གལ་ཏེ། ཁྱེད་རང་གིས་བཟོ་གྲྭ་སོགས་ནས་ལས་ཀ་ལས་སྐབས། ལས་ཀའི་བབ་འབྲེལ་ནས་ཁྱེད་ཀྱི་རྐང་པ་ཆག་སྐྱོན་ལྟ་བུ་བྱུང་བ་ཡིན་ན་དེ་ལ་ལས་རྨས་ཟེར་ཞིང་། ཁྱེད་ཀྱིས་སྨན་བཅོས་དང་བརྟག་དཔྱད་བྱས་པའི་སྨན་རིན་དང་། ལས་ཀའི་གླ་ཆ་དང་ནད་གཡོག་དང་འབྲེལ་ཐོགས་ཀྱི་འགྲོ་སོང་ཚང་མ་ཁྱེད་ཀྱི་ལས་བདག་དང་ལས་ཁང་གིས་སྟེར་དགོས། འོན་ཀྱང་། ཁྱེད་ལ་གུན་གསབ་འདི་དག་ཐོབ་པར་བྱེད་པ་ལ་ཁྱེད་ཀྱིས་གཤམ་གྱི་ལས་དོན་འདི་རིགས་ངེས་པར་དུ་བརྒྱུད་རིམ་དང་དུས་བཅད་ལྟར་བསྒྲུབ་དགོས།

ལས་ཀ་བའམ་ངལ་རྩོལ་པ་གང་ཞིག་ལ་ལས་ཀ་ལས་པའི་དུས་ཚོད་ནང་དུ་ལས་ཀ་ལས་ས་ནས་རྨས་སྐྱོན་བྱུང་ཚེ། དེ་ནི་ལས་རྨས་ཡིན། ལས་རྨས་བྱུང་བའི་འཕྲལ་དུ། ལས་རྨས་ཕོག་མཁན་གྱིས་ལས་རྨས་ཀྱི་གནས་ཚུལ་དེ་ལས་ཀའི་བདག་པོའམ་ལས་ཀའི་དོ་དམ་པ་ལ་ཤེས་སུ་འཇུག་དགོས། དོ་དམ་པས་ལས་བདག་ལ་ཡར་ཞུ་བྱས་ཏེ་ལས་རྨས་ཕོག་མཁན་སྨན་ཁང་ལ་ཁྲིད་ནས་སྨན་བཅོས་བྱེད་དགོས་ལ། གནས་ཚུལ་ཛ་དྲག་ཡིན་ན། ལས་ཁང་གིས་མྱུར་སྐྱོབ་པ་བོས་ཏེ་ལས་རྨས་ཕོག་མཁན་དེ་སྨན་ཁང་ལ་བསྐྱེལ་དགོས། ལས་རྨས་ཀྱི་ཚད་རིམ་ལ་མ་ལྟོས་པར་ལས་ཁང་ངམ་ལས་བདག་གིས་ལས་རྨས་པ་དེ་མ་མཐའ་ཨང་རིམ་གསུམ་པ་ཡན་གྱི་སྨན་ཁང་ཞིག་ལ་བསྐྱེལ་ནས་སྨན་བཅོས་ཐོབ་ཏུ་འཇུག་དགོས།། སྨན་བཅོས་ཀྱི་འགྲོ་སོང་ཐམས་ཅད་སྨན་ཁང་གིས་ཐོག་མར་ཚབ་སྤྲོད་བྱེད་དགོིས། དེའི་སྟབས་ཀྱིས་ནད་པས་སེམས་ཁམས་བདེ་བའི་སྒོ་ནས་སྨན་བཅོས་བྱས་ན་ཆོག

དེའི་རྗེས་སུ་ཉིན་༣༠་ཡི་ནང་ལ་ལས་ཁང་གིས་འགན་སྲུང་ལས་ཁུངས་ལ་ལས་རྨས་སྙན་ཞུ་ཕུལ་ནས་ལས་རྨས་ཀྱི་གནས་ཚུལ་གསལ་བཤད་བྱེད་དགོས་ཤིང་། སྙན་ཞུ་ཡིག་ཆ་ཕུལ་བའི་རྗེས་སུ་ལས་རྨས་ལས་ཁང་གིས་ལས་བྱེད་མངགས་ཏེ་ལས་རྨས་པར་བལྟ་རུ་ཡོང་བ་དང་། དེའི་རྗེས་སུ་ལས་རྨས་བརྟག་དཔྱད་པས་ལས་རྨས་པར་ལས་རྨས་ཚད་རིམ་ངོས་བཟུང་གི་ཡི་གེ་ཞིག་སྤྲོད་ངེས། ལས་རྨས་པའི་སྨན་བཅོས་ལ་སོགས་པའི་འགྲོ་སོང་ཐམས་ཅད་མི་དོན་ལས་ཁུངས་བརྒྱུད་ནས་འགན་སྲུང་ལས་ཁང་ལ་སྤྲོད་པ་དང་། འགན་སྲུང་ལས་ཁང་གིས་འགན་སྲུང་ལྟར་སྨན་རིན་སོགས་སྨན་ཁང་ལ་སྤྲོད་དགོས་ཤིང་། དེས་མ་འདང་ན་ལས་ཁང་ངམ་ལས་བདག་གིས་སྤྲོད་དགོས།

