དྲི་བ། ཕྱི་བསྐྱོད་ལམ་ཡིག་ཇི་ལྟར་ཞུ་དགོས་པ་རེད།

ལན།  ཕྱི་བསྐྱོད་ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་ལྔ་པའི་ནང་དུ། སྤྱི་དམངས་ཤིག་ཕྱི་རྒྱལ་དུ་གཏན་སྡོད་དང་གཉེན་འཕྲད། སློབ་སྦྱོང་དང་ལས་ཀ་ལས་པ། ཡུལ་སྐོར་དང་ཚོང་དོན་སོགས་ཀྱི་ཆེད་དུ་འགྲོ་དགོས་བྱུང་ཚེ། ཁོང་གིས་རང་གི་ཁྱིམ་ཐོ་ཡོད་སའི་རྫོང་རིམ་པའམ་དེའི་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་ཡོང་དོ་དམ་ལས་ཁུངས་(出入境管理部)ལ་ཕྱི་བསྐྱོད་ལམ་ཡིག་ལེན་པའི་སྙན་ཞུ་ཕུལ་ཆོག སྙན་ཞུ་ཕུལ་སྐབས་རང་ཉིད་ཀྱི་གྲོང་མིའི་ ཐོབ་ཐང་ལག་ཁྱེར་ཡི་གེ་དང་ཁྱིམ་ཐོའམ་ཐེམ་ཐོ། ཞྭ་མོ་གྱོན་མེད་པའི་ཉེ་དུས་ཀྱི་མགོ་པར།

དེ་མིན་འབྲེལ་ཐོགས་ཀྱི་ཡིག་ཆ་ཁག་ཀྱང་མཁོ་སྤྲོད་བྱེད་དགོས། ཁྲིམས་དེའི་དོན་ཚན་དྲུག་པ་ལྟར་ན། རྒྱལ་མཚམས་འགྲོ་ཡོང་དོ་དམ་ལས་ཁང་གིས་དོ་བདག་གི་སྙན་ཞུ་དང་ལེན་བྱས་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་ཕྱི་བསྐྱོད་ལམ་ཡིག་བཟོས་ནས་དོ་བདག་ལ་སྤྲོད་དགོས་ཤིང་། ཡུལ་མཐའ་ཁོབ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་ལ་སོགས་པའི་དམིགས་བསལ་གྱི་ཆ་རྐྱེན་འོག་ཏུ་དུས་ལྟར་ཕྱི་སྐྱོད་ལམ་ཡིག་བཟོས་ནས་སྤྲོད་ཐབས་མ་བྱུང་ན།ཕྱི་བསྐྱོད་ལམ་ཡིག་ཆོག་མཆན་འགོད་པའི་ལས་ཁང་གི་འགན་འཛིན་གྱིས་མིང་རྟགས་བཀོད་དེ་ལམ་ཡིག་སྤྲོད་པའི་ཉི་མ་ཉིན་སུམ་ཅུའི་ཚུན་ལ་ཕྱིར་འགྱངས་བྱས་ཆོག སྤྱི་དམངས་ལ་གནས་ཚུལ་ཛ་དྲག་བྱུང་སྟེ་ཕྱི་བསྐྱོད་ལམ་ཡིག་མྱུར་དུ་བཟོ་དགོས་བྱུང་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁང་གིས་ངེས་པར་དུ་དུས་ལྟར་མགྱོགས་མྱུར་ངང་ཕྱི་བསྐྱོད་ལམ་ཡིག་བཟོས་ནས་དོ་བདག་ལ་སྤྲོད་དགོས།

