མུ་རི་རྩྭ་ཐང་ནས་རྡོ་སོལ་གྱི་གཏེར་ཁ་མ་བསྔོགས་པའི་སྔོན་ལ། འབྲོག་པ་རྣམས་ལ་མཛེས་སྡུག་གི་སྤང་ལྗོངས་དང་། དྭངས་གཙང་གི་ཆུ་བོ་དང་མཁའ་དབུགས་བཅས་ཡོད ། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་སྣོད་བཅུད་འཆམ་མཐུན་གྱི་སྒོ་ནས་མཉམ་དུ་གནས་བསྡད་པའི་ས་ཆ་འདི་ནི་རྩྭ་ཆུ་འཛོམས་ཤིང་ཕྱུགས་ཀྱི་འཕེལ་ཁ་ལེགས་པའི་ས་ཆ་ཞིག་ཡིན། འབྲོག་པ་རྣམས་ཀྱིས་སྐབས་འགར་འདི་ལ་རུ་བཀལ་ནས་ཡོང་བ་དང་། ནམ་རྒྱུན་རྟ་རྒྱུགས་ལ་སོགས་པའི་འདུ་ཚོགས་ཀྱང་ཡོད།

ད་སྐབས་ཀྱི་མུ་རི་ནི་རྡོ་སོལ་གྱི་གཏེར་ཁ་བརྐོ་བསྔོག་བྱས་་པའི་ཐལ་རྡུལ་གྱིས་རྩྭ་དང་རྩི་ཤིང་རིགས་ནག་པོར་བཏང་། རྟ་ནོར་ལུག་གསུམ་ཡང་ནག་པོར་བཏང་། རླུང་གཡུག་དུས་མིག་གིས་མདུན་མི་མཐོང་ཞིང་། ས་རྡུལ་ནག་པོ་ཞིག་མི་ཡི་ཁ་སྣ་དང་གྱོན་གོས་སོགས་སུ་འཚང་ཡོང་བ་ཞིག་ཆགས་ཡོད། མཛེས་སྡུག་ལྡན་པའི་བོང་སྟག་མུ་རི་རྩྭ་ཐང་དེ་ཇི་ལྟར་གཏོར་བརླག་བྱུང་བ་རེད་དམ །

བོང་སྟག་མུ་རི་ནས་རྡོ་སོལ་གྱི་གཏེར་ཁ་བརྐོ་བསྔོག་བྱས་པ་དེར་ལོ་རྒྱུས་རིང་བོ་ཡོད། སྤྱི་ལོ་ ༡༩༥༧ ་ཡས་མས་སུ་སྲིད་གཞུང་གིས་ས་དེ་ནས་རྡོ་སོལ་བརྐོ་བའི་མགོ་བརྩམས། ༡༩༨༠ ་གྱ་གྲངས་ནང་ལ་སྲིད་གཞུང་གི་ཁེ་གཉེར་གྱིས་ཚོང་ལམ་མ་བྲིན་པ་དེ་ཁོར་ཡུག་ལ་གནོད་པ་འདུག་ཟེར་བར་ཁག་བཞག་སྟེ་གཏེར་ཁ་སྔོག་འདོན་གྱི་ལས་སྒོ་བརྒྱབ་མོད། ཕྱིས་སུ་སྲིད་གཞུང་གིས་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་དང་འབྲེལ་ནས་རྡོ་སོལ་གྱི་ཁེ་སྤོགས་དེ་བློས་གཏོང་བྱེད་ མ་ནུས་པར་ ཡང་བསྐྱར་གཏེར་ཀ་བརྐོ་བསྔོག་གི་སྒོ་ཕྱེས། སྤྱི་ལོ་ ༢༠༠༡ ་ནས་ ༢༠༠༣ ་ཡི་བར་དུ།  མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་མུ་རི་ནས་རྡོ་སོལ་གྱི་གཏེར་ཁ་བརྐོ་བསྔོག་གི་ཐོབ་ཐང་དེ་ཞང་ཀང་གི་ཧྭ་ལེ་ཟེར་བའི་ཁེ་གཉེར་ཚོང་ལས་ཁང་ཞིག་ལ་བཙོང་ཡོད་ཀྱང་། ཕྱིས་སུ་རིམ་པས་ཁེ་གཉེར་ཚོང་ལས་ཁང་དེ་ནི་རྫུན་བཟོ་བྱས་པའི་ཁེ་གཉེར་ཞིག་ཡིན་པ་ར་འཕྲོད་བྱུང་། ཧྭ་ལེ་ཡིས་བཙུགས་པའི་གཏེར་བརྐོ་ཚོང་ལས་ཀྱིས་ཁྲིམས་འགལ་གྱིས་གཏེར་བརྐོ་ཐོབ་ཐང་དེ་མཚོ་སྔོན་གྱི་ཞུན་ཆིན་ཚོང་ཚོགས་དང་ཧྲན་ཞི་ཡི་ཅིན་ཐུ་ཏེ་ཚོང་ཚོགས་ལ་དུས་གཅིག་ཏུ་བཙོང་སྟབས། ཚོང་ཚོགས་དེ་གཉིས་ཀྱི་བར་ལ་གཏེར་བརྐོའི་ཐོབ་ཐང་གི་རྩོད་གཞི་བྱུང་།