ལས་རྨས་ཀྱི་ཚད་རིམ་གཏན་འཁེལ་བྱེད་སྐབས། པགས་པ་བཤུས་པ་ཙམ་ལ་ལས་རྨས་ཚད་རིམ་གཏན་འཁེལ་བྱེད་མི་དགོས་མོད། གལ་ཏེ་རུས་པ་བཅག་པ་ཡིན་ཚེ། ངེས་པར་དུ་ལས་རྨས་ཚད་རིམ་གཏན་འཁེལ་བྱེད་དུ་བཅུག་ན་བཟང་། ལས་རྨས་ཚད་རིམ་ལ་དབྱེ་ན་རིམ་པ་༡༠་ཡོད་པ་དང་། རིམ་པ་བཅུ་པ་ནི་ཡང་ཤོས་ཡིན་ལ་རིམ་པ་དང་པོནི་ལྗིད་ཤོས་ཡིན། ལས་ཁང་དང་ལས་བདག་གིས་ལས་རྨས་ཕོག་མཁན་ལ་ཕྱིས་སུ་གུན་གསབ་འཇལ་དུས་ལས་རྨས་ཀྱི་ཚད་རིམ་ལྟར་གཞལ་དགོས་པ་ཡིན། བརྒྱུད་རིམ་འདི་ནི་གལ་ཆེ་བས་སྣང་མེད་དུ་འཇོག་མི་རུང་། སྨན་བཅོས་ཚར་བའི་རྗེས་སུ་ལས་རྨས་ཕོག་མཁན་གྱིས་སྔར་བཞིན་ལས་ཀ་ལས་མི་ཐུབ་པའམ་ལས་པའི་ནུས་པ་ཉམས་པའམ་ཞན་པར་གྱུར་ན། དེའི་སྐབས་སུ་ངལ་རྩོལ་ནུས་པ་བརྟག་དཔྱད་ཅེས་པའི་བརྟག་དཔྱད་དང་དཔྱད་འཇོག་བྱས་ན་བཟང་། དེས་ཀྱང་ཕྱིས་སུ་ལས་བདག་ལ་གུན་གསབ་སློང་བའི་སྐབས་སུ་ཕན།

ལས་རྨས་ཀྱི་ཚད་རིམ་དང་ངལ་རྩོལ་ནུས་པའི་ཚད་རིམ་སོགས་དཔྱད་འཇོག་བྱས་པའི་རྗེས་སུ། ལས་རྨས་ཕོག་མཁན་གྱིས་འགན་སྲུང་ངམ་ཉེན་གཡོལ་ལས་ཁང་ལ་སྨན་བཅོས་གུན་གསབ་ཡོངས་རྫོགས་སྤྲོད་དགོས་པའི་སྙན་ཞུ་ཞུས་ཆོག་པ་དང་། གལ་ཏེ། ལས་ཁང་དང་ལས་ཀའི་གན་རྒྱ་མཚམས་བཞག་པ་ཡིན་ན། སྐབས་འདིར་ལས་རྨས་ཕོག་མཁན་གྱིས་ལས་བདག་དང་ལས་ཁང་ལ་རྨས་པའམ་དབང་པོ་སྐྱོན་ཅན་དུ་བཏང་བའི་གུན་གསབ་སྙན་ཞུ་ཕུལ་ནས་རྨས་སྐྱོན་གུན་གསབ་ཡོངས་རྫོགས་དུས་གཅིག་ཏུ་བླངས་ན་ཆོག

