༡ རྩ་ཁྲིམས་ཀྱི་ནང་དུ་རིགས་སོ་སོའི་མི་རིགས་ལ་རང་གི་སྐད་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་པའི་རང་དབང་ལྡན་ཞེས་པའི་གཏན་འཁེལ་བྱས་ཡོད། བོད་མི་ཞིག་ཡིན་ཚེ་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ན་རྩ་ཁྲིམས་ཀྱི་རང་དབང་ལོངས་སུ་སྤྱད་པ་ཡིན་པ་དེ་ཤེས་པར་བྱས་ཏེ་གོ་སྐབས་དམ་འཛིན་གྱིས་བྱིས་པའི་དུས་ནས་བཟུང་བོད་སྐད་ཡིག་སྦྱོང་སྤྱོད་བྱེད་དགོས། གཞན་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས་བྱུང་ཡང་རང་གི་སྐད་ཡིག་ཡེ་ནས་མི་འདོར་བར་འབྲི་ཀློག་ཅི་ནུས་ཀྱང་ཤེས་པར་བྱ་དགོས་པ།  

༢ རང་གི་སྲོལ་རྒྱུན་གྱི་ཆོས་རྒྱུད་དང་ཆོས་ལུགས་དད་མོས་གཙིགས་ཆེན་དུ་བཟུང་སྟེ་དེའི་ཕྱོགས་ཀྱི་ཁ་ཏོན་དགེ་སྦྱོར་དང་ཆོ་ག་ཕྱག་ལེན་གྱི་རྒྱུན་སྐྱོང་བ། (དཔེར་ན། སྐྱབས་འགྲོ་དང་སྒྲོལ་མ་བློར་འཛིན་པ་དང་བསང་གསུར་དང་ཡོན་ཆབ་འབུལ་བ་དང་མར་མེ་སྒྲོན་པ་ལྟ་བུ་དུས་རྟག་ཏུ་བྱེད་པ།) ཆོས་ལུགས་དད་མོས་རང་དབང་ནི་རྩ་ཁྲིམས་ཀྱིས་ཁག་ཐེག་བྱས་པའི་སྤྱི་དམངས་ཐོབ་ཐང་ཞིག་ཡིན་པས་སྲོལ་རྒྱུན་འདི་རྒྱུད་འཛིན་བྱས་ན་ཁྲིམས་དང་མཐུན། ཆོས་དད་སྲོལ་རྒྱུན་ནི་མི་རིགས་ཤིག་གི་བསམ་བློའི་ཟབ་སའི་ཁྱད་ནོར་ཞིག་ཡིན་པས་དེ་སྲུང་ན་མི་རིགས་ཀྱི་ངོ་བོ་བརླག་མི་ནུས་པས་ཆོས་དད་ཀྱི་སྲོལ་རྒྱུན་རྒྱུད་འཛིན་བྱེད་དགོས།

༣ མ་མཐར་ཡང་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས། བོད་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལ་སོགས་པས་གཏན་དབབ་དང་ངོས་ལེན་བྱས་པའི་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གི་རང་སྐྱོང་དབང་ཐང་དང་བོད་རིགས་སྤྱི་དམངས་ཀྱི་ཐོབ་ཐང་དག་ལ་ རྒྱུས་ལོན་ཆེ་ལོང་ཙམ་བྱས་ཏེ། བོད་རིགས་རང་སྐྱོང་ས་ཁུལ་གྱིས་རང་སྐྱོང་ལས་དོན་རང་རྐྱ་ཐུབ་པར་འཛིན་སྐྱོང་བྱེད་པ་དང་། རང་བྱུང་ཐོན་ཁུངས་བདག་གིར་འཛིན་ཐུབ་པར་མང་ཚོགས་ཀྱིས་སྐུལ་འདེད་དང་རོགས་རམ་བྱེད་པ། གཏེར་ཁ་བསྔོག་པ་དང་ཐུན་མོང་རྨང་