ཞུན་ཆིན་ཚོང་ཚོགས་(ཀུང་ཟི)ཀྱིས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ ༢༠༠༥ ་ལོའི་ཡིག་ཆ་ཨང་ ༢༩༦ ་པ་ ལ་བརྟེན་ནས་ཅིན་ཐུ་ཏེ་ཚོང་ཚོགས་ཕམ་པར་བྱས་ཏེ་མུ་རིའི་རྡོ་སོལ་གཏེར་ཁ་བསྔོག་ཆོག་པའི་ཐོབ་ཐང་ཐོབ། མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཀྱང་ཡིག་ཆ་འདི་ལ་བརྟེན་ནས་ཞུན་ཆིན་ཚོང་ཚོགས་ཀྱིས་མི་རུ་ནས་རྡོ་སོལ་གཏེར་ཁ་བསྔོག་ཆོག་པའི་བཅད་ཁྲ་ཕབ། འོན་ཀྱང་། ལོ་བཅུ་ཡི་རྗེས་སུ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཡིག་ཆ་ཨང་ ༢༩༦ ་པ་དེ་ལ་གནད་དོན་འདུག་ཅེས་བརྩད་གཅོད་བཏང་བས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ་པ་ཕྱིར་འཐེན་བྱས། ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ད་རག་བར་དུ་ཡོངས་བསྒྲགས་བྱས་མེད། ན་ནིང་གི་ཟླ་དགུ་པའི་ནང་དུ་ཡིག་ཆ་ཨང་ ༢༩༦ ་པ་གཏན་འཁེལ་བྱེད་སྐབས་ཀྱི་ལས་ཁུངས་དེའི་འགན་འཛིན་ཝང་ཞུ་ཧེ་སྲིད་གཞུང་གིས་ལས་གནས་ནས་གནས་དབྱུངས་བཏང་ཞིང་། ད་ལོའི་ཟླ་ ༡༠ ་པའི་ཚེས་ ༢༦ ་ཉིན་ཟི་ལིང་མི་དམངས་ཞིབ་དཔྱོད་ཁང་གིས་ཁོང་ལ་ལྐོག་ཟ་དང་ལྐོག་རྔན་བླངས་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས།༢༠༡༤ ་ལོའི་ཟླ་ ༦ ་པ་ཕན་ཆད་དུ། ཞུན་ཆིན་ཚོང་ཚོགས་ཀྱིས་མུ་རིའི་རྡོ་སོལ་གཏེར་ཁ་ནས་རྡོ་སོལ་སྤུས་ལེགས་ཏུན་བྱེ་བ་གཅིག་བསྔོག་འདོན་དབོར་འདྲེན་བྱས་ཤིང་། རྒྱ་སྒོར་ཐེར་འབུམ་ཆེན་པོ་གཅིག་ལྷག་གི་ཁེ་སྤོགས་བླངས། རྒྱལ་སྤྱིའི་ཁོར་ཡུག་ཚོགས་པ་ལྗང་མདོག་གི་ཞི་བདེ་ཞེས་པ་དེས་བཤད་པ་ལྟར་ན། གཏེར་བསྔོག་མཁན་མང་པོས་ས་ཁུང་བརྐོས་ནས་རྡོ་སོལ་བསྔོགས་འདོན་བྱས་རྗེས། བསྔོག་ཤུལ་དེ་དག་ལེགས་བཅོས་མི་བྱེད་པར་བསྐྱུར་བ་དང་། ཁོང་ཅག་གིས་ད་དུང་ཁྲིམས་འགལ་གྱི་སྒོ་ནས་སྲིད་གཞུང་གི་ཡིག་ཆ་སྣ་ཚོགས་ལེན་གྱི་ཡོད་ཟེར། མུ་རིའི་ཉེ་འདབས་ཀྱི་འབྲོག་པ་ཞིག་གིས་བཤད་པ་ལྟར་ན། ༢༠༠༩ ་ལོའི་ཡར་སྔོན་ལ། ཁོང་གིས་ནོར་གནག་མ་ཟད་ལུག་ཀྱང་གསོས་ཡོད། འོན་ཀྱང་། གཏེར་ཁ་བསྔོགས་འདོན་གྱི་གཞི་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁོར་ཡུག་འབག་བཙོག་ཀྱང་ཆེ་རུ་ཕྱིན། ལུག་གིས་དགུན་ཁར་རྩྭ་ཟོས་པའི་རྗེས་སུ་གློ་ལུད་བྱས་ཏེ་བར་མཚམས་མི་འཇོག་པ་དང་། ཚབས་ཆེ་ན་ཟླ་ཁ་ཤས་ཀྱི་ནང་དུ་ཤི་འགྲོ ནོར་གནག་ཀྱང་ཇེ་སྐམ་ནས་ཇེ་སྐེམ་རེད་ཟེར།

