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་ཞུས་ན་ཆོག སྲིད་འཛིན་བསྐྱར་གྲོས་ནི་ཆད་པ་ཕོག་མཁན་གྱིས་ཆད་པ་དྲང་བདེན་མིན་པར་མཐོང་སྟེ། སྲིད་འཛིན་ཆད་པ་གཅོད་མཁན་གྱི་གོང་རིམ་ལས་ཁུངས་ལ་ཆད་པ་དེ་ཡང་བསྐྱར་གྲོས་བསྡུར་བྱེད་པའི་རེ་འདུན་ཞུས་ནས། གོང་རིམ་ལས་ཁུངས་ཀྱིས་ཁྲིམས་ལྟར་བསྐྱར་གྲོས་བྱེད་པའི་ལམ་ལུགས་ཤིག་ཡིན། ཆད་པ་ཕོག་མཁན་གྱིས་ཆད་པ་ཕོག་པ་ཤེས་ཚོར་བྱུང་བའི་ཉིན་༦༠་ཚུན་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་དགོས། དེ་ལྟ་མ་ཡིན་ན་སྲིད་འཛིན་བསྐྱར་གྲོས་ཞུ་བའི་ཐོབ་ཐང་བརླག་འགྲོ གོང་རིམ་ལས་ཁུངས་ནས་ཀྱང་ཉིན་༦༠་ཡི་ནང་དུ་བསྐྱར་གྲོས་ཀྱི་ཐག་ཆོད་དགོས། གོང་རིམ་ལས་ཁུངས་ཀྱི་ཐག་བཅད་ལ་མོས་མཐུན་མེད་ན་ཐག་བཅད་ལག་ཏུ་སོན་པའི་ཉིན་མོ་ནས་ཉིན་༡༥་ཡི་ནང་དུ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་དགོས། སྲིད་འཛིན་གཏུག་བཤེར་ནི་དབྱར་རྩྭ་བརྐོས་པ་དང་ཡང་ན་ཉོ་འཚོང་བྱས་པའི་རྐྱེན་གྱིས་སྲིད་འཛིན་ཆད་པ་ཕོག་ཅིང་། ཕོག་མཁན་གྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་ཐག་ཆོད་ལ་མོས་མཐུན་མེད་ན། བསྐྱར་གྲོས་ཐག་བཅད་ཡི་གེ་ལག་ཏུ་སོན་པའི་ཉིན་བཅོ་ལྔ་ནང་སྲིད་འཛིན་གཏུག་བཤེར་བྱེད་དགོས་པ་་དང་། ཡང་ན་ཆད་པ་ཕོག་མཁན་གྱིས་སྲིད་འཛིན་བསྐྱར་གྲོས་མ་བརྒྱུད་པར་ཆད་པ་ཕོག་པ་ཤེས་རྗེས་ཀྱི་ཟླ་བ་གསུམ་གྱི་ནང་ཐད་ཀར་ཁྲིམས་ཁང་ལ་སོང་སྟེ། སྲིད་འཛིན་ཆད་གཅོད་ལ་ངོས་ལེན་མེད་པ་རྒྱུ་མཚན་དུ་བྱས་ཏེ་སྲིད་འཛིན་གཏུག་བཤེར་གྱི་སྒོ་མོ་ཕྱེ་ཆོག གལ་ཏེ་སྲིད་འཛིན་ཆད་གཅོད་སྐབས་སུ། ཆད་པ་གཅོད་མཁན་གྱིས་དབྱར་རྩྭ་བརྐོ་མཁན་ལ་ཆད་པ་བཅད་ཀྱང་འབྲེལ་ཡོད་ཀྱི་ཐོབ་ཐང་གསལ་བཤད་མ་བྱས་ཚེ། སྲིད་འཛིན་གཏུག་བཤེར་གྱི་དུས་ཡུན་དེ་སྲིད་འཛིན་ཆད་པ་ཕོག་པའི་ཉིན་ནས་བཟུང་བའི་ལོ་གཉིས་སམ་ལོ་ལྔ་བར་དུ་བསྲིང་ཆོག ་ཁྲིམས་ཁང་གིས་ཀྱང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་ལེན་བྱས་ཏེ། ཁྲིམས་བཤེར་བརྒྱུད་ནས་སྲིད་གཞུང་གི་ནོར་འཁྲུལ་ཅན་གྱི་ཆད་པ་ནུས་མེད་དུ་བཟོ་བའི་དབང་ཐང་ཡོད། རྒྱལ་ཁབ་གུན་གསབ་ནི། (国家赔偿) སྲིད་གཞུང་གི་ལས་ཁུངས་སོ་སོའི་དབྱར་རྩྭ་བརྐོ་མཁན་དང་ཉོ་འཚོང་བྱེད་མཁན་ལ་ཆད་པ་བཅད་པའམ། དབྱར་རྩྭ་གཞུང་བཞེས་བྱས་པ། དབྱར་རྩྭ་བརྐོ་མཁན་སྲིད་འཛིན་བཀག་གཉར་བྱས་པ་དེ་དག་དེ་ནོར་འཁྲུལ་ཡིན་པ་ཁྲིམས་ཁང་གིས་ངོས་འཛིན་བྱུང་བའམ། ཡང་ན་ལས་ཁུངས་