གསེར་དང་འདྲ་བའི་ས་གཞི།

གཞིའི་འཛུགས་བསྐྲུན་ལ་སོགས་པའི་སྐབས་ཀྱི་དཔལ་འབྱོར་ཁེ་ཕན་དང་ལས་ཀའི་གོ་སྐབས་སོགས་ཀྱི་བགོ་སྐལ་རང་རིགས་ལ་ཐོབ་པར་ཁྲིམས་ལྟར་བརྩོན་ལེན་བྱེད་དགོས་ཤིང་། མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༢༨པའི་ནང་དུ་མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་ཀྱི་གཏན་འཁེལ་ལྟར་རང་ས་གནས་ཀྱི་རང་བྱུང་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར། རང་སྐྱོང་ས་ཁུལ་གྱི་ཐོན་ཁུངས་ཀྱི་བདག་དབང་དང་རང་ས་རང་གིས་སྐྱོང་བའི་ཐོབ་ཐང་དང་དབང་ཐང་དམ་དུ་འཛིན་དགོས།

ཐར་ལོ།

༤  ང་ཚོའི་རྒྱུད་ལ་རྒྱ་རིགས་གཙོས་པའི་གཞན་རིགས་ཀྱི་རིག་གནས་དང་གོམས་གཤིས་དང་བག་ཆགས་སོགས་གོམས་ལོབས་སུ་གྱུར་ཏེ་རང་རིགས་ཀྱི་རིག་གནས་དང་བག་ཆགས་ཡལ་བར་འགྱུར་བ་ལ་སྔོན་འགོག་བྱེད་ཆེད། ཉིན་རེར་གཞན་རིགས་ཀྱི་བརྙན་འཕྲིན་དང་གློག་བརྙན་དང་དཔེ་དེབ་དང་གསར་འགྱུར་སོགས་ལ་ལྟ་ཉན་གྱི་དུས་ཚོད་ཚོད་འཛིན་བྱེད་དགོས། རྒྱ་རིགས་ཀྱིས་རྩོམ་རིག་དང་སྒྱུ་རྩལ་དང་རོལ་རྩེད་ལ་སོགས་པའི་ཐབས་ལམ་སྣ་ཚོགས་སྤྱད་ནས་རྒྱའི་རིག་གནས་ཀྱིས་ང་ཚོའི་གཞོན་སྐྱེས་ཚོའི་བློ་སེམས་བསྒྱུར་བཞིན་ཡོད། ང་ཚོའི་བྱིས་པ་དང་གཞོན་སྐྱེས་རྣམས་ཀྱིས་ཀྱང་ཚོར་དང་མ་ཚོར་བའི་སྒོ་ནས་དེའི་ཐད་ལ་མངོན་པར་ཕྱོགས་པའི་སྣང་ཚུལ་ལ་ང་ཚོས་ངེས་ཟིན་ཏེ། དེ་ལ་དོགས་ཟོན་དང་བཟློག་ཐབས་སུ་ཉིན་རེར་རྒྱའི་སྐད་ཡིག་གི་རྒྱུ་ཆ་ལྟ་ཀློག་སྦྱོང་སྤྱོད་བྱེད་པའི་དུས་ཚོད་ལ་ཚོད་འཛིན་བྱས་ཏེ། རང་རིགས་གཞོན་སྐྱེས་ཀྱིས་ང་ཚོའི་རིག་རྩལ་དང་བརྙན་འཕྲིན་སོགས་ལ་གོམས་ལོབས་དང་དགའ་གུས་བྱེད་དུ་འཇུག་དགོས། རྩ་ཁྲིམས་ནང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་སྤེལ་ཇེ་མགྱོགས་སུ་གཏོང་བར་རོགས་རམ་བྱེད་ཀྱི་ཡིན་ཞེས་པའི་གཏན་འཁེལ་ཡོད་པ་ལྟར། རང་རིགས་ཀྱི་རིག་གནས་རྣལ་མ་མཚོན་པའི་གློག་བརྙན་དང་རྩོམ་རིག་དང་སྒྱུ་རྩལ་སོགས་རྒན་གཞོན་བར་གསུམ་གྱི་ཁམས་དང་མོས་པ་དང་མཐུན་པའི་སྒོ་ནས་མྱུར་དུ་མཁོ་སྤྲོད་བྱེད་དགོས།