དྲི་བ། ཕྱི་སྐྱོད་ལམ་ཡིག་ཞུས་ཀྱང་ཆོག་མཆན་མ་སྤྲད་ན་ཅི་ཞིག་བྱེད་དགོས།

ལན། གལ་ཏེ། ཁྱེད་རང་ལ་ཕྱི་སྐྱོད་ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༡༣་པས་གཏན་འཁེལ་བྱས་པའི་གནད་དོན་མེད་པར་སྤྱི་བདེ་ལས་ཁུངས་ཀྱིས་ཕྱི་སྐྱོད་ལམ་ཡིག་མ་སྤྲད་ན། དེ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་རེད། སྲིད་འཛིན་ཆོག་མཆན་གྱི་ཁྲིམས་ཀྱི་དོན་ཚན་ལྔ་པ་ཡི་ནང་དུ། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་ཚད་གཞི་མཐུན་པའི་སྲིད་འཛིན་ཆོག་མཆན་སྙན་ཞུ་བྱེད་མཁན་ལ་ཁྲིམས་ལྟར་སྲིད་འཛིན་ཆོག་མཆན་ཐོབ་པའི་འདྲ་མཉམ་གྱི་ཐོབ་ཐང་ཡོད། སྲིད་འཛིན་ལས་ཁུངས་ཀྱིས་ཁྱད་གསོད་དང་དབྱེ་འབྱེད་བྱས་མི་ཆོག་ཅེས་གཏན་དབབ་བྱས་ཡོད། ཁྲིམས་མཐུན་གྱི་རྒྱུ་མཚན་མེད་པར་ཁྱེད་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་སྙན་ཞུ་དེ་སྤྱི་བདེ་ལས་ཁུངས་ཀྱིས་བཟློག་པ་ཡིན་ན། ཁྱེད་ཀྱིས་ཁྲིམས་དེའི་དོན་ཚན་དྲུག་པ་དང་། སྲིད་འཛིན་ཆོག་མཆན་ཁྲིམས་ཀྱི་འབྲེལ་ཡོད་གཏན་དབབ་ལྟར་སྤྱི་བདེ་ལས་ཁུངས་དེའི་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་ཞུས་ན་ཆོག  སྲིད་འཛིན་བསྐྱར་གྲོས་ཞུ་དགོས་པའི་དུས་བཅད་ནི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱེད་ལ་ཞུ་བཟློག་གི་ཡིག་ཆ་སྤྲད་པའི་ཉིན་༦༠་ཡི་ནང་ཚུན་ཡིན་དགོས། དེས་མི་ཚད་སྲིད་འཛིན་བསྐྱར་གྲོས་ཀྱི་ཁྲིམས་ལྟར་གོར་རིམ་ལས་ཁུངས་ལ་དོ་བདག་གིས་བསྐྱར་ཏུ་གྲོས་ཐག་གཅོད་དུ་བཅུག་ན་ཆོག གོང་རིམ་ལས་ཁུངས་ཀྱིས་སྲིད་འཛིན་བསྐྱར་གྲོས་བྱས་ཏེ་ཁྱེད་ལ་མི་ཕན་པའི་ཐག་བཅད་བྱས་ཚེ། ཁྱེད་ཀྱིས་ཐག་བཅད་ཡི་གེ་ལག་ཏུ་འབྱོར་བའི་ཉིན་ནས་བཟུང་བའི་ཉིན་༡༥་ནང་ཚུན།ཡང་ན་སྲིད་འཛིན་བསྐྱོར་གྲོས་མ་བརྒྱུད་པར་ཕྱི་བསྐྱོད་ལམ་ཡིག་མི་སྟེར་བའི་ཐག་གཅོད་བྱས་པའི་ཟླ་༦་ནང་ཚུན་མི་དམངས་ཁྲིམས་ཁང་ལ་སོང་སྟེ་ཞུ་གཏུག་བྱེད་དགོས། ཕྱི་བསྐྱོད་ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༢༠་ཡི་ཚན་པ་གཉིས་པའི་ནང་དུ། ཕྱི་བསྐྱོད་ལམ་ཡིག་ཆོག་མཆན་འགོད་པའི་ལས་བྱེད་པས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཁྲིམས་ཀྱིས་བཅས་པའི་དུས་ཡུན་ནང་དུ་སྤྱི་དམངས་ལ་ཆོག་མཆན་མ་བཀོད་ན་དེ་ལ་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ནག་ཉེས་བསགས་པ་ཡིན་ན་ཉེས་དོན་འགན་ཁུར་འདེད་དགོས་ཞེས་གཏན་འཁེལ་ཀྱང་བྱས་ཡོད།