དེའི་གོང་རིམ་ལས་ཁུངས་སོགས་ཀྱིས་ངོས་འཛིན་བྱུང་ཚེ། གྱོང་གུན་ཐེབས་པའི་དབྱར་རྩྭའི་དོ་བདག་ལ་སྲིད་གཞུང་ནས་གུན་གསབ་ལེན་པའི་ཐོབ་ཐང་ཡོད། རྒྱལ་ཁབ་གུན་གསབ་ཀྱི་ཁྲིམས་ལྟར་ན། སྲིད་གཞུང་གི་ལས་བྱེད་པས་ཁྲིམས་འགལ་གྱིས་དབྱར་རྩྭ་བརྐོ་མཁན་གྱི་དབྱར་རྩྭ་གཞུང་བཞེས་བྱས་པའམ་སྒོར་ཆད་བཅད་ན། དབྱར་རྩྭ་དང་ཆད་པ་བཅད་པའི་སྒོར་མོ་ཕྱིར་དབྱར་རྩྭ་དོ་བདག་ལ་སློག་དགོས་པ་མ་ཟད། དེ་ལས་མཆེད་པའི་གྱོང་གུན་ལ་གུན་གསབ་ཀྱང་སྟེར་དགོས། དེ་ནས་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་རྩྭ་བརྐོ་མཁན་ལ་བཀག་ཉེས་བྱུང་ན། དབྱར་རྩྭ་བརྐོ་མཁན་ལ་ཉིན་རེར་སྒོར་༢༡༩་ཡི་གུན་གསབ་སྤྲོད་དགོས། དབྱར་རྩྭ་དོ་བདག་གིས་རྒྱལ་ཁབ་གུན་གསབ་ལེན་པའི་དུས་བཅད་ནི་སྲིད་གཞུང་གི་ཆད་པ་ཁྲིམས་འགལ་ཡིན་པ་གཏན་འཁེལ་བའི་ལོ་གཉིས་ཀྱི་ནང་ཚུན་ཡིན་པས། དོ་བདག་རྣམས་ཀྱིས་དུས་ཡུན་འདི་ལ་དོ་སྣང་དང་གཟབ་གནན་གབང་དགོས།

ལྔ་བ། བདག་དབང་གི་སྐབས། འབྲོག་པ་རྣམས་ཀྱིས་དབྱར་རྩྭ་ཡི་གཏན་གྱི་བདག་དབང་ཟིན་དགོས་ན། ཐོག་མར་རྩྭ་སའི་བདག་དབང་དེ་ཟིན་དགོས་པ་ཞིག་བྱ་དགོས། རྩྭ་སའི་བདག་དབང་མེད་སོང་ན་དབྱར་རྩྭ་དང་ཐོན་ཁུངས་གཞན་གྱི་ཁེ་དབང་ཡང་རིམ་གྱིས་མེད་འགྲོ འབྲོག་པ་རྣམས་ཀྱི་དབྱར་རྩྭའི་བདག་དབང་གི་འབྱུང་ཁུངས་ནི་རྩྭ་སའི་དངོས་དབང་ངམ་འགན་གཙང་ལེན་གྱི་གན་རྒྱ་ལས་བརྒྱུད་པའི་བདག་དབང་ཟིན་ཡོད་པ་དེ་ཡིན། སྤྱིར་ཁྲིམས་ལུགས་ཀྱི་རང་བཞིན་ཐད་ནས་བཤད་ན། རང་བྱུང་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་ཟེར། འོན་ཀྱང་རྩྭ་ས་འགན་གཙང་ལེན་གྱི་གན་རྒྱ་ལས་བྱུང་བའི་དངོས་དབང་གིས་རྩྭ་སའི་རང་བྱུང་ཐོན་ཁུངས་ལ་ལ་རྩྭ་ས་བདག་སྐྱོང་བྱེད་པའི་འབྲོག་པར་བྱིན་ཡོད། རྩྭ་སའི་བདག་སྐྱོང་གི་ཐོབ་ཐང་ཤོར་བ་ཡིན་ན་དབྱར་རྩྭའི་བདག་དབང་ཀྱང་གཏན་ནས་ཤོར་འགྲོ རྩྭ་ས་ནི་འབྲོག་པ་རྣམས་ལ་མཚོན་ན་ཚེ་སྲོག་ཡིན། དེང་སྐབས་ས་གནས་སྲིད་གཞུང་གིས་འབྲོག་པ་རྣམས་ཀྱི་རྩྭ་ས་ཕྱིར་བསྡུ་བྱེད་བཞིན་པ་དེ་ནི་ཁོང་ཚོས་རྩྭ་སའི་གཞལ་དུ་མེད་པའི་རིན་ཐང་དེ་མཐོང་ཡོད་པ་རེད། འབྲོག་པས་རྩྭ་སའི་བདག་དབང་དེ་ཟིན་ཡོད་ན། དབྱར་རྩྭའི་བྲན་གཡོག་ཏུ་མི་འགྱུར་བར་དབྱར་རྩྭའི་བདག་པོ་ཡིན། དེ་ལྟ་མ་ཡིན་ན། རྩྭ་སའི་བདག་དབང་ཤོར་བའི་འབྲོག་པ་རྣམས་ནི་འབྱུང་འགྱུར་གྱི་དུས་སུ་གདོན་མི་ཟ་བར་རྩྭ་ས་སྟེང་གི་དབྱར་རྩྭ་དང་སྨན་ལྡུམ་ཆེ་གེ་མོའི་བྲན་གཡོག་ཏུ་འགྱུར་ངེས་ཡིན།