༢༠༡༣ ་ལོ་ཕན་ཆད་ལ། མུ་རིའི་རྡོ་སོལ་གཏེར་ཁ་བསྔོག་པའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ ༤༢ ་ལྷག་ཡིན་པ་དང་། དེའི་ཆེ་ཆུང་ནི་ ༢༠༠༠ ་ལོའི་སྐབས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཆེ་ཆུང་དང་གཅིག་མཚུངས་ཡིན། དེས་མཚོ་སྔོན་ཞིང་ཆེན་གྱི་སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་སྤྱིའི་བརྒྱ་ཆ་ལྔ་ཟིན་པ་དང་། མུ་རི་ནས་གཞི་རྒྱ་ཆེ་བའི་རྡོ་སོལ་བསྔོག་འདོན་བྱས་པ་ལ་བརྟེན་ནས་ས་གནས་དེ་གའི་རྩྭ་ཤུན་དང་བརླན་ས་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་མི་ཚད། འཇུ་ལག་ཆུ་བོ་དང་བུ་ཧྭ་ཆུ་བོ། ཏ་ཐོང་ཆུ་བོ་བཅས་ཀྱི་སྐྱེས་ཁམས་ཁོར་ཡུག་ལའང་འགྱུར་བ་གློ་བུར་བ་བཟོས་པས་རྨ་ཆུའི་མགོ་ཁུངས་ཀྱང་འབག་བཙོག་བྱས། སྟོབས་འབྱོར་ཅན་གྱི་ཁེ་ལས་གཉིས་ཀྱིས་ཕན་ཚུན་གཏུག་བཤེར་བྱས་པའི་ཉེར་ལེན་གྱིས་སྲིད་གཞུང་གིས་ཡིག་ཆ་རྫུན་བཟོ་བྱས་པའི་རྫུན་རྐུབ་བརྟོལ་ཐུབ་པ་བྱུང་བ་རེད་མ་གཏོགས། མང་ཚོགས་ཕལ་བ་ཞིག་གིས་སྲིད་གཞུང་གིས་ཡིག་ཆ་རྫུན་བཟོ་བྱས་པའི་གནད་དོན་འདི་རིགས་ཐེར་འདོན་བྱེད་དཀའ། དེས་ན། དོན་རྐྱེན་འདི་ལས་ང་ཚོས་ལེན་དགོས་པའི་ཉམས་མྱོང་དང་བསླབ་བྱ་ནི།