ལས་རྨས་གུན་གསབ་ཀྱི་ནང་དུ་སྨན་བཅོས་ཀྱི་རིན་པ་དང་། སྨན་ཁང་དུ་བསྡད་རིང་གི་ཟས་རིན་དང་ནད་གཡོག་གི་འགྲོ་སོང་། ལས་ཀའི་གླ་ཆ་དང་འགྲིམ་འགྲུལ་འགྲོ་སོང་། རྨས་པའམ་དབང་པོ་སྐྱོན་ཅན་དུ་བཏང་བའི་གུན་གསབ་བཅས་འཐུས་ཚང་དང་སྨན་བཅོས་རོགས་དངུལ་སོགས་དུས་གཅིག་ཏུ་ལས་རྨས་ཕོག་མཁན་ལ་སྤྲོད་དགོས་ཤིང་། གོང་འཁོད་ཀྱི་གུན་གསབ་དེ་དག་གི་ཚད་གཞི་འཛིན་ས་དེ་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་ཚད་གཞི་ཡིན་དགོས་པ་ལས། ས་གནས་ཞིང་ཆེན་ནམ་གྲོང་ཁྱེར་རིམ་པའི་ཚད་གཞི་དེ་ཚད་མར་འཛིན་མི་དགོས།

གལ་ཏེ། ལས་རྨས་ཚད་རིམ་གྱི་གཏན་དབབ་དང་དཔྱད་འཇོག གུན་གསབ་ཀྱི་གྲངས་ཀ་བཅས་ལ་ལས་རྨས་ཕོག་མཁན་ཡིད་འཐད་མེད་ན། དུས་ལྟར་ངལ་རྩོལ་ལས་ཁང་གི་འདུམ་གཅོད་ལས་ཁང་སོགས་ལ་འདུམ་གཅོད་སྙན་ཞུ་ཕུལ་དགོས་ཤིང་། འདུམ་གཅོད་ཀྱི་འབྲས་བུར་ཡིད་འཐད་མེད་ཚེ། ད་གཟོད་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག ཁྲིམས་ཁང་ཐོག་མའམ་དང་པོའི་ཐག་བཅད་ལ་མོས་མཐུན་མེད་ན་ཁྲིམས་ཁང་དེའི་གོང་རིམ་ཁྲིམས་ཁང་ལ་གོང་གཏུག་བྱས་ན་ཆོག

མདོར་ན། ལས་རྨས་ཕོག་པའི་རྗེས་སུ་རང་ངམ་ལས་ཁང་གི་དཔལ་འབྱོར་གྱོང་གུད་ལ་འཛེམ་པའམ་མི་ཁ་ལ་འཛེམ་ནས་གསང་བ་མི་བྱེད་པར། ཐོག་མར་བློ་བདེ་པོའི་སྒོ་ནས་སྨན་བཅོས་དང་བརྟག་དཔྱད་བྱེད་དགོས། ལས་བདག་གམ་ལས་ཁང་གིས་རང་གི་ངལ་རྩོལ་པར་ཉེན་གཡོལ་དང་འགན་སྲུང་གི་ཞབས་ཞུ་ཉོ་དགོས་པ་ཡང་ལས་རྨས་ཕོག་མཁན་ལ་རམ་འདེགས་བྱེད་པའི་ཆེད་དུ་བཙུགས་པའི་ལམ་ལུགས་ཤིག་ཡིན་པས། ལས་རྨས་པའི་སྨན་བཅོས་ཀྱི་འགྲོ་སོང་ཕལ་ཆེ་བ་ཁོང་ཚོས་སྤྲོད་ངེས། དེ་ནས་ལས་རྨས་ཕོག་མཁན་གྱིས་ཁྲིམས་ཀྱིས་བཅས་པའི་དུས་ཚོད་ལྟར་ལས་རྨས་དང་འབྲེལ་ཐོགས་ཀྱི་སྙན་ཞུ་ཕུལ་བའམ་ཞུ་གཏུག་སོགས་བྱེད་དགོས་པ་དང། ཞུ་གཏུག་འདི་རིགས་དུས་ལས་འདའ་ན་ཕྱིས་སུ་ལས་སླ་བའི་ལས་དོན་མང་པོ་ཞིག་ལས་དཀའ་བའམ་འགྲུབ་མི་ཐུབ་པར་འགྱུར་བས་སྒྱིད་ལུག་དང་ངང་རིང་བྱེད་མི་རུང་། གལ་ཏེ། ལས་རྨས་ཕོག་མཁན་གྱི་གནས་ཚུལ་ལམ་རྨས་སྐྱོན་ཚབས་ཆེ་ན་གྲོགས་དང་གཉེན་ཉེ། ཁྲིམས་རྩོད་པ་བཅས་ལ་གྲོགས་དན་བཅོལ་ཏེ་ཁོང་ཚོར་ལས་རྨས་སྐོར་གྱི་ཞུ་གཏུག་འདི་རིགས་གཏད་ན་ཆོག