སྐད་ཡིག་གི་ཆེད་དུ་རྒྱ་སྲང་ལ་བུད་པ།

༥ བོད་ཀྱི་སྣོད་བཅུད་དང་རིག་གནས། དཔལ་འབྱོར་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་། མི་རིགས་འདྲ་མཉམ་དང་སྐད་ཡིག་ཐོབ་ཐང་ལ་སོགས་པར་བརྩོན་ལེན་བྱེད་པའི་མི་དང་ཚོགས་པ་ལ་རྒྱབ་སྐྱོར་དང་མོས་མཐུན་བྱེད་པ་དང་། དེ་དག་གི་ལས་དོན་ལ་ཁ་བཤད་ཙམ་གྱི་རྒྱབ་སྐྱོར་མ་ཡིན་པར་རོགས་དངུལ་སྤྲོད་པའམ་ཁྱབ་བསྒྲགས་བྱེད་པ་ལ་སོགས་པའི་རོགས་རམ་དང་གཞོགས་འདེགས་བྱེད་པ།

རྩྭ་ཐང་བདག་དབང་ཡི་གེ

༦ ས་གཞི་དང་ཕྱུགས་ཟོག་ལ་སོགས་པའི་དངོས་པོ་ནི་ང་ཚོའི་མི་རིགས་འདི་འཚོ་གནས་ཀྱི་རྨང་གཞི་ཡིན་པའི་འདུ་ཤེས་བཟུང་སྟེ། རང་རིགས་ཀྱི་འཚོ་ཚིས་སྒྲུབ་པའི་ཞིང་འབྲོག་གི་སྲོལ་རྒྱུན་དཔལ་འབྱོར་ཐབས་ལམ་དེ་དག་ཁོར་ཡུག་དང་སྲིད་བྱུས་དང་ཆོས་ལུགས་སོགས་ལ་ཁག་དཀྲིས་ཏེ་རྩ་བ་ཉིད་ནས་དོར་བར་མི་བྱ་བར་ཚན་རྩལ་ལ་བརྟེན་ནས་ཡར་རྒྱས་དང་ འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ཞིང་ས་དང་རྩྭ་སའི་བདག་དབང་ལ་འབྲེལ་བ་ཡོད་པའི་དཔལ་འབྱོར་དང་དངོས་ཟོག་གི་ཐོབ་ཐང་དམ་དུ་བཟུང་སྟེ། ཕྱུགས་ཟོག་དང་ཐོན་ཁུངས་དང་ས་ཞིང་ལ་སོགས་པ་སྲིད་གཞུང་དང་གཞན་རིགས་ཀྱི་ལག་ཏུ་ཤོར་དུ་མི་འཇུག་པ། མི་རིགས་ཤིག་གི་འཚོ་ཚིས་སྒྲུབ་པའི་གཞི་དང་ལམ་མེད་པར་བྱས་ཏེ་མི་རིགས་དེ་ཉམས་པར་བྱེད་པ་ནི་ཞི་བའི་སྒོ་ནས་མི་རིགས་ཤིག་ཚར་གཅོད་པའི་ཐབས་ཤེས་ཡིན་པ་འཛམ་གླིང་ལ་ཡོངས་གྲགས་རེད། དེའི་ཕྱིར་རོང་འབྲོག་གི་ས་ཞིང་འཕྲོག་པའི་ཞིང་སྡེ་གསར་པ་འཛུགས་བསྐྲུན་གྱི་མིང་བཏགས་པའི་རྣམ་གྲངས་ནང་དུ་མི་ཞུགས་པ།