དང་པོ། འབྲོག་པའི་རྩྭ་ས་ནས་གཏེར་ཁ་བསྔོག་དགོས་ན། ངེས་པར་དུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྩྭ་ས་གཞུང་བསྡུ་དང་འབྲེལ་ཡོད་ཀྱི་ཆོག་མཆན་ཡོད་མེད་ཤེས་དགོས། མུ་རིའི་རྡོ་སོལགཏེར་ཁ་བསྔོགས་འདོན་ལ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཆོག་མཆན་ཅི་ཡང་སྟོན་རྒྱུ་མེད། དེ་ནས་གལ་ཏེ་སྲིད་གཞུང་གི་ཡིག་ཆ་ཞིག་ཡོད་པའི་དབང་དུ་བཏང་ཡང་མང་ཚོགས་ཀྱིས་ཡིག་ཆ་དེ་བདེན་པ་ཡིན་མིན་དང་འཐུས་ཚང་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས།མང་ཚོགས་ཀྱིས་སྲིད་གཞུང་གི་ཡིག་ཆ་ཞིག་བདེན་པ་ཡིན་མིན་ཤེས་བསམ་ན། སྲིད་གཞུང་ལ་ཆ་འཕྲིན་སྤྱི་བསྒྲགས་ཞུ་བ་(政府信息公开)དང་སྲིད་འཛིན་གཏུག་བཤེར་སོགས་བྱས་ན་སྲིད་གཞུང་གི་ཡིག་ཆ་དེ་དག་བདེན་པ་ཡིན་མིན་དང་འཐུས་ཚང་ཡིན་མིན་གྱི་བརྡར་ཤ་གཅོད་ཐུབ། མུ་རིའི་རྡོ་སོལ་གཏེར་ཁའི་གནད་དོན་འདིའི་ཐད་ལ་ས་གནས་མང་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་རྩྭ་སའི་ངོ་བོ་བསྒྱུར་ཏེ་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱས་པའི་གནད་དོན་དེ་ལ་སྐབས་དེའི་སྲིད་གཞུང་གི་འགོ་ཁྲིད་དང་འགན་འཛིན་རྣམས་ཀྱིས་འགན་ཁུར་བྱེད་དགོས་པརབདའ་འདེད་བྱེད་དུ་འཇུག་དགོས།

གཉིས་པ། ས་གནས་དེ་གའི་མང་ཚོགས་ཀྱིས་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་ཚན་རིག་པ་ལ་རོགས་རམ་བྱེད་པའི་རེ་བ་ཞུས་ཏེ། རྡོ་སོལ་བསྔོགས་ནས་རྩྭ་ཐང་དང་ཆུ་བོའི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་བརླགས་ཐེབས་པའི་ཚད་གྲངས་དང་ མི་ཕྱུགས་ལ་གྱོང་གུད་ཐེབས་པའི་ཚད་གྲངས་བླངས་ནས། ཞུན་ཆིན་ཚོང་ཚོགས་སོགས་ཀྱིས་གུན་གསབ་འཇལ་དགོས་པའི་ཞུ་སྦྱོར་བྱེད་པ།

གསུམ་པ། ས་གནས་མང་ཚོགས་གཏེར་བསྔོགས་ཀྱི་རྣམ་གྲངས་ནང་དུ་མཉམ་ཞུགས་བྱེད་རྒྱུ་གལ་ཆེ།

འབྱུང་འགྱུར་གྱི་སྐབས་སུ་ཁོར་ཡུག་དང་འབྲེལ་བའི་གཏེར་བརྐོའི་རྣམ་གྲངས་ལ་ས་གནས་མང་ཚོགས་མཉམ་ཞུགས་བྱེད་པའི་ཐོབ་ཐང་ཡོད་པ་ཤེས་པར་བྱས་ཏེ། རྣམ་གྲངས་ཀྱི་བརྒྱུད་རིམ་ཁྲོད་དུ་ཚོང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཁས་བླངས་པ་བཞིན་དུ་ལས་དོན་བསྒྲུབ་ཏུ་འཇུག་པ་ལ་ལྟ་རྟོག་བྱེད་དགོས། ཁོར་ཡུག་དང་ཉེ་འཁོར་གྱི་མི་ཟོག་གི་བདེ་ཐང་ལ་གཏེར་སྔོག་འབག་བཙོག་གིས་གནོད་པ་བཟོས་པའི་གནས་ཚུལ་མཐོང་ན། གཏེར་བསྔོག་རྣམ་གྲངས་མཚམས་འཇོག་ཏུ་འཇུག་པར་འབད་པ་བྱེད་དགོས། དེ་མིན་ས་གནས་མང་ཚོགས་རྣམས་གཏེར་བསྔོག་ཚོང་ཚོགས་ཀྱི་ཁེ་སྤོགས་བགོ་བཤའ་ཡི་ནང་དུ་ཞུགས་ཏེ་རྩྭ་ས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁེ་སྤོགས་ལས་ཆེད་དངུལ་ལོགས་སུ་ལེན་ཐུབ་པ་བྱེད་དགོས་པ་མ་ཟད། གཏེར་བསྔོག་ནས་ལོ་ ༢༠ ་འགོར་རྗེས་གཏེར་ས་ཚུར་བླངས་ན་ཆོག་པ་བཅས་ངེས་པར་ཤེས་དགོས་ཤིང་སྒྲུབ་དགོས་པ་ཞིག་ཡིན།