ཕྱི་བསྐྱོད་ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༡༣་པ་ལྟར་ན། གལ་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྱེད་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་སྙན་ཞུ་ལ་གཤམ་གྱི་གནད་དོན་ཡོད་བསམ་ན་ཁྱེད་ཀྱི་སྙན་ཞུ་བཟློག་ན་ཆོག་ཟེར།

རྒྱ་ནག་རྒྱལ་ཁོངས་ཀྱི་སྤྱི་དམངས་ཐོབ་ཐང་མེད་པ།

རང་གི་གྲོང་མིའི་ཐབ་ཐང་ར་སྤྲོད་བྱེད་མི་ཐུབ་པ།

སྙན་ཞུ་ཡི་གེའི་ནང་དུ་རྫུན་བཟོ་བྱས་པའི་གནད་དོན་ལྷག་པ།

ཉེས་ཆད་བཅད་དེ་ཉེས་འགན་ཁུར་བཞིན་པ།

༥མི་དམངས་ཁྲིམས་ཁང་གི་བརྡ་སྦྱོར་ལས་དམངས་དོན་གྱོད་གཞིའི་མཇུག་མ་རྫོགས་བར་དུ་ཕྱི་རྒྱལ་དུ་བསྐྱོད་མི་ཆོག་པའི་གནད་དོན་ལྡན་པ།

ཉེས་དོན་གཏུག་བཤེར་གྱི་གྱོད་ཡའམ་ཉེས་བྱས་དོགས་གཞིའི་མི་སྣ་ཡིན་པ།

༧རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེག་ཐོགས་དོ་དམ་ལས་ཁུངས་ཀྱིས་མི་དེ་ཕྱི་རྒྱལ་དུ་སོང་ན་རྒྱལ་ཁབ་བདེ་འཇགས་ལ་གནོད་པ་བཟོ་སྲིད་པའམ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཏོར་བཤིག་ཚབས་ཆེན་བཟོ་བའི་ཉེན་ཁ་ཡོད་པ།

 དྲི་བ། ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ཚེ་ཅི་ཞིག་བྱེད་དགོས་པ་རེད།