ཚན་རིག།

༧ བོད་སྐད་ཡིག་ཐོག་མར་སྲིད་གཞུང་གིས་ཚད་དང་ལྡན་པར་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་ན་ད་གཟོད་སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་ཐམས་ཅད་དུ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་པས། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཡུལ་སྲིད་གཞུང་དང་ཚོང་ཚོགས་སོགས་སུ་རྒྱ་བསྐྱེད་པར་བྱེད་དགོས། བོད་རིགས་རང་སྐྱོང་ས་ཁུལ་དུ་བོད་ཡིག་ནི་སྤྱི་སྤྱོད་སྐད་ཡིག་གི་གྲས་ཡིན་པས། སྲིད་འཛིན་དང་ཁྲིམས་འཛིན་དང་ཁྲིམས་བཟོ་ལས་ཁུངས་ཀྱིས་ལས་དོན་སྒྲུབ་སྐབས་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་པ་རྩ་ཁྲིམས་ཀྱི་དོན་ཚན་༡༢༡་གི་ནང་དུ་གསལ་བོར་གཏན་འབེབས་བྱས་ཡོད་པའི་ཁྲིམས་ཡིག་དེ་ང་ཚོས་ནམ་རྒྱུན་སྲིད་གཞུང་ལ་བོད་སྐད་ཡིག་དོ་སྣང་བྱེད་དགོས་པའི་སྐུལ་འདེད་བྱེད་པར་བཀོལ་སྤྱོད་བྱེད་དགོས། དེ་ལྟར་བྱས་ན་བོད་སྐད་ཡིག་ཤེས་དགོས་པའི་ལས་ཀའི་གོ་སྐབས་ཇེ་མང་དུ་གཏོང་ཐུབ།

༨ ཁྲིམས་ཁང་ནས་ཞུ་གཏུག་བྱེད་པ་དང་སྨན་ཁང་དུ་སྨན་པ་བསྟེན་སྐབས་། བོད་རིགས་རང་སྐྱོང་གི་སྲིད་གཞུང་དུ་ལས་དོན་སྒྲུབ་པ་ལ་སོགས་པའི་སྐབས་སུ། རང་ཉིད་ཀྱིས་རྒྱའི་སྐད་ཡིག་ཤེས་ནའང་དེ་བཀོལ་སྤྱོད་མི་བྱེད་པར་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། སྲིད་གཞུང་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་མིན་དེ་བོད་མིས་སྲིད་གཞུང་དུ་སོང་ནས་ལས་དོན་སྒྲུབ་སྐབས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་མིན་ལ་རག་ལས་ཡོད། སྲིད་གཞུང་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ན་ཐོག་མར་བོད་མི་རེ་རེའི་ངོས་ནས་སྲིད་གཞུང་ལ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས། མི་རིགས་ཤིག་གི་སྐད་ཡིག་སྤྱི་ཚོགས་ལས་དོན་ཐམས་ཅད་དུ་ཁྱབ་བརྡལ་ ཕྱིན་པ་ན་མི་རིགས་དེའི་སྐད་ཡིག་འཇིག་མི་སྲིད། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱིས་ཐོབ་ཐང་འདི་དག་ངོས་ལེན་དང་གཏན་འཁེལ་བྱས་ཡོད་པ་དེ་དག་ང་ཚོས་ལག་ལེན་དུ་བསྟར་དགོས།

༩ བོད་སྐད་ཡིག་མི་ཤེས་པའི་བོད་རིགས་ལ་རོགས་རམ་བྱས་ཏེ་ཁོང་ཚོར་བོད་སྐད་ཡིག་སྦྱོང་བའི་་མཐུན་རྐྱེན་དང་སེམས་ཤུགས་སྤེལ་དགོས་པ་མ་ཟད། རང་གི་ས་གནས་ཀྱི་རྒྱ་རིགས་དང་མི་རིགས་གཞན་ལའང་བོད་སྐད་ཡིག་སྦྱངས་ན་ཆབ་སྲིད་དང་དཔལ་འབྱོར་གྱི་མདུན་ལམ་ཡོད་པའི་སྐོར་ཁྲིམས་ལུགས་ཀྱི་ལུང་དྲངས་ནས་གསལ་བཤད་བྱས་ཏེ་བོད་སྐད་ཡིག་ཤེས་མཁན་གྱི་དཔུང་སྡེ་ཇེ་མང་དུ་གཏོང་དགོས། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༤༩ པ་ཡི་ནང་དུ་རྒྱ་རིགས་ལས་བྱེད་པས་བོད་སྐད་ཡིག་ཤེས་ན་དེ་ལ་ངེས་པར་དུ་གཏང་རག་སྤྲོད་དགོས་པ་དང་། རྒྱ་རིགས་ལས་བྱེད་པས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་པའི་གཏན་འཁེལ་སོགས་དངོས་སུ་ལག་བསྟར་བྱེད་པར་བོད་རིགས་མི་མང་གིས་སྟངས་འཛིན་དང་སྐུལ་འདེད་བྱེད་པ།

༡༠ རང་རིགས་ཀྱི་དེང་རབས་ཅན་གྱི་སྒྲུང་གཏམ་དང་མུ་འབྲེལ་གཏམ་རྒྱུད། བརྙན་དང་ཟློས་གར་དང་རྣམ་ཐར་སོགས་གང་མང་གསར་རྩོམ་དང་དཔར་བསྐྲུན་དང་ཉོ་འཚོང་བྱས་ཏེ། འདིའི་རིགས་ཀྱི་ཚོང་ར་དང་འཛད་སྤྱོད་ཀྱི་གནས་སྟངས་སྣ་ཚོགས་དང་འཐུས་ཚང་དུ་གཏོང་དགོས།  མི་སྒེར་གྱིས་ཀྱང་དཔལ་འབྱོར་གྱི་འཁོས་བབ་ལ་ལྟོས་ནས་རྒྱུ་ཆ་འདི་དག་ཚོང་རྭའི་ནང་རྐང་འཛུགས་ཐུབ་པར་རོགས་

རམ་དང་སྡོང་གྲོགས་བྱེད་དགོས་ལ་སྲིད་གཞུང་ལའང་སྐུལ་སློང་བྱས་ཏེ་ལས་དོན་འདི་རིགས་ལ་རོགས་དངུལ་སྤྲོད་པར་འབོད་སྐུལ་བྱེད་དགོས། རྩ་ཁྲིམས་ཀྱི་དོན་ཚན་༡༢༢ པ་་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༣༨་པ་བཅས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱིས་རང་གི་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་དང་བརྙན་འཕྲིན་ལ་སོགས་པའི་རིག་གནས་ལས་དོན་དར་སྤེལ་བྱེད་ཆོག་པ་དང་རྒྱལ་ཁབ་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་གཏན་འཁེལ་བྱས། ང་ཚོ་ལ་རང་གི་རིག་གནས་ལས་བྱུང་བའི་སྒྱུ་རྩལ་དང་རྩོམ་རིག་དང་བརྙན་འཕྲིན་སྣ་ཚོགས་གྱ་ནོམ་པ་ཞིག་ཡོད་ན་ང་ཚོས་གཞན་རིགས་ཀྱི་རིག་གནས་ཁོ་ན་ལ་བརྟེན་ནས་བསམ་གཞིགས་དང་རོལ་རྩེད་སོགས་བྱེད་པའི་མཚམས་གཅོད་ཐུབ། དེའི་རྒྱུ་མཚན་གྱིས་ང་ཚོའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་མང་པོ་གསར་བསྐྲུན་བྱེད་ཐུབ་ན་གཞན་རིགས་ཀྱི་རིག་གནས་ཀྱིས་ང་ཚོའི་བློ་ཁ་བསྒྱུར་བའི་ངམ་གནག་གི་བསམ་སྦྱོར་དེ་དག་ལ་གདོང་ལེན་བྱེད་དགོས།

རང་ཚུགས།