ལན། ཕྱི་བསྐྱོད་ལམ་ཡིག་སྤྲོད་པ་ནི་སྲིད་འཛིན་ཆོག་མཆན་གྱི་ཁོངས་གཏོགས་ཡིན་པ་དང་། སྤྲད་ཟིན་པའི་ཆོག་མཆན་དང་དཔང་ཡིག་རང་གར་ཕྱིར་བསྡུ་དང་གཏོར་བརླག་བྱེད་ཆོག་གི་མ་རེད། སྲིད་འཛིན་ཆོག་མཆན་གྱི་ཁྲིམས་ཀྱི་དོན་ཚན་༨་པ་ཡི་ནང་དུ། སྤྱི་དམངས་ཀྱིས་ཁྲིམས་མཐུན་གྱི་སྒོ་ནས་བླངས་པའི་སྲིད་འཛིན་ཆོག་མཆན་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་རང་སྣང་གང་ཤར་གྱིས་ནུས་པ་སོན་པའི་སྲིད་འཛིན་ཆོག་མཆན་ལ་བཅོས་བསྒྱུར་བྱས་མི་ཆོག སྤྱི་མཐུན་གྱི་ཁེ་ཕན་གྱི་ཆེད་དུ་སྲིད་འཛིན་ཆོག་མཆན་ཕྱིར་བསྡུ་བྱས་ན་དེ་ལས་འཕྲོས་པའི་གྱོང་གུན་ལ་སྲིད་འཛིན་ལས་ཁུངས་ཀྱི་གུན་གསབ་འཇལ་དགོས་ཞེས་གཏན་འཁེལ་བྱས་ཤིང་། ཕྱི་བསྐྱོད་ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༢་པ་་ཡི་ནང་དུ། ལས་ཁུངས་གང་དང་གང་གིས་ཀྱང་ཕྱི་བསྐྱོད་ལམ་ཡིག་བཙན་ཉར་དང་གཏོར་བརླག་བྱས་མི་ཆོག་ཅེས་གཏན་དབབ་བྱས་ཤིང་དོན་ཚན་༡༥་པ་ཡི་ནང་དུ། ཕྱི་བསྐྱོད་ལག་ཁྱེར་བཙན་ཉར་བྱེད་དགོས་པའི་ཆ་རྐྱེན་ནི་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁང་། སྤྱི་བདེ་ལས་ཁུངས་དང་སྲིད་འཛིན་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཐག་གཅོད་པའི་ཆེད་དུ་ཁྲིམས་ལྟར་དོ་བདག་གི་ཕྱི་བསྐྱོད་ལམ་ཡིག་བཙན་ཉར་བྱས་ཆོག་ཅེས་གཏན་འབེབས་བྱས་པ་ལྟར་ན། གོང་གི་ལས་ཁུངས་དེ་དག་ལ་མང་ཚོགས་དཀྱུས་མའི་ཕྱི་བསྐྱོད་ལམ་ཡིག་ཕྱོགས་ཡོངས་ནས་ཕྱིར་བསྡུ་བྱེད་པའི་དབང་ཐང་མེད། ཁྲིམས་བཟོའི་ཁྲིམས་ལྟར་ན། སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚད་བཀག་བྱེད་པའི་ཁྲིམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མ་གཏོགས་ཚོགས་པའམ་ལས་ཁུངས་གང་ལའང་བཟོ་བའི་དབང་ཐང་མེད་ཅེས་གཏན་འཁེལ་བྱས་ཡོད་པ་ལྟར་ན། དེང་སྐབས་བོད་དང་གྲངས་ཉུང་མི་རིགས་ས་ཁུལ།

དེས་མི་ཚད་རྒྱ་ནག་གི་ས་ཁུལ་ནས་ཀྱང་སྤྱི་དམངས་ཀྱི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱེད་བཞིན་པའི་ལས་ཀ་ལས་སྟངས་འདི་ལ་ཁྲིམས་ཀྱི་རྒྱབ་རྟེན་རྩ་བ་ཉིད་ནས་མེད། དེ་ནི་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ལམ་ལུགས་ལ་མངོན་སུམ་འཛེམས་མེད་ཀྱིས་གཏོར་བཤིག་བྱས་པ་རེད། གནད་དོན་འདི་རིགས་ཐག་གཅོད་པར་ཆེ་ས་ནས་མི་མང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཁྲིམས་ལུགས་དང་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་ཡི་གེ་བྲིས་ཏེ་མི་རིགས་ས་ཁུལ་ནས་ལས་ཀ་ལས་སྟངས་འདི་རིགས་མཚམས་གཅོད་པའི་བཀའ་རྒྱ་འབེབ་ཏུ་འཇུག་དགོས། སྐྱོན་བརྗོད་བྱེད་དགོས། ཆུང་ས་ནས་སྲིད་འཛིན་གཏུག་བཤེར་དང་བསྐྱར་གྲོས་བཅས་ཀྱི་བརྒྱུད་རིམ་བརྒྱུད་དེ་རང་གི་ཐོབ་ཐང་དང་ལམ་ཡིག་སྲུང་སྐྱོབ་བྱེད་དགོས།